ཐེ་ཝན་སློབ་གཙོ་ཞིག་གི་གཏམ་བཤད།

ཐེ་ཝན་སློབ་གཙོ་ཞིག་གི་གཏམ་བཤད་ཚན་པ་དང་བོ།

 ཀའོ་ཀྲིན་ཏུང་གིས་བརྩམས།རྒྱ་རིགས

 ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་བསྒྱུར།བོད་རིགས

          གཏམ་བཤད་འདིས་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་ལས་འཕྲོས་པའི་མི་རིགས་ཀྱི་ཁེར་ཚུགས་བསམ་བློ་དང་རིག་གནས་རྒྱུད་འཛིན་སོགས་ཀྱི་ཐད་ལ་བློ་རིག་རྒྱས་ཤིང་བསམ་གཞིགས་ཀྱི་སྒོ་མོ་འབྱེད་པར་ཕན་ཐོགས་ཆེའོ།།

          ----- སྒྱུར་པ་པོའི་གཏམ།

               

                       སྔོན་གླེང་།

           ཐེ་ཝན་དུ་སློབ་གྲྭ་འདི་འདྲ་ཞིག་ཡོད་དེ།  སློབ་མ་ཐམས་ཅད་རང་ལོ་༡༥-༡༨བར་ཡིན་ཞིང་།  ལོ་རེར་སློབ་མ་སྟོང་ཕྲག་གསུམ་བཞི་ཡོད་པའི་ནང་སྒྲིག་འགལ་སོགས་ཀྱིས་སློབ་གྲྭས་ཕྱིར་ཕུད་པའི་སློབ་མ་ཡང་ཧ་ལམ་ཉིས་བརྒྱ་སུམ་བརྒྱ་ཙམ་ཡོད།  སློབ་གྲྭ་འདིར་བཟོ་བ་དང་བདེ་འཇགས་འགན་སྲུང་བ་མེད་པ་དང་སློབ་དཔོན་ཆེན་མོ་ཡང་མེད།  སློབ་གྲྭའི་ལས་ཀ་ངེས་པར་དུ་སྒྲུབ་དགོས་པ་ཐམས་ཅད་སློབ་མ་རང་ཉིད་ཀྱིས་སྒྲུབ་པར་བྱེད།  འཛིན་རིམ་གསུམ་པའི་སློབ་མས་འཛིན་རིམ་དང་པོའི་སྣེ་ཁྲིད་པ་དང་། སློབ་མ་ཡོངས་ཕྲེང་སྒྲིག་ལ་སྐར་གསུམ་ལས་འགོར་གྱི་མེད།  སློབ་མས་སྨི་བདུན་གྱི་ཚུན་ཆད་ནས་དགེ་རྒན་མཐོང་ཚེ་གུས་འདུད་ཞུ་བ་དང་།  སློབ་མས་དབྱར་དགུན་གནང་གི་ལས་བྱ་འབྲི་མི་དགོས།  ཡིན་ཡང་སློབ་མ་གཅིག་གིས་ཀྱང་སློབ་ཆེན་དུ་རྒྱུགས་མི་འཕྲོད་པ་མེད།  རེད་ཡ།  འདི་ནི་ཐེ་ཝན་གྱི་ལོ་ངོ་སུམ་ཅུའི་རིང་བསམ་བློ་དང་ཀུན་སྤྱོད་སློབ་གསོ་གཙོ་བོར་བྱེད་པའི་བློ་དཀར་མཐོ་རིམ་བཟོ་ཚོང་སློབ་གྲྭ་རེད།  ཐེ་ཝན་གྱི་ཚགས་པར་དང་ལས་བསྡུ་བརྡ་སྦྱོར་ངོས་སུ་ནམ་རྒྱུན་བློ་དཀར་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་མི་བསྡུ་ཞེས་མཐོང་རྒྱུ་ཡོད་པ་རེད།

གཤམ་ལ་བཀོད་པ་ནི་སློབ་གྲྭ་འདིའི་སློབ་གཙོ་ཀའོ་དྲིན་ཏུང་གིས་ཀྲུང་གོ་རྒྱལ་ནང་དུ་སྤེལ་བའི་གཏམ་བཤད་ཞིག་རེད།

                                                                        

                                                                                          དངོས་གཞི།

    

