གངས་ལུང་ཡུལ་ཚོའི་སེར་ཤུལ་རྡོ་མཁར་ངོ་སྤྲོད་མདོར་བསྡུས།

 

      ངེད་དྲ་བའི་གསར་འགོད་པས་རྒན་པོ་ལམ་གོའི་ཞི་དོན་ལ་བཅར་འདྲི་བྱས་པ་ལྟར་ན།  ངག་རྒྱུན་དུ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱིས་ཕྱུག་པའི་མགོ་ལོག་ཨ་སྐྱོང་གོང་མ་སང་གིས་ཆོས་ཆེན་བསྒྲུབ་ས།   ཨ་སྐྱོང་གོང་མ་སང་སྨྱུང་གནས་དང་མ་ཎི་བརྒྱ་ཞག་འཚོགས་སའི་ལྟེ་གནས་མགོ་ལོག་དགའ་བདེ་རྫོང་གངས་ལུང་ཡུལ་ཚོའི་སེར་ཤུལ་རྡོ་མཁར་རིང་མོ་ནི་ད་ལྟ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་བགྲང་པར་མ་ཟད་དུས་སུ་མཇལ་འགྲུལ་མང་བོ་སླེབས་ཀྱིན་ཡོད་ཟེར། མ་ཎིའི་རྡོ་མཁར་རིང་མོ་འདིའི་རིང་ཚད་ལ་རྨིད་༣༠༠ལྷག་དང་མཐོ་ཚད་ལ་རྨིད་༣་ལྷག་ཡོད།
       རྒན་པོ་ལམ་གོའི་ཞི་དོན་གྱིས་འདས་པོ་གངས་དཔལ་གྱི་ངག་རྒྱུན་རྣམས་མནོ་བསམ་གཏོང་བཞིན་བཤད་ན་མི་རབས་བདུན་ལྷག་གི་ལོ་རྒྱུས་གཅིག་རྗེས་མཉིས་མཐུད་དུ་ཤོད་ཐུབ་པ་ཡིན་ན་ལོ་ངོ་བཞི་བརྒྱ་ལྷག་ལོང་བར་སྣང་བ་ལས་དོན་དུ་ལོ་ག་ཚོད་འགོར་བ་སུས་ཀྱང་མི་ཤེས་པར་གྱུར་ཡོད།

      རྒྱུས་ལོན་བྱས་པ་ལྟར་ན་མགོ་ལོག་ཕྱོགས་དེར་རྡོ་མཁར་ལོ་རྒྱུས་རིང་བ་དང་། ཆེ་ཆུང་གི་ཆེ་བ།  རིང་ཐུང་གི་རིང་བ་ཡིན་པར་བཤད་པས་ན་གནའ་ཤུལ་གྲགས་ཅན་གྱི་གནས་སུ་བགྲང་ཆོག་ཆོག་ཏུ་གྱུར་འདུག

      ཁོ་ཚོས་ཤེས་ཚོད་ལྟར་ན་མདོ་མཁྱེན་རྒོད་ཀྱིས་སར་གཟིགས་སྐབས་རྒྱ་གར་ནས་རྡོ་ཞིག་འཕུར་ཡོང་བར་བཤད་པ་ནི་དེང་སང་ངོས་འཛིན་དུ་ཡོད་ཀྱང་བདེན་མིན་ཧ་ཅང་ཁག་པོ་རེད་འདུག
         ཡིན་ནའང་སེར་ཤུལ་མཁན་ཆེན་འཇམ་དཔལ་གྲགས་པས་རྒྱ་བསྐྱེད་པས་སེར་ཤུལ་རྡོ་མཁར་ཐོགས་པར་བཤད་ལ་སྐྱབས་བླ་མ་རིན་ཆེན་བཟང་དང་ཨ་མཁར་བླ་མ།  སྤྲུལ་འགྲོ་ཕན་རྒྱ་མཚོས་གཙོར་མཛད་ཨ་སྐྱོང་འཛམ་སྐྱབས་དང་སྤྲུལ་ཧཱུྃ་ཀར་རྡོ་རྗེ་སོགས་ཀྱིས་བསྟུད་མར་སྤྲུལ་པདྨ་བྱང་ཆུབ་ལ་རྡོ་མཁར་རྒྱ་བསྐྱེད་ཀྱི་བཀའ་ལུང་སྤྱི་བོར་བབས་པར་བཤད།

          མ་ཎིའི་རྡོ་མཁར་རིང་མོ་ལ་རབ་གནས་འཐོར་བའི་སྐྱེས་ཆེན་འགའི་མཚན་ནས་སྨོས་ན།

      མདོ་མཁྱེན་རྒོད།  མདོ་མཁྱེན་བརྩེ། སྐྱབས་མགོན་དགེ་རྩེ། པཎ་ཆེན་ཆོས་ཀྱི་ཉི་མ། ཀིརྟི་བློ་བཟང་འཕྲིན་ལས། མ་ཎི་བླ་མ་པདྨ་སིདྡྷི། སྤང་ཐོག་དམ་པ་བླ་མ། གཙང་བ་བསྭེ་སྤྲུལ། འཛམ་ཐང་བླ་མ་ཚོགས་གཉིས། འཛོང་བོ་སྐྱབས་མགོན། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས། ཝ་ཤུལ་བླ་མ་བསོད་ནམས་མཁས་གྲུབ། ཝ་ཤུལ་བླ་མ་ལྷུན་གྲུབ། སྐྱབས་བླ་མ་རིན་ཆེན་བཟང་། ཤར་ཝོད་བླ་མ་ཚུལ་རྣམ། སྒང་བ་བླ་མ་རིན་ཆེན་བཟང་། ཡོ་བླ་མ་ཐེག་མཆོག སྤྲུལ་སྐུ་རྫོང་གཏེར་ཀུན་བཟང་ཉི་མ། ལྡོང་ཡོན་བླ་མ་མཚམས་པ་སྨོན་ལམ་བཟང་བོ།  ལམ་ཁོའི་མཁན་པོ་གསང་སྔགས་བསྟན་འཛིན། རྒྱ་བླ་མ་པདྨ་རྣམ་རྒྱལ། བླ་མ་གཏུམ་པོ། ཨ་ལགས་གཉན་ཐོགས། དཀར་དབང་ཉི་མ། སྤྲུལ་སྐུ་འགྲོ་ཕན། གཙང་བ་བློ་གྲོས་རྣམ་རྒྱལ།  གཙང་བ་སྐུ་ངག སེར་ཤུལ་དགེ་ལེགས་འཇམ་དཔལ་གྲགས་པ། བླ་མ་མདོ་ལུ་སོགས་ཀྱིས་བསྟུད་མར་རབ་གནས་འཐོར་ཏེ་བྱིན་གྱིས་བརླབས་པར་ངེས།

 

དད་ལྡན་སེར་སྐྱ་ཚོས་མ་ཎིའི་རྡོ་མཁར་ཐོག་ཏུ་རྡོ་རྩིག་གིན་འདུག

 

      ༢༠༠༩ལོ་ནས་ལམ་གོའི་རྒན་པོ་ཞི་དོན་གྱིས་མ་ཎིའི་རྡོ་འདྲུད་འཐེན་སྟོང་གཅིག་དང་དྲུག་བརྒྱ་ལྷག་བརྩིགས་པར་བཤད་པ་ནི་དོན་གྱིས་བདེན་པར་གྲུབ་སྟེ་མི་ཞིག་གི་དད་པ་དང་བརྩོན་འགྲུས་ལ་ངོ་མ་ཧ་ལས་པ་དང་རྗེས་སུ་ཡི་རང་བྱེད་འོས།

 

རྡོ་མཁར་མདུན་གྱི་འཛམ་གླིང་སྤྱི་བསང་གཏོང་ས།

 

ཁོམ་པ་གང་ཡོད་དུ་བསྐོར་བ་བྱེད་ཀྱིན་པ།

 

རྒྱ་གར་ནས་འཕུར་ཡོང་བར་གྲགས་པའི་རྡོ་རིང་།༼ ངག་རྒྱུན།༽

 

ངེད་དྲ་བའི་གསར་འགོད་པས་བཅར་འདྲི་བྱེད་བཞིན་པ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/8/17 བལྟ་ཀློག (39785)