སྐར་མ་བཅུའི་རིང་གི་བཅར་འདྲི།

        ད་སྐབས་ཁེའུ་ཁེའུ་དང་སྐད་འཕྲིན་ཤེས་ནས་བཀོལ་བ་དང་རྨོངས་ནས་བཀོལ་བའི་ཐད་ངེད་དྲ་བའི་བཅར་འདྲི་བ་རྩྭ་ཐང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཞིག་དང་འཕྲད་པ།

དྲི་བ།         ཁྱེད་བདེ་མོ།

ལན།         བདེ་མོ་ཡིན།

དྲི་བ།        ཁྱེད་ཀྱིས་འདི་ནས་སློབ་སྦྱོང་བྱེད་བཞིན་ཡོད་ནས།

ལན།         འོ་ལེ།

དྲི་བ།        ཁྱེད་གང་གི་ཡིན།

ལན།        ང་གཙང་སྐོར་ཞོལ་མའི་ཡིན། གོང་གི་དེ་སང་རེད།

དྲི་བ།       འོ་རེད།  ཁྱེད་ཀྱི་མིང་ལ་ཅི་ཟེར།

ལན།        ངའི་མིང་ལ་རིག་འཛིན་སྒྲོལ་མ་ཟེར།

དྲི་བ།       སློབ་གྲྭ་གང་གི་སློབ་མ་ཡིན།

ལན།       མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭའི་སློབ་མ་ཞིག་ཡིན།

དྲི་བ།      སློབ་གྲྭས་དབྱར་གནང་བཏང་བ་ཨེ་རེད།

ལན།       རེད། ངས་དབྱར་གནང་གི་དུས་ཚོད་བེད་སྤྱད་ནས་གཙང་སྐོར་ཞོལ་མའི་བོད་ཡིག་སློབ་གྲྭར་དངོས་སྦྱོང་༼ སློབ་གྲྭའི་ལས་བྱ༽བྱེད་བཞིན་ཡོད།

དྲི་བ།       ངོ་མ་ཧྲ་གི  ཁྱེད་ཀྱིས་དེ་རིང་གཟའ་ཉི་མ་ཡིན་ཡང་སློབ་སྦྱོང་བྱེད་བཞིན་ཡོད་པས་ངོ་མ་བཟང་གི  ཁྱེད་ཀྱིས་ཁེའུ་ཁེའུ་ཤོད་དང་ཁྱེད་ཀྱིས་རྩྭ་ཐང་དུ་སློབ་གཉེར་བྱེད་བཞིན་པའི་འདྲ་པར་དེ་དག་ཁྱེད་ལ་བསྐུར་ཡོང་།

ལན།        བཀའ་དྲིན་ཆེ།  ཡིན་ནའང་ང་ལ་ཁེའུ་ཁེའུ་དང་སྐད་འཕྲིན་སོགས་མེད།

དྲི་བ།       འོ་ཧོ་ཧོ། ད་བར་སློབ་ཆུང་སློབ་མ་ཚུན་ཆོད་དུ་ཁ་པར་ཡོད་ཀི ད་རུང་ཁེའུ་ཁེའུ་དང་སྐད་འཕྲིན་རྩེ་མཁན་མང་བོ་ཡོད་ཀི ཁྱེད་ཀྱིས་ཅིའི་ཕྱིར་ཁེའུ་ཁེའུ་དང་སྐད་འཕྲིན་མ་བཀོལ་བ་ཡིན། 

ལན།        ང་ལ་ཁ་པར་དེ་རིགས་བཀོལ་ནུས་ཅན་དང་ཀུ་ཤུ་ཁ་པར་སོགས་གོང་ཆེན་མེད།  ཨ་ལ་ཀུ་རེ་ཡིན།  སློབ་གྲྭས་ང་ཚོར་སྤྲད་པའི་ཁ་པར་ཡོད།  རྒྱུན་དུ་ཨ་ནེ་དང་ཨ་ཞང་གཉིས་ལ་ཁ་པར་བཏང་ནི་ཡིན། དེ་མིན་ཁ་པར་ནང་ནས་རྩེད་མོ་བརྩིས་ན་དུས་ཚོད་འཕྲོ་བརླག་ཏུ་འགྲོ་བས་མི་ཧྲ་གི་བསམ་ནི་ཡིན།

དྲི་བ།       ཁྱེད་ཀྱི་སློབ་གྲོགས་ཚོས་ཁེའུ་ཁེའུ་དང་སྐད་འཕྲིན་བེད་སྤྱོད་བྱེད་བཞིན་ཡོད་དམ།

ལན།        སློབ་གྲོགས་འགས་རྒྱུན་དུ་འགྲོ་ཞོར་འདུག་ཞོར་མལ་ཁང་དང་ཟ་མ་ཟ་བའི་སྐབས་ཚུན་ཆོད་དུ་ཁེའུ་ཁེའུ་དང་སྐད་འཕྲིན་ནང་ན་སྐད་ཆ་ཤབ་ཤུབ་དང་ལྡབ་ལྡིབ་ཁྲོད་མཚམས་རེར་དགོད་པ་དང་མཚམས་རེར་ངུ་བ་སོགས་ཁ་པར་བསྣོགས་ནས་དུས་ཚོད་གར་སོང་མི་ཤེས་ལ།  སློབ་ཁང་དུ་ཐོན་དུས་གཉིད་སྤྲོ་བ་སོགས་ཡོད་ཀི ལ་ལ་ད་དུང་སེམས་ཁམས་ཀྱང་དེ་འདྲ་རྒྱུན་ལྡན་ཞིག་མ་རེད། ཧེ་ཧེ།  ང་ལ་མཚོན་ན་དེ་དག་སློབ་སྦྱོང་གི་མཐུན་རྐྱེན་མ་ཡིན་པར་སེམས་ཀྱིན་ཡོད།