སློབ་གྲོགས་རྣམ་པ།

          གནམ་འོག་དར་རྒུད་ཀྱི་ཚིག་རྗེས་མ་ཅི་ཡིན་པ་འེ་ཤེས།  ༼སྟེགས་བུའི་གཤམ་གྱི་སློབ་མ་ཚང་མས།  སྐྱེས་པའི་འགན།ཞེས་ལན་བཏབ༽ མ་རེད།  དེ་ནི་ང་ཡི་འགན་རེད།  དཔེར་ན་ད་ལོའི་མཐོ་རྒྱུགས་ལ་མི་རེ་རེར་སྐར་བཅུ་ཁ་སྣོན་བརྒྱབ་པ་ཡིན་ན་སྐར་གྲངས་མ་བསྣན་པ་དང་ཅི་ཁྱད།  གནམ་འོག་དར་རྒུད།  སྐྱེས་པའི་འགན་ཟེར་བ་ནི་མི་ཚང་མ་ལ་འགན་ཅི་ཡང་མེད་ཟེར་བ་དང་གཅིག་མཚུངས་རེད།  དེས་ན་སྐྱེས་པའི་འགན་དེ་ང་ཡི་འགན་ཞེས་པར་བསྒྱུར་དགོས་པ་རེད།  ང་ཡིས་འདི་ལྟར་སློབ་བུ་ཚོར་སློབ་གསོ་བཏང་བ་ཡིན་ལ།  དེ་བས་ད་ལྟ་རྒྱ་ནག་སྐམ་ས་ཆེན་པའི་སློབ་གསོ་སྒྲུབ་པ་མི་བཟང་བར་ང་ཀའོ་དྲིན་ཏུང་ལ་ཡང་འགན་ཡོད།  འདིའི་རྐྱེན་གྱིས་ང་མེས་རྒྱལ་དུ་ལོག་ནས་ཆེད་དུ་བསམ་བློ་ཀུན་སྤྱོད་སྐོར་གྱི་གཏམ་བཤད་འདི་སྤེལ་བ་ཡིན།

      གནམ་འོག་གི་དར་རྒུད་ང་ལ་ཡང་འགན་ཁུར་ཡོད་ཟེར་བ་ནི་ཁུང་་ཙིའི་བསམ་བློ་ཡིན་ཞིང་། ཡིས་གོང་མ་ཡང་མི་ཡིན་པ་དང་ཧྲིན་གོང་མ་ཡང་མི་ཡིན།  ང་ཡང་མི་ཡིན། དེས་ན་ཁོང་ཚོས་སྒྲུབ་ཐུབ་པ་ཞིག་ང་ཚོས་ཅི་ལ་མི་ནུས།

