|
|
|
|
|
|
པར་རིས་གསལ་བཤད། |
གཡུ་ཐོག་ཡོན་ཏན་མགོན་པོའི་མཛད་རྣམ་མདོར་བསྡུས།
གཤམ་གྱི་འཁྲུངས་ཡུལ་ད་ལྟའི་གནས་གང་ཡིན་པ་དང་། འཁྲུངས་འདས་ཀྱི་ལོ་ཟླ་ཚེས་སོགས་གསལ་བོ་ཤེས་མཁན་ཡོད་ན་གཤམ་དུ་བཀོད་པའམ་རྩོམ་སྒྲིག་པ་ཚེ་སྲོག་ལ་འབྲེལ་བ་བྱས་པ་ཡིན་ན་བསྐྱར་བཅོས་བྱེད་ངེས།
མཚན། གཡུ་ཐོག་ཡོན་ཏན་མགོན་པོ།
འཁྲུངས་ཡུལ།
འཁྲུངས། འདས།
ངོ་སྤྲོད།
༄༅།།བླ་མ་ཡིད་དམ་མཁའ་འགྲོ་དང་།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།།དྲང་སྲོང་ལྷ་མོ་བཀའ་སྡོད་བཅས།།མཆོད་འོས་རྣམས་ལ་ཕྱག་འཚལ་ལོ།།རྒྱ་གར་རྒྱ་ནག་ལི་ཡུལ་དང་།། བོད་དང་ཁ་ཆེ་སོག་པོ་དང་།།ཁྲོམ་དང་ཏ་ཟིག་གར་ལོག་དང་།།དོལ་པོ་གྲུ་གུ་ལ་སོགས་པའི་།། སྨན་པ་རྣམས་ལ་ཕྱག་འཚལ་ལོ།།འགྲོ་བའི་ནད་གསོ་སྨན་པའི་མཆོག། གསོ་རིག་བསྟན་ལ་འཇུག་བྱེད་པའི།།ནད་ཀྱི་ཟུག་རྔུ་དྲུང་དབྱུང་བའི།། སྐྱེས་མཆོག་རྣམས་ལ་ཕྱག་འཚལ་ལོ།།
དུང་གི་ཐོར་ཅོག་བློ་གྲོས་ཆེན་པོ་དང་།།བློ་གྲོས་མཚུངས་མེད་བློ་གྲོས་རབ་གསལ་དང་།།བློ་གྲོས་རྒྱལ་མཛོད་བློ་གྲོས་བཤེས་གཉེན་ཏེ།། བོད་ཡུལ་མུན་པའི་གསལ་བྱེད་དྲུག་ལ་འདུད།།འདྲེ་རྗེ་བཛྲ་ཁྱུང་པོ་རྡོ་རྗེ་དང་།།འགྲན་ཟླ་བྲལ་བ་ཡོན་ཏན་མགོན་པོ་དང་།།མཁས་པ་འབུམ་སེང་སྲ་ལུ་གཡུ་ཐོག་རྙིང་།
དེ་ཡང་སྟོད་ལུང་སྐྱིད་སྣ་ཞེས་བྱ་བར་རྒྱ་གར་གྱི་རྒྱལ་པོ་བློ་གྲོས་ཆེན་པོའི་གདུང་བརྒྱུད་དུ་བྱུང་བ་མཁས་པའི་ནང་ནས་མཁས་པར་གྲགས་པ་དེའི་རྣམ་ཐར་འཆད་པར་བྱེད་པ་ལ།རྣམ་ཐར་ཁུངས་བཙུན་པའི་དགོས་པ་བཤད་པ། རྒྱ་གར་ནས་བོད་དུ་བྱོན་ཚུལ།བོད་ནས་རྒྱ་གར་ལ་བྱོན་ཚུལ། བོད་དུ་གསོ་དཔྱད་ཀྱི་བསྟན་པ་སྤེལ་ཚུལ་དང་བཞི།
ངའི་གསུང་གི་སྤྲུལ་པ་འཚོ་བྱེད་གཞོན་ནུ་ཡིན།དེའི་སྤྲུལ་པ་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན། དེའི་རྣམ་ཐར་ཞུ་བ་ཀོང་པོ་བདེ་རྒྱལ་ཡིན་པས།ཁོང་བྱོན་པས་གདན་དྲོངས་ཤིག་གསུངས་བྱུང་བས།རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཀོང་པོ་བདེ་རྒྱལ་ལ་མན་ངག་ནོར་བདུན་མ་འདི་གསུངས་སོ།།