དྲི་བ།       ངོ་མ་བཀའ་དྲིན་ཆེ།  དུས་ཚོད་ཀྱི་དབང་གིས་ང་འགྲོ་རན་སོང་ཐལ། གོང་ནས་ངེད་གཉིས་ཀྱི་ཁ་བརྡ་དེ་དག་ངེད་བཙན་པོའི་མགར་གྱི་དྲ་བའི་སྟེང་འགོད་ན་ཆོག་གམ།

ལན།        ལྕེ་ནར་ནར་བྱེད་བཞིན་དེ་སོ་དྲ་བ་ཞིག་གི་སྟེང་འགོད་རིན་འེ་ཡོད་དམ།  ཡོད་ན་ལོས་ཆོག་ཟེར།

བདེ་མོ།

བདེ་མོ།


 ངེད་དྲ་བའི་གསར་འགོད་པས་རིག་འཛིན་སྒྲོལ་མའི་ཨ་ཞང་ལ་མོའི་སྐོར་གྱི་བཅར་འདྲི་ཐུང་ཐུང་ཞིག་བྱས་པ་ནི།  

     མོ་རང་ཆུང་དུས་ནས་མོའི་ཕ་མ་གཉིས་དང་ཁ་གྱེས་ནས་ཨ་ནེ་དང་ཨ་ཞང་གིས་གཉོར་སྐྱོང་བྱས་ཏེ་ལག་ཆགས་ཤིང་།  གཙང་སྐོར་ཞོལ་མའི་སློབ་ཆུང་དང་༢༠༠༩ལོར་མགོ་ལོག་ཁུལ་བོད་ཡིག་སློབ་འབྲིང་དུ་ཞུགས་པ་ནས་སློབ་སྦྱོང་གི་གྲུབ་འབྲས་མི་ཆོག་རྒྱུ་མེད་ལ། ༢༠༡༢ལོར་མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭའི་སྒོ་ཐེམས་བརྒལ་བ་ནས་རང་གི་ན་མཉམ་སློབ་གྲོགས་དང་ལྷན་དུ་ཁྲིད་ཚན་དང་བསླབ་བྱ་གང་ཡོད་ལ་འབད་པ་ལྷོད་མེད་བྱས་པ་མ་ཟད། སློབ་གྲྭའི་བྱ་འགུལ་གང་ཡིན་ཡང་སྤྲོ་སྣང་གིས་ཞུགས་ནི་ཞིག་ཡིན་ཟེར། ད་དུང་དགེ་རྒན་ལ་གུས་བཀུར་དང་སློབ་གྲོགས་ཕན་ཚུན་ལ་མཐུན་སྒྲིལ་ཡོད་ནི་ཞིག་རེད་ཟེར་གི  དེ་བས་ང་ཡང་དགའ་ནས་ཡོད་ལ། མོ་རང་ལུས་རྩལ་གྱི་ཕྱོགས་ནས་ཅུང་བཟང་བོ་ཡིན།  ངས་ངོ་མ་ཡིན་སློབ་ཆུང་ནས་ད་བར་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་གང་གི་སྐབས་ཡིན་ཡང་བྱ་དགའ་མེད་དུས་ཤིག་མེད་ཟེར།

       ད་དུང་༢༠༡༠ལོར་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་བའི་ལུས་རྩལ་འགྲན་ཚོགས་སྟེང་རྐང་རྒྱུག་གིས་མོ་ལ་ཟངས་ཀྱི་རྟགས་མ་ཐོབ་མྱོང་ལ། སྐབས་དེར་ཆེད་སྦྱོང་ལུས་རྩལ་སློབ་གྲྭ་འགས་ཀྱང་མོ་རང་སློབ་གྲྭར་ལེན་པའི་གོ་སྐབས་སྤྲད་ཀྱང་ང་ཚོས་མོས་བོད་ཡིག་ཅིག་སྦྱང་ན་བསམ་ནས་མ་མངགས་པ་ཡིན་ཟེར།

      ད་ལོ་༢༠༡༣ལོར་ཡང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐེན་དང་ཞིང་ཆེན་ཆོས་ལུགས་ལས་དོན་ཅུའུ་ཞིང་ཆེན་ལུས་རྩལ་ཅུའུ་སོགས་ཀྱིས་མཉམ་བསྒྲུབས་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་སྟེང་རྐང་རྒྱུག་རྨིད་༣༠༠༠mཁྲོད་ཨང་གཉིས་པའི་བྱ་དགའ་དང་རྐང་རྒྱུག་རྨིད་༡༥༠༠mཁྲོད་ཀྱང་ཨང་གཉིས་པ་ཐོབ་ནི་རེད་ཟེར།

 


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/8/27 བལྟ་ཀློག (37531)