འབྲོམ་སྟོན་པ་རྒྱལ་བོའི་འབྱུང་གནས་མཚམས་སྦྱོར་མདོར་བསྡུས།
《དུང་དཀར་ཚིག་མཛོད་ཆེན་མོ》ལས། རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་འབྲུག་ལོ་སྟེ་སྤྱི་ལོ1004ལོ་ནས་རབ་བྱུང་དང་པོའི་ཤིང་འབྲུག་ལོ་སྟེ་སྤྱི་ལོ1064ལོའི་བར། བྱང་གི་གཉེན་ཆེན་ཐང་ལྷའི་འོག་རྩ་སྒྱེ་མོ་སྟེ་འདམ་གཞུང་རྫོང་ཡངས་པ་ཅན་ཟམ་གསར་ཤང་གི་བྱེ་ལུང་གྲོང་དུ་ཡབ་རྟ་གསུམ་སྐུ་གཤེན་དང་ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་གདུང་རུས་ནི་ཡང་གཞེར་ཡིན། ཆུང་དུས་ཀྱི་མཚན་ལ་ཆོས་འཕེལ་ཟེར་བ་དང་། མཚན་གཞན་ལ་དགེ་བཤེས་སྟོན་པའང་ཟེར་ལ་བཀའ་གདམས་པའི་གྲུབ་མཐའི་ཤིང་རྟའི་སྲོལ་འབྱེད་མཁན་ཡིན། དགེ་བཤེས་གཡུང་ཆོས་མགོན་ལས་ལོ་བཞིར་ཡི་གེའི་འབྲི་ཀློག་དང་། པནྟི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་སཾ་སྐྲྀ་ཏའི་སྐད་བསླབས། རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་མཚན་ལ་རྒྱལ་བའི་འབྱུང་གནས་ཞེས་གསོལ།
སྤྱི་ལོ1042ལོར་ཁམས་ནས་མངའ་རིས་སུ་ཇོ་བོ་རྗེ་ཨ་ཏི་ཤར་མཇལ་དུ་ཕེབས། སྤུ་རངས་སུ་ཇོ་བོ་ཆེན་པོ་དང་མཇལ་ཏེ་ལོ་ངོ་བཅུ་གཅིག་གི་རིང་བསམ་སྦྱོང་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན། ཇོ་བོས་ཡོན་ཏན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་འབྲོམ་ལ་གནང་ཞིང་ཁྱད་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་རྩལ་ཐོན། ཇོ་བོ་རྗེ་སྐུ་མྱ་ངན་ལས་འདས་རྗེས་འབྲོམ་སྟོན་པ་རྒྱལ་བོའི་འབྱུང་གནས་ཀྱིས་རབ་བྱུང་དང་པོའི་མེ་བྱ་སྟེ་སྤྱི་ལོ1057ལོར་རྭ་སྒྲེང་དགོན་པ་ཕྱག་བཏབ་སྟེ་ཚོགས་བཞིན་སྐྱངས་པ་དང་། ཇོ་བོའི་སྐུ་གདུང་དངུལ་གྱི་མཆོང་རྟེན་དུ་བཞེངས། དེ་ནས་ཇོ་བོའི་སློབ་མ་རྣམས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ནས་བསྐྱངས་ཏེ་བཀའ་གདམས་བསྟན་པའི་བདག་པོར་གྱུར། སྤྱི་ལོ1064ལོར་རྭ་སྒྲེང་དུ་སྐུ་གཤེགས།
ཁོང་གི་སློབ་དཔོན་ཆེན་མོ་ལྔ་ནི་ཀློག་གི་སློབ་དཔོན་གཡུང་ཆོས་མགོན་དང་། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག ལེ་བཙུན་བྱང་ཆུབ་གཞོན་ནུ། དྲན་པ་ཡེ་ཤེས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་ཡིན་པ་དང་། སློབ་མ་གྲགས་ཆེ་བ་ནི་པོ་ཏོ་བ་རིན་ཆེན་གསལ་དང༌། སྤྱན་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གཙོས་མཁས་ཤིང་གྲུབ་པའི་བུ་སློབ་མང་དུ་སྤེལ།
ཁོང་གིས་གསུང་རྩོམ་ལ《མི་ཆོས་གནད་ཀྱི་ཕྲེང་བ》ལྟ་བུ་བསླབ་བྱའི་སྐོར་དང་། 《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ》 ལྟ་བུ་བསྟོད་ཚོགས་ཀྱི་སྐོར། དེ་མིན་ས་དཔྱད་དང་། ལོ་རྒྱུས། རྣམ་ཐར། བཅའ་ཡིག འཕྲིན་ཡིག་བཅས་བསྟན་བཅོས་མང་པོ་བཞུགས་པ་མ་ཟད། མདོ་སྔགས་ཀྱི་ཕྱོགས་ལའང་འགྱུར་བཅོས་དང་ཞུས་དག་མང་དུ་མཛད་པ་སོགས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ལ་བཀའ་དྲིན་ཤིན་ཏུ་ཆེའོ།།
རྣམ་ཐར་ལོ་རྒྱུས་རྒྱས་པ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《བཀའ་གདམས་ཆོས་བྱུང་མཁས་པའི་ཡིད་འཕྲོག》དང་། རི་བོ་ཆེ་དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའི《ལྷོ་རོང་ཆོས་འབྱུང་ཐུབ་བསྟན་གསལ་བྱེད》། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་སུ་གསལ།
|