         གནམ་འོག་གི་དར་རྒུད་ང་ལ་ཡང་འགན་ཁུར་ཡོད་ཞེས་པའི་བསམ་བློ་འདི་ཡོད་ན་ད་གཟོད་ང་ཚོའི་རྒྱལ་ཁབ་ལ་རེ་བ་ཡོད་སོང་བ་རེད། ང་ཚོའི་སློབ་མ་རེ་རེས་གལ་ཏེ་སློབ་གྲྭའི་སྒྲིག་རིམ་མི་བཟང་བ་ང་ལ་འགན་ཡོད།  རྒྱལ་ཁབ་ཀྱིས་སློབ་གསོ་སྒྲུབ་པ་མི་བཟང་བར་ང་ལ་ཡང་འགན་ཁུར་ཡོད།  རྒྱལ་ཁབ་སྟོབས་འབྱོར་མི་ལྡན་པ་ང་ལ་ཡང་འགན་ཁུར་ཡོད་ཞེས་མི་རེ་རེས་རང་རྟོགས་ཀྱིས་ང་ཡི་འགན་ཁུར་ཡིན་པར་བསམ་ཐུབ་ན་གནམ་འོག་གི་རྒྱལ་ཁབ་གང་ཞིག་འཕེལ་རྒྱས་སུ་མི་འགྲོ།  མཐུན་སྒྲིལ་མེད་པའི་ཚོགས་པ་ཞིག་ཡོད་དམ།  དེ་བས་ང་ཚོ་སློབ་མ་རེ་རེས་འགན་ཁུར་ཡོད་ཚད་རང་སྟེང་དུ་ལེན་པ་ལས་ཕྱི་བཤོལ་བྱེད་པ་མ་རེད།  བདག་གིས་ཐེ་ཝན་ནས་སློབ་གྲྭ་འདི་ལྟར་སྒྲུབ་པ་ཡིན།  གལ་ཏེ་སློབ་ཁང་ཧ་ཅང་བཙོག་ན་ངས་ཅི་རེད་སོང་བ་རེད་ཅེས་དྲིས་ཚེ།  གལ་ཏེ་འདིར་ཡོད་པའི་སློབ་མ་ཞིག་ཡར་ལངས་ནས། དགེ་རྒན་ཡར་ཞུ།  དེ་རིང་ནི་ཨང་སྟེགས་༣༢པའི་སློབ་གྲོགས་ལས་རེས་ཡིན་ཡང་ཁོས་གད་བདར་མ་བྱས་པ་རེད་ཟེར་ངེས། ལས་རེས་མ་བྱས་པའི་སློབ་མ་དེར་ཡང་དེ་མཚུངས་ཀྱི་ཆད་པ་རག་ངེས་རེད།  ཡིན་ཡང་བདག་གི་སློབ་གྲྭའི་སློབ་མས།  དགེ་རྒན་ལགས།  དགོངས་པ་མ་འཚོམས།  འདི་ནི་ང་ཡི་འགན་ཁུར་རེད་ཞེས་ཟེར་བཞིན་མྱུར་དུ་སོང་ནས་གད་བདར་བྱེད།  དེ་བཞིན་གློག་སྒྲོན་ཚིག་སོང་བའམ།  ཤེལ་སྒོ་ཆག་འདུག་པ་སོགས་མཐོང་ཚེ་དེ་མ་ཐག་རང་ཉིད་ཀྱིས་དངུལ་བཏོན་ནས་བརྗེ་བ་རེད།    འགན་ཁུར་ལ་ཕྱི་བཤོལ་མེད་པར་རང་སྟེང་དུ་ལེན་ཐུབ་པ་འདི་ལ་ད་གཟོད་སློབ་གསོ་ཟེར་བ་རེད།  མི་འགའ་རེས་འདི་ལྟར་བྱས་ན་རང་གིས་ཕམ་ཁ་ཉོས་པ་རེད་ཟེར་སྲིད་མོད།  འོན་ཀྱང་ངས་ཁྱོད་ཚོར་བཤད་འདོད་པ་ནི་ཕམ་ཁ་ནི་རང་གི་ཁེ་བཟང་ཡིན་པ་རེད། འདི་ལྟ་བུའི་སློབ་གསོ་ནི་ང་ཚོའི་སེམས་ལ་དམ་པོར་འཛིན་དགོས་ཤིང་ཀྲུང་གོའི་མི་རེ་རེའི་སེམས་ལ་ཡང་འཛིན་དགོས་སོ།།