བུ་ཉོན་ཅིག་ཀོང་པོ་བདེ་ལེགས་རྒྱལ།། སྤྱིར་ཡང་རྣམ་ཐར་རྫུན་གྱི་རྐྱལ།།གཡུ་ཐོག་པ་ཡང་རྫུན་པོ་ཆེ།། རྫུན་རྐྱལ་གཏོབ་ན་ངོ་རེ་ཚ།། དེ་བས་ནད་པའི་བྱ་བ་སྒྲུབས།།ཁྱོད་དང་པོ་ནད་ལ་བརྟག་དུས་སུ།། རྩ་ནི་གར་མཁན་གྱི་ལག་པ་འདྲ།།ཁ་མ་ཐོགས་པ་གཅིག་ཀྱང་མེད།། རྩ་གཏིང་ཤེད་ཆེ་བ་ཚ་བ་ཡིན།། གཏིང་ཤེད་མེད་ན་གྲང་བ་ཡིན།།ཆུ་ནི་འཇའ་ཚོན་གྱི་རི་མོ་འདྲ།། མིག་གིས་མཐོང་ཡང་བརྟག་ཐབས་དཀའ།། ཀུ་ཡ་མཐུག་ན་ཚ་བ་ཡིན།།ཀུ་ཡ་སྲབ་ན་གྲང་བ་ཡིན།། བུ་ནད་ཀྱི་གདམས་པ་འདི་ལོང་ལ།།རྫུན་གྱི་རྐྱལ་པ་མ་གཏིབ་མཛོད།།
ངའི་རིགས་ནི་འོད་གསལ་ལྷ་ལས་བབས་པ་ལ་ཇོ་བོ་བ་ནུ་མ་དང་།ར་ནུ་མ་གཉིས་བྱུང་བ་ལས་བ་ནུ་མའོ།། རུས་པ་ནི་སངས་རྒྱས་དང་གདུང་གཅིག ཆོ་འབྲང་ནི་མ་ལ་འཇུག་པས་ཆང་འཚོང་མའི་བུ་མོ་སྐྱེས་པའི་ཡིད་འཕྲོག་མའོ།།
ཡིད་འོང་ཡིད་མཛེས་ཡིད་འཕྲོག་མ།། ཤེས་རབ་ཆེ་ཞིང་བློ་གྲོས་ཆེ།།གཞོན་ཤ་ལྡན་ཞིང་མེ་དྲོད་ལྡན།། པད་ཞལ་དམ་ཞིང་འགྲོ་བདེ་མྱུར།།དགའ་བདེ་འཕེལ་ཞིང་དགའ་བྱེད་གྲོགས།། བདག་དོན་རེ་བ་ཁྱོད་ཀྱིས་སྐོངས།།
འགྲོ་བ་སེམས་ཅན་གཅིག་གི་ཕྱིར་དུ་དགེ་བའི་ལས་བསགས་ན་ངན་སོང་མེད།ཁྱད་པར་འགྲོ་བ་ནད་པའི་དོན་དུ་གོམ་པ་གཅིག་དོར་ན་ངན་སོང་མེདཅིང་།སྐྱེ་བ་གཅིག་ཐོགས་ཀྱི་སངས་རྒྱས་ཡིན།
བདུད་རྩི་ལྷ་མོ་གྲུབ་པའི་ལྷ་མོ་དང་།།གཟི་བརྗིད་འོད་ལྗང་སྨུག་སེལ་དོང་ཁ་མ།།མདངས་ལྡན་མ་དང་ལྷ་མོ་རིགས་བྱེད་མ།།བདག་ཅག་མཆེད་བརྒྱད་སྨན་གྱི་རིག་འཛིན་ལྷ།།
རྒྱ་ནག་རི་བོ་རྩེ་ལྔ་ལག་སོར་བསླངས་བ་དང་འདྲ་སྟེ།གཡས་ཀྱི་རྩེ་གཅིག་ན་སྤྱན་རས་གཟིགས་བཞུགས།། གཅིག་ན་རྗེ་བཙུན་མ་སྒྲོལ་མ་བཞུགས།གཡོན་གྱི་རྩེ་གཅིག་ན་དམ་པ་རྒྱ་གར་བཞུགས།གཅིག་ན་དྲང་སྲོང་ཆུ་ཤིང་འཁར་བ་འཛིན་པ་བཞུགས། རྩེ་དབུས་མ་ན་འཕགས་པ་འཇམ་དཔལ་བཞུགས།
