མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་རང་ལོ་༡༢ ཅན་གྱི་བུ་མོ་ཞིག་གིས་སྐར་མ་༦ གི་གཏམ་བཤད་ཀྱིས་ཡོད་ཚད་འཇམ་ཇག་གེར་བསྒྱུར།
རྣམ་པ་ལྷན་རྒྱས་ཁམས་བཟང་། ངའི་མིང་ལ་ཧྲན་ཝུན་ལིན་མུའུ་ཟེར། ངས་བྱིས་པ་ཁོར་སྲུང་མཐུན་ཚོགས་(E.C.O.;Environmental
Children’s Organization)ཀྱི་ཚབ་བྱས་ཏེ་འདིར་གཏམ་བཤད་ཞུ་རུ་ཡོང་བ་ཡིན། ང་ཚོ་ནི་རང་ལོ་༡༢ ༡༣ ཅན་གྱི་ཁ་ན་ཊའི་བྱིས་པ་འགའ་སྟེ། Vanessa,Morgan, Michelleདང་ང་རང་བཅས་ཡིན། ང་ཚོས་རང་རང་གིས་སྒོར་མོ་བསྡུས་ཏེ་ལེ་དབར་ལྔ་སྟོང་ཙམ་གྱི་འགྲུལ་བཞུད་བརྒྱུད་དེ་གནས་འདིར་བཅར་དོན་ནི། ཁྱེད་མི་ཆེན་རྣམས་ལ་ངེས་པར་དུ་འགྱུར་བ་ཞིག་གཏོང་དགོས་པའི་གོ་བརྡ་སྤྲོད་དུ་ཡོང་བ་ཡིན། ང་འདིར་ཡོང་ནས་ཅི་ཡང་སྦ་སྐུང་མེད་པའི་ངང་བཤད་རྒྱུ་ཡིན། རྒྱུ་མཚན་ངས་རང་གི་མ་འོངས་པའི་སླད་དུ་རྒོལ་གཏམ་སྒྲོག་པ་ཡིན།
ངའི་མ་འོངས་བ་བརླགས་པ་ནི་འོས་འདེམས་ཐེངས་ཤིག་གི་གོ་སྐབས་ཙམ་ཤོར་བ་དང་། ཡང་ན་རྐང་འཛིན་ཁྲོམ་རའི་ནང་གི་གྲངས་ཀ་འགའ་ཤོར་བ་དང་མི་འདྲ་བས། ང་འདིར་ཡོང་བ་ནི་མ་འོངས་བའི་མི་རབས་དང་མི་རབས་ཡོད་ཚད་ཀྱི་ཆེད་དུ་ཡིན། ངས་འཛམ་གླིང་ན་བཀྲེས་ལྟོགས་ཀྱིས་གཟིར་བའི་བྱིས་པ་རྣམས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྤེལ་དུ་ཡོང་བ་ཡིན། རྒྱུ་མཚན་ཁོང་ཚོའི་ངུ་སྐད་ཚོར་ཐུབ་པའི་མི་མི་འདུག། ངས་གོ་ལའི་སྒང་ན་མིག་སྔར་འཆི་བཞིན་པའི་གྲངས་ལས་འདས་པའི་སྲོག་ཆགས་རྣམས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྤེལ་དུ་ཡོང་བ་ཡིན། རྒྱུ་མཚན་ཁོང་ཚོར་འགྲོ་རུང་བའི་ས་ཆ་མི་འདུག། ང་ཚོའི་སྐད་ཆ་ལ་ངེས་པར་དུ་ཉན་མི་རེ་ཡོད་དགོས། ང་དེང་སྐབས་སྒོར་བུད་ནས་ཉི་མ་འདེ་མི་ཕོད། རྒྱུ་མཚན་གོ་ལའི་བླ་བྲེ་(ཨོ་ཛོན་རླུང་གདུགས) ལ་བརྡོལ་བུག་ཡོད་པས་མཁའ་དབུགས་ནང་ན་རྫས་འགྱུར་གྱི་གྲུབ་ཆ་གང་ཡོད་མི་ཤེས་ཤིང་། ངས་མཁའ་དབུགས་རྔུབ་པར་ཞེད་སྣང་སྐྱེས་བྱུང་། ངས་དེ་སྔོན་ཨ་ཕ་དང་མཉམ་དུ་བཱེན་ཁུའུ་བུར་ནས་ཉ་བདའ་བ་ཡིན། ཉེ་ཆར་ནས་ཉ་དག་གིས་ཀྱང་འབྲས་སྐྲན་གྱི་ནད་རག་འདུག་པ་ཤེས་རྟོགས་བྱུང་། ད་སྐབས་ང་ཚོས་ཉི་མ་རེ་རེ་བཞིན་དུ་སྲོག་ཆགས་དང་སྐྱེ་དངོས་རྩ་མེད་དུ་འགྲོ་བཞིན་པའི་གནས་ཚུལ་ཐོས་ཀྱིན་འདུག། ——ཁོང་ཚོ་ནམ་ཡང་ཕྱིར་ལོག་ཐབས་མེད་པར་གྱུར་བ་རེད། ངའི་མི་ཚེའི་ནང་གི་རེ་འདུན་ནི། ངས་ནམ་ཡང་རི་དྭགས་ཀྱི་ཁྱུ་ཚོགས་དང་། བྱ་རིགས། ཕྱེ་ལེབ་སོགས་ཀྱིས་ཀུན་ནས་ཕྱུག་པའི་ཚ་ཡུལ་ནགས་ཚལ་དག་མཐོང་ཐུབ་རྒྱུ་དེ་ཡིན་མོད། འོན་ཀྱང་ད་སྐབས་ང་ལ་གསལ་ཆ་མེད་པ་ནི་ངའི་བུ་རྒྱུད་དག་གིས་དེ་དག་མཐོང་ཐུབ་མིན་གྱི་གནད་དོན་འདི་རེད། ཁྱེད་ཅག་ངའི་ལོ་ཚོད་ཙམ་ཡིན་པའི་སྐབས་དེར། གནད་དོན་འདིའི་རིགས་ལ་དེ་བཞིན་སེམས་འཁུར་གནང་དགོས་པ་ཨེ་བྱུང་། འདི་ཚོ་ཚང་མ་ང་ཚོའི་མིག་མདུན་ན་འབྱུང་བཞིན་པའི་གནས་ཚུལ་རེད། ཡིན་ཡང་ང་ཚོས་གནད་དོན་དེ་དག་ཐག་གཅོད་བྱེད་པར་ང་ཚོར་འཛད་མཐའ་མེད་པའི་དུས་ཚོད་དང་བློ་ཐབས་ཡོད་པའི་ཁུལ་བསྟན་ནས་བསྡད་ཡོད་པ་རེད། ང་རང་བྱིས་པ་ཞིག་རེད། ང་ལ་གནད་དོན་འདི་རིགས་ཐག་གཅོད་བྱེད་པའི་ཐབས་ལམ་མེད། རེད་དེ་ངས་ཁྱེད་ཚོར་ཤེས་སུ་འཇུག་རྒྱུ་ཞིག་ནི་ཁྱེད་ཚོ་ལའང་ཐབས་ལམ་གང་ཡང་མེད་པ་དེ་ཡིན། ཁྱེད་ཚོར་གོ་ལའི་བླ་བྲེའི་བུ་ག་གསོ་བའི་ཐབས་ཤེས་མེད་ལ་ཁྱེད་ཚོས་ནམ་ཡང་སལ་མཱོན་ཉ་རིགས་དེ་དག་སྔར་ནས་སྐམ་ཟིན་པའི་ཆུ་བོའི་ནང་དུ་ཕྱིར་འགུགས་ཐབས་ཡོད་མི་སྲིད། ཁྱེད་ཚོར་རྩ་རྫོགས་དུ་གྱུར་ཟིན་པའི་རི་དྭགས་དེ་རིགས་སླར་འབྱུང་བར་བྱེད་པའི་ཐབས་མེད་ལ། ཕྱེ་ཐང་ལ་གྱུར་ཡོད་པའི་ས་ཆ་དེ་དག་སླར་སྟུག་རྫོབ་ཀྱི་ནགས་ཚལ་ལ་སྒྱུར་བའི་ཐབས་ལམ་དེ་བས་ཡོད་པ་མ་རེད། གལ་སྲིད་ཁྱེད་ཅག་ལ་སླར་གསོ་བྱེད་པའི་ཐབས་ལམ་མེད་ན། ཁྱེད་ཅག་གིས་མུ་མཐུད་ནས་གཏོར་བརླགས་མ་བྱེད་རོགས། འདི་ན་ཡོད་པའི་ཁྱེད་ཅག་གི་ཁྲོད་ན་ལ་ལ་སྲིད་གཞུང་གི་སྐུ་ཚབ་དང་། འགའ་རེ་ཚོང་ལས་མི་སྣ། དེ་མིན་གྱི་རྩ་འཛུགས་མི་སྣ་དང་གསར་འགོད་པ། ཆབ་སྲིད་པ་སོགས་ཅི་རིགས་ཡིན་གཤིས་མོད། འོན་ཀྱང་ཤེས་དགོས་ཞིག་ནི་ཁྱེད་རང་ཚོའང་ཕ་མ་དང་གཅེན་གཅུང་། ཨ་ཁུ་དང་ཨ་ནེ་ཤ་སྟག་རེད། ——མ་ཚད་ཁྱེད་ཅག་ཚང་མའང་ཁྱེད་ཅག་གི་ཕ་མའི་བུ་རྒྱུད་དག་དག་རེད། ང་རང་བྱིས་པ་ཞིག་རེད། ཡིན་ཡང་ང་ཚོ་ཚང་མ་ཁྱིམ་ཚང་ཆེན་མོ་གཅིག་གི་མི་སྣ་ཡིན་པ་ངས་གསལ་བོ་ཤེས་ཡོད། ཁྱིམ་ཚང་འདིར་ཁྱིམ་མི་དུང་ཕྱིར་ལྔ་བཅུ་དང་། དངོས་རིགས་ས་ཡ་གསུམ་ཙམ་ཡོད་པ་རེད། ང་ཚོས་ཐུན་མོང་གི་མཁའ་དབུགས་རྔུབ་ཀྱིན་ཡོད་ལ། ང་ཚོས་ཐུན་མོང་གི་ས་ཆུ་སྤྱོད་བཞིན་ཡོད། རྒྱལ་མཚམས་དང་སྲིད་གཞུང་གིས་ནམ་ཡང་དངོས་ཡོད་གནས་ཚུལ་འདི་རིགས་བཟོ་སྒྱུར་བྱེད་ཐབས་མེད་པ་ཞིག་རེད། ང་རང་བྱིས་པ་ཞིག་རེད། ཡིན་ཡང་ངས་ང་ཚོ་ཚང་མ་གོང་བུ་གཅིག་ཡིན་པ་གསལ་བོར་རྟོགས་ཡོད། དམིགས་ཡུལ་གཅིག་གི་ཆེད་དུ་དཔུང་པ་མཉམ་སྦྲེལ་གྱིས་འབད་འོས་པར་འདོད། ང་ཧ་ཅང་སྤྲོ་ཁོས་བྱུང་། ཡིན་རུང་ང་མ་རིག་པའི་དབང་དུ་སོང་མེད། ང་ཧ་ཅང་ཞེད་སྣང་ཆེ། འོན་ཀྱང་ངས་རང་གི་ཚོར་སྣང་འདི་འཇིག་རྟེན་ཡོངས་ལ་བརྗོད་རྒྱུར་ཞེད་སྣང་མེད།
ངའི་རྒྱལ་ཁབ་ན། ང་ཚོས་འཕྲོ་བརླབས་ཆེན་པོ་གཏོང་གིན་ཡོད། ང་ཚོས་ཉོ་ཞོར་འཕེན་ཞོར་དང་ཉོ་ཞོར་འཕེན་ཞོར་བྱེད་པ་ལས་དགོས་མཁོ་ཅན་ལ་བགོ་འགྲེམས་བྱེད་ཤེས་ཀྱི་མེད། ཐ་ན་ང་ཚོར་དགོས་མཁོ་གང་ཡོད་སྔ་ས་ནས་ཚད་ལས་འདས་པ་བྱུང་ནའང་། ད་དུང་ང་ཚོས་ཞེན་ཆགས་ཆེན་པོས་གཞན་དང་བགོ་འགྲེམས་བྱེད་པར་སེར་སྣ་བྱེད་བཞིན་ཡོད། ང་རང་བྱིས་པ་ཞིག་རེད། ཡིན་ཡང་གལ་སྲིད་ང་ཚོས་དམག་འཐབ་ཐོག་གཏོང་བཞིན་པའི་འགྲོ་གྲོན་ཡོད་ཚད་དབུལ་སེལ་དང་། ཁོར་སྲུང་གནད་དོན་ཐོག་བཏང་