མཚོ་མ་ཕམ།
(བོད་ལྗོངས་མངའ་རིས་ས་ཁུལ་པུ་ཧྲེངས་རྫོང་གི་ས་ཁོངས།)སངས་རྒྱས་ཆོས་ལུགས་ཀྱི་གཞུང་《མངོན་པ་མཛོད་》ལས། རྒྱ་གར་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་རི་ནག་པོ་དགུ་འདས་པ་ན་གངས་རི་ཏི་སེ་དང་། དེ་ནས་ཤར་ཕྱོགས་སུ་སྤོས་ངད་ལྡང་གི་རི་བོ་ཡོད་ཅིང་། དེ་གཉིས་ཀྱི་བར་ན་དཔག་ཚད་ལྔ་བཅུ་ཡོད་པའི་མཚོ་མ་དྲོས་པ་སྟེ་ཡོངས་གྲགས་སུ་མཚོ་མ་ཕམ་ཞེས་འབོད་པ་དེ་ཡོད་པར་བཤད་ལ། དེ་ཡང་སྔོན་བསྐལ་བ་ཆགས་པའི་དུས་སུ་མཚོ་འདི་ཉིད་མེད་པར་རྗེས་སུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྨྱུག་སྦམ་ཞེས་བྱ་བ་ས་བཅུའི་བྱང་ཆུབ་སེམས་པ་ཞིག་བྱུང་ཞིང་། རྒྱལ་པོ་དེ་དུས་ནམ་ཞིག་སྐྱེད་མོས་ཚལ་དུ་བྱོན་པའི་ལམ་ཁར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་པས་ཐུགས་སྐྱོ་སྟེ། མདུན་ན་འདོན་བྲམ་ཟེ་དུས་སྤོག་ཅེས་བྱ་བ་ལ་བཀའ་བསྩལ་པ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི་དག་བདག་ཅག་སྐྱེ་བོ་ཀུན་གྱི་ཐུན་མོང་གི་ཆོས་ཡིན་ནམ། འོན་ཏེ་འདི་ཉིད་ཁོ་ནའི་ཡིན། བྲམ་ཟེས་སྨྲས་པ། ལྷ། འདི་ནི་བདག་ཅག་ཀུན་དང་ཐུན་མོང་ལགས་ཞུས་པས། རྒྱལ་པོས་སྨྲས་པ། འདི་ལ་ཕན་པའི་ཐབས་མཆིས་སམ། བྲམ་ཟེས་སྨྲས་པ། འདི་ལ་ཕན་ཐབས་མཆིས་ཏེ་གཏན་པ་མེད་པའི་སྦྱིན་པ་གཏོང་རིགས་སོ་ཞེས་གསོལ་བས། རྒྱལ་པོས་ཀྱང་སྦྱིན་གཏོང་གི་ཁང་པ་བརྩིགས་ཤིང་། འཛམ་བུའི་གླིང་གི་མི་ཐམས་ཅད་བསྡུས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཟས་དང་གོས་ནོར་ལ་སོགས་པ་ཅི་འདོད་པའི་གཏན་པ་མེད་པའི་སྦྱིན་པ་རྒྱ་ཆེན་པོ་མཛད་པའི་ཚེ་ས་ལ་དོང་ཆེན་པོ་བྲུས་ནས་དེར་འབྲས་བཙོས་པའི་ཁུ་བ་རྣམས་འཕོ་བ་ལས་ལོ་བཅུ་གཉིས་ལོན་པ་ན་དོང་གང་ནས་མཚོ་ཆེན་པོར་གྱུར་ཅིང་། དེ་ཡང་དང་པོ་འབྲ་ཁུ་དྲོན་མོ་བླུགས་ཀྱང་མཐར་ཤིན་ཏུ་བསིལ་བར་གྱུར་པ་ལ་བརྟེན་ནས་མཚོ་དེའི་མིང་ལ་མ་དྲོས་པ་ཞེས་ཐོགས་པ་དང་། འབྲས་ཁུའི་མཚོ་ལུད་ནས་འབབ་ཆུ་བྱུང་ལ་འབྲས་ཁུའི་འབབ་ཆུའམ་གངྒ་ཞེས་བྱུང་བའི་ཚུལ་འདུལ་བ་ལུང་བཞི་ལས་གསུངས་ལ། ཡང་མཚོ་འདི་ཉིད་ལ་མ་ཕམ་ཞེས་འབོད་པ་ནི་མཚོ་འདི་ཉིད་ཀྱི་ཆུ་ཡན་ལག་བརྒྱད་ལྡན་ཁོ་ན་ཡིན་ཞིང་ཡོན་ཏན་གྱིས་མ་ཕམ་གྱིས་མ་ཕམ་པ་པས་ན་མ་ཕམ་ཞེས་འབོད་པར་གསུངས་སོ། །བོན་གྱི་ལོ་རྒྱུས་སུ་སྔར་བོད་ཀྱི་བཙན་པོས་ཞང་ཞུང་མངའ་འོག་ཏུ་མ་བསྡུས་གོང་གི་ཞང་ཞུང་དང་བོད་ཀྱི་ས་མཚམས་ནི་མཚོ་ཕམ་ཡིན་པར་བཤད། གཡུ་མཚོ་ཞེས་འབོད་པ་ནི་མཚོའི་མདོག་ལ་བརྟེན་ནས་བཏགས་པ་ཡིན། མ་ཕམ་གཡུ་མཚོ་ནི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲི་༤༦༠༠སར་གནས་ཡོད་ཅིང་། རྒྱ་ཁྱོན་སྤྱི་ཁྲི་གྲུ་བཞི་མ་༣༢༠དང་གཏིང་ཚད་རིང་ཤོས་སུ་སྤྱི་ཁྲི་༩༢ཡོད་ལ་དར་ཆགས་པའི་དུས་ཚོད་ཟླ་༡༡པའི་ཚེས་༡༠.༡༥.༢༥བཅས་ཀྱི་ཉིན་མཚན་གང་རུང་དང་། མཚོ་ཞལ་ཕྱེ་བའི་དུས་ཚོད་ནི་ཟླ་༢པའི་ཚེས་༢༥.༣༠འམ་ཡང་ན་ཟླ་གསུམ་པའི་ཚེས་༡༠.༡༥གང་རིགས་ཡིན། དེང་སང་མཚོའི་ཤར་ངོས་སེ་བ་ལུང་དགོན་པ(འབྲི)དང་། ཤར་ལྷོའི་མཉེས་འགོ་དགོན་པ(ས་སྐྱ)ལྷོར་ཁྲུས་སྒོ་དགོན་པ་བཅས་ཡོད། གཞན་ཡང་《མངོན་པ་མཛོད་》ལས་དེ་ལས་འབབ་པའི་ཆུ་བོ་བཞི། གངྒཱ་དང་ནི་སིན་དྷུ་དང་། སི་ཏ་དང་ནི་པཀྵུའོ། ཞེས་གསུངས་པ་ལྟར་དེའི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ་པར་གྲགས་ལ། མཚོ་འདིའི་འགྲམ་གཡས་རོལ་ན་འཛམ་བུ་ཏྲི་ཥའི་སྡོང་པོ་ཡོད་པར་གྲགས་པ་སོགས་ངོ་མཚར་ཤིན་ཏུ་ཆེ།
|