སྨན་པ་དུང་གི་ཐོར་ཅོག་གིས་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་ཚེའི་སྨད་ཀྱི་བླ་སྨན་གནང་བ་དང་ཐོ་ཐོ་རིའི་སྲས་ཁྲི་གཉན་བཟུང་བཙན་གྱི་སྐུ་ཚེ་སྟོད་ཀྱི་བླ་སྨན་མཛད།དེ་ནས་བཟུང་སྨན་པ་དུང་གི་ཐོར་ཅོག་གི་སྲས་བློ་གྲོས་ཆེན་པོས་བོད་རྒྱལ་ཉེར་དགུ་པ་ཁྲི་གཉན་བཟུང་བཙན་གྱི་སྐུ་ཚེ་སྨད་གྱི་བླ་སྨན་མཛད་པ་དང་།དེའི་སྲས་བློ་གྲོས་མཚུངས་མེད་ཀྱིས་བོད་རྒྱལ་སུམ་ཅུ་བ་འབྲོང་གཉན་ལྡེའུའི་བླ་སྨན་མཛད།དེའི་སྲས་བློ་གྲོས་རབ་གསལ་གྱིས་བོད་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་བླ་སྨན་མཛད།དེའི་སྲས་བློ་གྲོས་རྒྱལ་མཛོད་ཀྱིས་བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་གྱི་བླ་སྨན་མཛད།དེའི་སྲས་བློ་གྲོས་བཤེས་གཉེན་གྱིས་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་བླ་སྨན་མཛད།དེས་སྲས་འདྲེ་རྗེ་རྒྱ་གར་བཛྲས་རྒྱལ་བོ་གུང་སྲོང་གུང་བཙན་སོགས་ཀྱི་བླ་སྨན་མཛད་ཅིང་།མང་སྲོང་མང་བཙན་གྱི་བླ་སྨན་ཡང་འདིས་མཛད་དོ།དེས་སྲས་ཁྱུང་བོ་རྡོ་རྗེས་འདུས་སྲོང་མང་པོ་རྗེའི་བླ་སྨན་མཛད།དེས་སྲས་གཡུ་ཐོག་ཡོན་ཏན་མགོན་པོ་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་བཞུགས་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་དེའི་ཡབ་མེས་ཨག་ཚོམ་གཉིས་ཀའི་བླ་སྨན་མཛད།དེས་སྲས་འབུམ་སེང་། དཔལ་འབུམ།དགའ་དགའ་གསུམ་གྱིས་མངའ་བདག་མུ་ཏིག་བཙན་པོ།མུ་ནེ་བཙན་པོ།མུ་ཁྲི་བཙན་པོ་མཆེད་གསུམ་གྱི་བླ་སྨན་མཛད།
རྒྱ་གར་ཡུལ་དུ་འཚོ་བྱེད་གཞོན་ནུར་གྲགས།། ཤམྦྷ་ལ་རུ་པད་འཛིན་མེ་འོད་ཅན།།བོད་ཡུལ་དབུས་སུ་གཡུ་ཐོག་ཡོན་ཏན་མགོན།།
བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད།གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམ་བྱུག་གསུམ་གྱི་རྒྱུད།
གཡུ་མགོན་གྱིས་གསུངས་པ།མཁས་པ་དེ་རྣམས་རིམ་ཅན་དུ་འབྱོན་ཏེ།བི་བྱི་ལེགས་མགོན། འུག་པ་ཆོས་བཟང་།ཆེར་རྗེ་ཞིག་པོ།མི་ཉག་རོང་རྗེ།གཡུ་ཐོག་མགོན་པོ། བྲང་ཏི་རྒྱལ་བཟང་། གཉའ་པ་ཆོས་བཟང་།སྟོད་སྨན་གྲགས་རྒྱལ། མཐའ་བཞི་དར་པོ་རྣམས་འབྱོན།དེ་རྣམས་ཀྱིས་བོད་ཡུལ་དུ་བོད་ཡུལ་དུ་གསོ་དཔྱད་སྤྱི་དང་།ཁྱད་པར་དཔལ་ལྡན་རྒྱུད་བཞི་དར་བར་བྱེད་གསུངས་པས།སྔར་གྱི་གསོ་དཔྱད་འབྱུང་ཁུངས་ཀྱི་ལོ་རྒྱུས་དང་།གསོ་དཔྱད་ཀྱི་དཔེ་རྣམས་ཇོ་བོ་བ་ནུ་མ་ལ་གནང་ངོ་།།དེས་བྲམ་ཟེ་ཤེས་རབ་རལ་གྲི་ལ་གནང་།དེས་རྒྱལ་པོ་དགའ་བའི་བློ་གྲོས།དེས་རྒྱལ་པོ་པདྨའི་དཔལ།དེས་རྒྱལ་པོ་དཔལ་ལྡན་ཕུན་ཚོགས་ལ།དེས་རྒྱལ་པོ་སྡོང་འདུམ་སྐྱེས།དེས་རྒྱལ་པོ་རྔ་ཆེན་པོ་ལ།དེས་སྨན་པ་བི་བྱི་དགའ་བྱེད།དེས་སྨན་པ་དུང་གི་ཐོར་ཅོག་ཅན་ལ་གནང་ངོ།།
ལྷ་བུ་དམ་པ་ཏོག་དཀར་ལྷ་ལས་བབས་པ་ཇོ་བོ་བ་ནུ་མ་ནས་འགོ་བཟུང་སྟེ།གཡུ་ཐོག་བྱམས་པ་དཔལ་ཡན་ལ་གཡུ་ཐོག་རྙིང་མར་གྲགས་གསུངས།ངའི་མེས་པོ་རྒྱ་གར་འདྲེ་རྗེ་བཛྲ་མཐོང་བ་དོན་ལྡན་གཡུ་ཐོག་པའི་གདུང་བརྒྱུད་དུ་སླད་ནས་བྱོན་པ་ལ་གཡུ་ཐོག་གསར་མར་གྲགས་གསུངས།
ལྷ་བུ་ཇོ་བོ་བ་ནུ་ནས། །གཡུ་ཐོག་བྱམས་པ་ཡན་ཆད་ལ།།གཡུ་ཐོག་རྙིང་མ་ཞེས་སུ་གྲགས།། བདྨ་འོད་ཟེར་མན་ཆད་ནས།།གདུང་བརྒྱུད་མཐའ་ལ་མ་སྟོངས་བར།། གཡུ་ཐོག་གསར་མ་ཞེས་སུ་གྲགས།།
དུག་བཞི་ནི། ལན་ཚྭ་རུས་པའི་དུག ཆང་ཤའི་དུག ཉི་མ་པགས་པའི་དུག བུད་མེད་ལུས་ཟུངས་ཀྱི་དུག་སྟེ།དུག་བཞི་སྤངས་ནུས་ན་བདེ་སྟོབས་འཕེལ། ནད་ཅན་མྱུར་འཚོ། ཚེ་ཉི་ཟླ་དང་མཉམ།སྟོབས་མི་རྒོད་ལས་ཆེ། བང་རླུང་ལས་མགྱོགས།
ཆང་ནི་ཤ་ཡི་དུག་ཏུ་གསུངས་ལགས་ན།།ཤ་སྐམ་ཤ་སྐྱེ་ལུས་ཟུངས་སྟོབས་སྐྱེད་བྱེད།། ཉི་མ་པགས་པའི་དུག་ཏུ་གསུངས་ལགས་ཀྱང་།།དགུན་གྱི་ཉི་མས་རླུང་འདུལ་པགས་པ་འཇམ།། ལན་ཚྭས་རུས་ཆག་སྦྱོར་དང་ཆུ་སེར་སྐེམ།།བུད་མེད་ལུས་ཟུངས་དུག་ཏུ་གསུངས་ལགས་ཀྱང་།། ཁུ་བ་འགགས་ལ་བུད་མེད་སྤྱད་པར་བྱ།།
ངེད་རྒྱ་གར་སྔ་མ་ལ་ལོ་ཉི་ཤུ་རྩ་ལྔ་ལོན་ནས་ཕྱིན།རྒྱ་གར་རང་དུ་ལོ་གསུམ་དང་ལམ་བར་ལ་ལོ་གཅིག་སོང་།རྒྱ་གར་བར་མ་ལ་ལོ་སུམ་ཅུ་སོ་ལྔ་ལོན་ནས་ཕྱིན།རྒྱ་གར་དུ་ལོ་གཅིག་དང་ལམ་བར་ལ་ཟླ་བརྒྱད་སོང་།རྒྱ་གར་ཕྱི་མ་ལ་ལོ་སུམ་ཅུ་སོ་བརྒྱད་ལོན་ནས་ཕྱིན།རྒྱ་གར་དུ་ལོ་བཞིར་བསྡད། ལམ་བར་ལ་ཞག་བརྒྱད་བྱས། ད་ལྟ་ལོ་ཞེ་གཉིས་ལོན་གསུངས།