          སློབ་གྲྭས་ངེས་པར་གནམ་འོག་གི་དར་རྒུད་ང་ལ་འགན་ཡོད་པའིབསམ་བློའི་སློབ་གསོའི་སྦྱོང་བརྡར་བྱེད་འོས། སློབ་རྭ་གཙང་མ་མིན་པ་ང་ཚོ་ཚང་མ་ལ་འགན་ཁུར་ཡོད་པ་རེད། ཁྱོད་ཚོས་བསམ་བློ་ཐོངས་དང་།  འདི་ལྟ་བུའི་སློབ་རྭ་ཆེན་པོ་ཞིག་ལ་ཁྱོད་ཀྱིས་གཏོར་བརླག་མི་བྱེད་པ་དང་ང་ཡིས་གཏོར་བརླག་མ་བྱས་ན་ཅི་ལྟར་བཙོག་པར་འགྱུར་འགྲོ་བ་རེད།  བཙོག་པར་གྱུར་ཚེ་ཚང་མས་རང་རང་ས་ནས་གཙང་སྦྲ་བྱས་ཚེ་ཡང་བསྐྱར་བཙོག་པ་ཆགས་ངེས་སམ། ཁྱོད་ཀྱིས་ལས་བཟོ་བ་སྐོར་ཞིག་ལ་བལྟས་ཏེ་འདི་ནི་ཁོ་ཚོའི་བྱ་བ་རེད།  ང་ནི་རིག་གནས་སློབ་སར་ཡོང་བ་ཡིན་པ་ལས་ཐང་ཕྱགས་པར་ཡོང་བ་མིན་ཞེས་བཤད་ན་བསམ་བློའི་ལྟ་ཚུལ་འདི་ཅི་འདྲ་ཞིག་ཆགས་འདུག་གམ།  རིག་གནས་སྦྱོང་བ་ནི་མེས་རྒྱལ་ལ་ཞབས་འདེགས་མང་ཙམ་ཞུ་ཐུབ་པའི་ཆེད་དུ་མ་རེད་དམ།  མིག་མདུན་གྱི་ཞབས་ཕྱི་ཕྲན་བུ་འདི་བྱེད་མ་ཐུབ་ན་ཁྱེད་ཀྱིས་ད་དུང་མ་འོངས་པར་ཞབས་འདེགས་བྱེད་ཐུབ་བམ།  མིག་སྔར་གྱི་བྱ་བར་ཁྱོད་ཀྱིས་འགན་ཁུར་མི་ཐུབ་ན་མ་འོངས་པའི་ལས་ལ་འགན་ཁུར་ཐུབ་བམ།  རང་འབབ་ཆུའི་ཁ་ཤོར་ཡོད་ན་ཁྱོད་ཀྱིས་ཆུ་སྒོ་རྒྱག་མི་ཉན་པ་འེ་རེད།  མི་འགའ་རེས་དེ་ནི་སྤྱི་གཉེར་ཁང་གི་ལས་ཀ་རེད་ཟེར་བའི་བསམ་བློ་ནི་རྩ་བ་ནོར་བ་རེད།  སྤྱིར་བཏང་མི་འགའ་རེར་ཆེས་སྡུག་པའི་གོམས་གཤིས་ཤིག་ཡོད་པ་ནི། ཆུ་སྒོ་ཕྱེས་ནས་ཆུ་མེད་པ་ཤེས་རྗེས་མུ་མཐུད་སོང་ནས་ཆུ་སྒོ་གཉིས་པ་གསུམ་པ་སོགས་ཀྱི་ཁ་ཡང་ཕྱེས་པ་རེད།  འདི་ལྟ་བུའི་བྱ་སྤྱོད་ཅན་གྱི་སློབ་མ་ནི་ང་ཚོའི་སློབ་གྲྭར་མཚོན་ན་ཕྱིར་འབུད་བྱེད་ངེས་ཡིན།  ཁྱོད་ཀྱིས་ཆུ་སྒོ་དང་པོར་ཆུ་མེད་ན་ཆུ་སྒོ་གཞན་དག་ལ་ཡང་ཆུ་མེད་པ་མ་ཤེས་པ་རེད་དམ།  ཆུ་རྗེས་སུ་ཡོང་ངེས་པར་བསམ་བློ་མ་བཏང་ངམ། མི་ཞིག་ཡིན་ན་ཕྱི་འདང་ཞིག་མ་བརྒྱབ་ན་ག་ལ་ཆོག  

       རྒྱལ་ཁབ་ཀྱི་ལས་བྱེད་ཞིག་དང་མི་ཞིག་ལ་མཚོན་ནས་བཤད་ན།  བྱ་བ་དེའི་མཇུག་འབྲས་ཅི་འབྱུང་ལ་བསམ་བློ་གཏོང་དགོས་ཤིང་།  མཇུག་འབྲས་ལ་བསམ་བློ་བཏང་བ་ཅི་ལྟར་གཏིང་ཟབ་ན་དེ་ལྟར་ལེགས་འགྲུབ་ཆེན་པོ་བྱུང་བའི་མི་རེད།  རང་གཅིག་པུའི་མིག་མདུན་གྱི་ཁེ་ཕན་ཁོ་ན་དོན་དུ་གཉེར་བའི་མི་ཞིག་ཡིན་ན་དེ་ནི་ལས་བྱེད་བཟང་པོ་ཞིག་མ་རེད།  ཀུན་ལ་ཕན་ཐོགས་པའི་མི་ཞིག་མ་རེད།  ཆུ་སྒོ་མ་བརྒྱབ་པ་ཡིན་ན་ཆུ་ཐོན་ཚེ་ས་ཐམས་ཅད་ཆུས་ཁྱབ་པར་ཐོན་ངེས་ལ་ད་དུང་ཆུ་སྒོ་རྒྱག་ས་མི་འགྲོ་བར་གང་ལྟར་རྒྱལ་ཁབ་ཀྱི་ཆུ་རེད།  ངེད་ཚང་གི་མ་རེད་འདོད་མཁན་ཚོ་ནི་རྒྱལ་ཁབ་ལ་གྱོང་གུན་བཟོ་མཁན་དང་དེ་ནི་ནང་མྱུལ་བ་ལས་ཀྱང་སྡུག་པོ་རེད།   ཁྱོད་ཀྱིས་ཅིའི་ཕྱིར་རྒྱལ་ཁབ་ཀྱི་ཆུ་ཆུད་ཟོས་སུ་གཏོང་བ་ཡིན། ཁྱོད་ཀྱིས་ཅིའི་ཕྱིར་རྒྱལ་ཁབ་ཀྱི་ཐོན་ཁུངས་ཆུད་ཟོས་སུ་གཏོང་བ་ཡིན།  ངས་ཉིན་རེར་ངོ་བཀྲུ་ཚེ་ཡང་རྒྱལ་ཁབ་ལ་ཆུ་གཞོང་པ་གང་རེ་གྲོན་ཆུང་བྱེད་བཞིན་ཡོད།  ལོ་གཅིག་ལ་ག་ཚད་གྲོན་ཆུང་བྱེད་ཐུབ་པ་རེད།  ཁྱོད་ཀྱིས་རྩིས་ཤིག་རྒྱོབས་དང་།   ཁྱོད་ཚོའི་སློབ་གྲྭར་སློབ་མ་སྟོང་ཕྲག་ལྔ་དྲུག་ཙམ་ཡོད་པས་མི་རེས་ཉིན་རེར་ཆུ་གཞོང་པ་གང་རེ་གྲོན་ཆུང་བྱས་པ་ཡིན་ན་ཆུ་ག་ཚད་ཅིག་གྲོན་ཆུང་བྱས་པ་རེད།  ཆུ་ལ་གྲོན་ཆུང་བྱེད་པ་ནི་གློག་ལ་གྲོན་ཆུང་བྱས་པ་ཡིན་ཞིང་།  རྒྱལ་ཁབ་ཀྱི་ཐོན་ཁུངས་གྲོན་ཆུང་བྱས་པ་རེད།  

      རྒྱལ་གཅེས་ཀྱི་གོ་དོན་ནི་གཉིས་ཡོད་དེ།  གཅིག་ནི་འབད་བརྩོན་བསྟེན་པའི་རྒྱལ་གཅེས་པ་དང་།  གཅིག་ནི་འཛད་སྤྱོད་རྒྱལ་གཅེས་པ་རེད།  འབད་བརྩོན་ཅན་གྱི་རྒྱལ་གཅེས་པས་རྒྱལ་ཁབ་ཀྱི་ཆེད་དུ་རྒྱུ་ནོར་གསར་བསྐྲུན་བྱེད་ཅིང་མཛད་སྤྱོད་པའི་རྒྱལ་གཅེས་པས་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་ལ་གྲོན་ཆུང་བྱེད་པ་རེད།   རྒྱལ་ཁབ་ཀྱི་དམངས་ཚོགས་ཁྲི་འབུམ་མང་པོའི་དཀའ་སྡུག་གི་རྔུལ་ཆུས་བསྐྲུན་པའི་རྒྱུ་ནོར་གྱིས་ཁྱོད་རིག་གནས་སློབ་གྲྭར་བསྐྱལ་བ་ཡིན་ན་ཁྱོད་ཀྱིས་ད་དུང་རྒྱལ་ཁབ་ཀྱི་རྒྱུ་ནོར་ཆུད་ཟོས་སུ་བཏང་བ་ཡིན་ན་ཁྱོད་ལ་རྒྱུ་འབྲས་ཞིག་ཡོད་དམ།  ཁྱོད་ཚོ་སློབ་ཆེན་པ་ཚོས་འདི་ལྟར་ཆུད་ཟོས་སུ་གཏོང་ན་སློབ་འབྲིང་།  སློབ་ཆུང་བ་ཚོར་རེ་བ་བཅང་རྒྱུ་ཡོད་དམ། དམངས་ཚོགས་ཞིག་ལ་རེ་བ་འཛིན་རྒྱུ་ཡོད་དམ།   ཁྱོད་ཚོ་མཐོ་རིམ་སློབ་གསོ་མྱོང་མཁན་ཞིག་གིས་ཅི་ལྟར་རྒྱལ་གཅེས་བྱེད་དགོས་པ་མ་ཤེས་ན་སྤྱིར་བཏང་གི་དམངས་ཚོགས་ཞིག་གིས་ཅི་ལྟར་ཤེས་དགོས་པ་རེད།   ང་ཚོས་རང་ཉིད་ཀྱི་ཉེ་འཁོར་ནས་འགོ་བརྩམས་ཏེ་བྱ་བ་སྒྲུབ་ན་ད་གཟོད་ང་ཚོའི་རྒྱལ་ཁབ་ལ་རེ་བ་ཡོད་པ་རེད།   འདི་ནི་གནམ་འོག་གི་དར་རྒུད་ང་ལ་ཡང་འགན་ཡོད་པའི་ཧུར་བརྩོན་དང་འགན་ཁུར་གྱི་བསམ་བློའི་ལྟ་ཚུལ་ཡིན་ཞིང་།  འདི་ལ་བསམ་བློའི་ཀུན་སྤྱོད་ཀྱི་སློབ་གསོ་ཟེར།

          ཕྱོགས་གཞན་ནས་ང་ཚོས་བཟང་ཆ་ཆུང་ཆུང་རེད་སྙམ་ནས་སྣང་མེད་དུ་མི་འཇོག་པ་དང་།  སྐྱོན་ཆ་ཆུང་ཆུང་རེད་སྙམ་ནས་སྣང་ཆུང་དུ་མི་འཇོག་པའི་ལས་གཅེས་ཀྱི་ལྟ་ཚུལ་འདི་དགོས།

   གནམ་འོག་འདི་ན་ཆེད་དུ་དམིགས་པའི་དོན་དག་ཆེན་པོ་ཡོད་པ་མ་རེད།  ཡིན་ན་ཡང་དོན་ཆུང་གང་ཡིན་ཐམས་ཅད་དོན་ཆེན་ཡིན་པ་རེད།  དོན་ཆུང་གིས་དོན་ཆེན་བརླགས་འགྲོ་བ་དང་།  དོན་ཆུང་གིས་དོན་ཆེན་འགྲུབ་པར་བྱེད་པ་རེད། བསམ་བློའི་ཀུན་སྤྱོད་ཀྱི་གོམས་གཤིས་བཟང་པོ་ཞིག་ཆགས་པའི་ཐོག་མ་ནི་ལོ་ན་ཧ་ཅང་ཆུང་ཆུང་གི་དུས་ནས་བཤེས་གཉེན་ལ་བཀུར་བ་ནས་འགོ་བརྩམས་ཏེ་ཡོང་བ་དང་།  ཀུན་སྤྱོད་ནི་རིམ་གྱིས་ཆགས་དགོས་པ་ཞིག་ལས་ཆེད་དུ་དོན་ཆེན་ཞིག་ལ་དམིགས་ནས་སྒྲུབ་དགོས་པ་མ་རེད །  དེ་རིང་སྔ་དྲོའི་སློབ་ཁྲིད་ལ་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་དང་ངེད་གཉིས་མཉམ་དུ་ཡོང་བ་ཡིན།  ཚོམས་ཁང་དུ་ཤོག་ཧྲུལ་མང་པོ་ཞིག་མཐོང་བས་ངས་ལས་བཟོ་བར་བཏུ་མི་དགོས། ཕྱི་དྲོ་སློབ་མ་ཁོ་རང་ཚོར་འཐུ་རུ་བཅུག་ཞེས་བཤད་པ་ཡིན། 

      སློབ་གྲོགས་རྣམ་པ།  ཁྱོད་ཚོ་སུ་ཡིས་ཤོག་ཧྲུལ་གང་སར་གཏོར་ན་དེ་ནི་རང་གི་རྒྱལ་ཁབ་ལ་མ་དགའ་བ་རེད།  གནམ་འོག་ན་དོན་ཆེན་ཞིག་ཡོད་པ་མ་རེད།  ཁྱེད་ཀྱིས་རང་གི་རྐང་འོག་གི་ཤོག་ཧྲུལ་དེ་བཏུས་ཤོག  འདི་ནི་ང་ཚོའི་ཀུན་སྤྱོད་ཀྱི་སློབ་དེབ་གསོན་པོ་རེད།  ད་ལྟ་སློབ་གྲོགས་ཚོས་རང་གི་རྐང་འོག་གི་ཤོག་ཧྲུལ་དག་ཡར་སྒྲུག་དང་འདི་ནི་རྒྱལ་གཅེས་ཀྱི་བྱ་བ་ཞིག་རེད།  འོག་ཏུ་བདག་གིས་ཚང་མར་ཤོག་བུ་དང་འབྲེལ་བའི་གཏམ་རྒྱུད་གཉིས་བཤད།