བ་ཡིན་ན། གོ་ལའི་ཁྱིམ་གཞི་འདི་ཅི་འདྲའི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཏུ་འགྱུར་སྲིད་པའི་གནས་ལུགས་ངས་གསལ་བོར་ཤེས་ཡོད། སློབ་གྲྭ་དང་ཐ་ན་བྱིས་སྐྱོང་ཁང་དུའང་ཁྱེད་ཅག་གིས་ང་ཚོར་བྱིས་པ་ཡ་རབས་བྱེད་དགོས་ཚུལ་དང་། འཛིང་རྒྱག་བྱེད་མི་རུང་ཚུལ། བཟུར་ཡངས་བྱེད་དགོས་ལུགས། མི་ལ་གུས་ཞབས་བྱེད་ལུགས་དང་ཁོར་ཡུག་གཙང་སྦྲ་བཟོ་དགོས་ལུགས། དེ་བཞིན་དུ་སྲོག་ཆགས་ལ་གནོད་འཚེ་གཏོང་མི་ཉན་རབས། རང་འདོད་ཆེ་མི་ཉན་ཚུལ་དང་བགོ་འགྲེམས་བྱེད་དགོས་ཚུལ་གྱི་སློབ་གསོ་གཏོང་བཞིན་པ་མིན་ནམ། འོ་ན་ཁྱེད་རང་ཚོས་ཅིའི་ཕྱིར་ང་ཚོས་བྱེད་མི་རུང་བའི་བྱ་བ་ཤ་སྟག་སྒྲུབ་པ་ཡིན་ནམ། ཁྱེད་རང་ཚོ་ཅིའི་ཕྱིར་ཚོགས་འདུ་འདིར་བཅར་བ་བརྗེད་དུ་མ་འཇུག སུ་ཞིག་གི་ཆེད་དུ་འོང་བ་ཡིན། ——ང་ཚོ་ཁྱེད་ཚོའི་བུ་རྒྱུད་ཡིན། ཁྱེད་ཚོ་ནི་ང་ཚོ་འཇིག་རྟེན་གང་འདྲ་ཞིག་ནས་འཚར་ལོངས་བྱེད་པར་ཐག་གཅོད་བྱེད་པའི་མི་གཏེ་ཡིན། སྤྱིར་ཕ་མས་བུ་རྒྱུད་ལ་སེམས་གསོ་གཏོང་དུས། "ཡོད་ཚད་བདེ་ལེགས་ངང་གནས་སྲིད།""ང་ཚོས་འབད་བརྩོན་བྱེད་བཞིན་ཡོད།"དང་། "འདི་འཇིག་རྟེན་མཐའ་རྫོགས་ཀྱི་ཉིན་མོ་མ་རེད།"ཅེས་བརྗོད་ཐུབ་མོད། འོན་ཀྱང་། ངས་བལྟས་ན་ད་སྐབས་ཁྱེད་ཅག་གིས་སྐད་ཆ་འདི་རིགས་ཁ་ནས་འདོན་དཀའ་བའི་དུས་ལ་སླེབས་ཟིན། ཁྱེད་ཚོས་དོན་དངོས་སུ་ང་ཚོ་ད་དུང་ཆེས་གལ་གཏད་ཆེ་བའི་གནས་སར་བཞག་ཡོད་དམ། ངའི་ཨ་ཕས་རྟག་པར་བཤད་རྒྱུར།:"ཁྱེད་ཀྱིས་བསྒྲུབས་པ་རྣམས་ཀྱིས་གཞི་ནས་ཁྱེད་རང་མཚོན་ཐུབ་པ་ལས། ཁྱེད་ཀྱིས་བཤད་པ་རྣམས་ཀྱིས་ཁྱེད་རང་མཚོན་མི་ཐུབ།"ཟེར། ཁྱེད་ཅག་གི་བསྒྲུབས་པའི་བྱ་བ་རྣམས་ཀྱིས་ང་རང་མཚན་མོར་ངུ་རུ་འཇུག་ཅིང་། ཁྱེད་ཅག་མི་ཆེན་རྣམས་ཀྱིས་འཆད་ན་ང་ཚོར་དགའ་ཟེར། ངས་རེ་བར་ཁྱེད་རྣམས་ཀྱིས་ཁ་བཤད་དོན་ལ་གནས་སུ་འཇུག་རྒྱུ་འདི་ཡིན། བཀའ་དྲིན་ཆེ།
|