དེ་ནས་དགུང་ལོ་ང་ལྔ་ཙམ་བཞེས་པའི་དུས་སློབ་མ་བདེ་བ་དཔལ་ཕྱག་ཕྱིར་ཁྲིད་ནས་ཀོང་པོར་བྱོན་པས།སློབ་མ་སུམ་བརྒྱ་ཙམ་འདུ་བ་བྱུང་།དེ་རྣམས་ལ་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་གནང་བས།སྨན་པ་འབུམ་རམས་པ་བྱ་བ་ལྔ་བཅུ་ཙམ།སྨན་པ་རབ་འབྱམས་པ་བྱ་བ་ཡང་ལྔ་ཅུ་ཙམ་བྱུང་།སྨན་པ་དཀའ་བཅུ་བ་བྱ་བ་བརྒྱ་ཙམ་བྱུང་ནས་དགུང་ལོ་དྲུག་ཅུ་རེ་ལྔ་མ་ཐུག་བར་ཀོང་པོར་བཞུགས་སོ།།
སྨན་པ་འབུམ་རམས་པ་བྱ་བའི་གཞུང་ཚད་ནི། དཔལ་ལྡན་རྒྱུད་བཞི་རྩ་འགྲེལ་ཆ་ལག་ཁ་སྐོང་མདོ་བྱང་ཕྱོགས་རིགས་ཀྱི་སྨན་པ་དགུས་བསྒྱུར་བའི་གསོ་དཔྱད་ཀྱི་དཔེ་རྣམས་དང་།བོད་ཀྱི་མཁས་པ་མི་དགུས་མཛད་པའི་དཔེ་རྣམས་དང་།འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་སོ་མ་རཱ་ཛ་དང་།ཨོ་རྒྱན་རིན་པོ་ཆེས་མཛད་པའི་བདུད་རྩི་བུམ་པ།སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ།དྲང་སྲོང་དཔལ་ལྡན་འཕྲེང་བས་མཛད་པའི་དྲང་སྲོང་སྙན་བརྒྱུད།ཁ་ཆེའི་པཎྜི་ཏ་ཟླ་དགས་མཛད་པའི་ཚིག་དོན་ཟླ་ཟེར་སོགས་ཀྱི་རྩ་འགྲེལ་ཁ་སྐོང་ཆ་ལག་རྣམས་བློ་ལ་ཐོན་ཅིང་དེ་དག་གི་དོན་ལག་ལེན་དུ་བསྒྲིལ་ཤེས་པ་ལ་བྱའོ།།
སྨན་པ་རབ་འབྱམས་པའི་གཞུང་ཚད་ནི། རྒྱུད་བཞི་རྩ་འགྲེལ།ཆ་ལག་ཁ་སྐོང་མདོ་བྱང་།བོད་ཀྱི་མི་དགུས་མཛད་པའི་གདམས་པ་དང་། བསྟན་བཅོས་སོ་མ་རཱ་ཛ་དང་།བདུད་རྩི་བུམ་པ་རྩ་འགྲེལ་ཆ་ལག་དང་བཅས་པའོ།།
སྨན་པ་དཀའ་བཅུ་པའི་གཞུང་ཚད་ནི།རྒྱུད་བཞི་རྩ་འགྲེལ་ཆ་ལག་སྐོང་མདོ་བྱང་དང་བཅས་པའོ།།
སྨན་པ་བསྡུས་ར་བའི་གཞུང་ཚད་ནི།རྩ་བཤད་ཕྱི་གསུམ་རྩ་འགྲེལ་ཆ་ལག་ཁ་སྐོང་མདོ་བྱང་དང་བཅས་པ་ལ་བྱའོ།།
གཡུ་ཐོག་ཆེན་པོ་དགུང་ལོ་དགུ་བཅུ་བཞེས་པ་ལ།སྲས་གཡུ་ཐོག་འབུམ་སེང་འཁྲུངས་སོ།།གོ་གསུམ་པ་ལ་སྲས་གཡུ་ཐོག་དཔལ་འབུམ་འཁྲུངས་སོ།།གོ་དྲུག་པ་ལ་སྲས་གཡུ་ཐོག་དགའ་དགའ་འཁྲུངས་སོ།།
གཡུ་ཐོག་ཆེན་པོ་ཆུ་ཕོ་བྱི་བ་ལོའི་སྤྲེའུ་ཟླ་བའི་ཚེས་བཅོ་ལྔའི་ཉི་མ་ཤར་བ་དང་དུས་མཉམ་དུ་སྨན་གྱི་བླ་མ་མི་བསྐྱོད་རྒྱལ་པོའི་ཞབས་དྲུང་དུ་གཤེགས་སོ།། |
|
|
|
|
|
|
|
|
|
|
|
འབྲེལ་གཏུག་བྱ་ཡུལ། ཁ་པར། 草原梦想15283703999 E-mail:tbmgar@163.com |
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད། |
蜀ICP备13002975号-1 |
|
|
|