         དང་པོ་ནི་ཨ་མེ་རི་ཀར་ཧྥོ་ཐི་བཟོ་གྲྭ་ཟེར་བ་ཞིག་ཡོད།  ཧྥོ་ཐི་ཟེར་བ་ནི་མི་ཞིག་གི་མིང་རེད། ཁོ་རང་སློབ་ཆེན་མཐར་ཕྱིན་རྗེས་རླངས་འཁོར་བཟོ་གྲྭ་ཞིག་ལ་ལས་མི་བསྡུ་བརྩོན་ལ་སོང་བ་རེད།  ཁོ་དང་མཉམ་དུ་ལས་མི་བསྡུ་བརྩོན་ལ་ཡོང་མཁན་གསུམ་བཞི་ཞིག་ཡོད་པ་དང་དེ་དག་ཚང་མར་ཁོ་ལས་མཐོ་བའི་སློབ་ཐོན་ལག་འཁྱེར་ཡོད་པ་རེད།  སྔོན་གྱི་མི་སྐོར་ཞིག་ལ་ངོ་རྒྱུགས་བླངས་ཚར་རྗེས་ཁོའི་སེམས་སུ་བདག་ལ་ད་ནི་རེ་བ་མི་འདུག་སྙམ།  ཡིན་ཡང་ཁོས་སྒོ་བརྡུང་ནས་སྤྱི་གཉེར་བའི་གཞུང་ལས་ཁང་དུ་འགྲོ་སྐབས་སྒོ་ཁར་ཤོག་ཧྲུལ་ཞིག་ཡོད་པ་སྐེད་པ་སྒུར་ཞོར་ལག་པས་བླངས་ནས་འགྲོ་ཞོར་གད་སྒམ་ནང་དུ་འཕངས་རྗེས་སྤྱི་གཉེར་བའི་གཞུང་སྒྲུབ་ཅོག་ཙེའི་མདུན་དུ་སོང་ནས་ང་ལས་མི་བསྡུ་བརྩོན་པ་ཧྥོ་ཐི་ཡིན་ཞེས་བཤད།  སྤྱི་གཉེར་བས་ཁོ་ལ།  ཧ་ཅང་བཟང་གི  ཧ་ཅང་བཟང་གི   སྐུ་ཞབས་ཧྥོ་ཐི་ལགས།  ཁྱོད་ང་ཚོའི་ལས་མིར་བླངས་པ་ཡིན་ཞེས་ཟེར།  སྐབས་དེར་ཧྥོ་ཐིར་ཧ་ལས་པའི་ངང་སྤྱི་གཉེར་བ་ལགས།  བདག་གིས་བསམ་ན་སྔོན་གྱི་མི་དེ་ཚོ་ང་ལས་ཧ་ཅང་བཟང་པོ་འདུག  ཁྱོད་ཀྱིས་ང་ཅིའི་ཕྱིར་ལས་མིར་བླངས་པ་ཡིན་ཞེས་དྲིས།  སྤྱི་གཉེར་བས་བཤད་རྒྱུར།  སྐུ་ཞབས་ཧྥོ་ཐིར་ལགས།  སྔོན་གྱི་མི་གསུམ་དེ་ནི་ཁྱོད་ལས་སློབ་རྟགས་མཐོ་ཞིང་ཧ་ཅང་གུས་ལུགས་ལྡན།  ཡིན་ཡང་ཁོ་ཚོའི་མིག་གིས་བྱ་དངོས་ཆེན་པོ་མ་གཏོགས་ཆུང་ཆུང་མཐོང་གི་མི་འདུག  ཁྱོད་ཀྱིས་མིག་གིས་བྱ་དངོས་ཆུང་ཆུང་མཐོང་གི་འདུག   བདག་གིས་བསམ་ན་དོན་ཆུང་ཆུང་མཐོང་བའི་མིས་དོན་ཆེན་པོ་རང་བཞིན་གྱིས་མཐོང་ངེས་རེད།  དོན་ཆེན་པོ་གཅིག་པུར་མིག་ཟུང་གཏོད་མཁན་གྱི་མི་ཞིག་ཡིན་ན་ཁོས་དོན་ཆུང་མང་པོ་མཐུས་ཤོར་འགྲོ་གི་རེད།  དེ་ཡིས་ཁོ་ལེགས་འགྲུབ་འབྱུང་ཐུབ་གི་མ་རེད།  དེ་བས་བདག་གིས་ཁྱོད་ང་ཚོའི་ལས་མིར་བླངས་པ་ཡིན་ཞེས་བཤད།  ཧྥོ་ཐིར་འདི་ལྟར་བཟོ་གྲྭ་འདིའི་ལས་བཟོ་བར་གྱུར་ཞིང་།  སྐབས་དེར་བཟོ་གྲྭ་འདི་དེ་འདྲ་མིང་གྲགས་ཆེ་བ་ཞིག་མ་རེད།  རྗེས་སུ་ཧྥོ་ཐིར་གྱིས་བཟོ་གྲྭ་འདིའི་མིང་བསྒྱུར་ནས་ཧྥོ་ཐིར་བཟོ་གྲྭ་ཞེས་བཏགས་ཤིང་།  དེ་དང་བསྟུན་ནས་རིམ་གྱིས་མ་འགྱངས་པར་བཟོ་གྲྭ་འདིས་ཨ་རིའི་རྒྱལ་དམངས་་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་བྱིན་པ་དང་། ཨ་རིའི་རླངས་འཁོར་འཛམ་གླིང་གི་རླངས་འཁོར་བཟོ་གྲྭ་རྩེ་གྲར་གྱུར།  འདི་ནི་དེ་རིང་གི་ཨ་རིའི་ཧྥོ་ཐི་བཟོ་གྲྭ་གསར་བཏོད་པ་ཧྥོ་ཐིར་གྱི་གཏམ་རྒྱུད་རེད།   ཚང་མས་ཤོད་དང་།  ཤོག་ཧྲུལ་འདི་གལ་ཆེན་འེ་རེད།  དོན་ཆུང་མཐོང་བའི་མིས་དོན་ཆེན་མཐོང་ངེས་ཤིང་།  ཡིན་ན་ཡང་དོན་ཆེན་པོ་མཐོང་བའི་མིས་དོན་ཆུང་མཐོང་ངེས་པར་བཤད་དཀའ།  འདི་ནི་རྩ་ཆེ་བའི་སློབ་གསོ་ཞིག་རེད།

ཐེ་ཝན་གྱི་སློབ་གཙོ་ཞིག་གི་གཏམ་བཤད་ཚན་པ་གཉིས་པ།        

 

       དེས་ན་ཤོག་ཧྲུལ་གྱི་གཏམ་རྒྱུད་གཉིས་པ་ནི།  ཐེངས་འདིའི་ཡ་གླིང་ལུས་རྩལ་འགྲན་ཚོགས་འཇར་པན་ཀོན་དོད་ནས་ཚོགས་ཤིང་མི་ཚོགས་གྲོལ་ཚར་དུས་མི་ཁྲི་དྲུག་ལྷག་འདུས་པའི་ཚོགས་རྭ་འདིར་ཤོག་ཧྲུལ་གྱི་གད་སྙིགས་གཅིག་ཀྱང་མེད་པ་རེད།  འཛམ་གླིང་གི་གསར་ཤོག་ཆེན་་མོ་གང་སར་ཧ་ལས་པའི་ངང་།  གུས་པར་འོས་ཤིང་ཧ་ལས་པའི་འཇར་པན་པ་ཞེས་བཀོད་ཡོད་ཅིང་།  ཚོགས་རྭ་ཆེན་མོ་འདི་འདྲ་ཞིག་ལ་ཤོག་ཧྲུལ་གཅིག་ཀྱང་མེད་པ་ནི་འཛམ་གླིང་མི་དམངས་ཧང་སང་དགོས་པ་ཞིག་རེད།  ད་ལྟ་ང་ཚོས་ཕྱིར་འཁོར་ནས་པེ་ཅིན་ཐང་ཆེན་གྱི་རྒྱལ་དར་བསྒྲེང་བའི་མཛད་སྒོ་ལ་ཅིག་ལྟོས་དང་།  མི་ཚོགས་གྲོལ་ཚར་ཤུལ་ཐམས་ཅད་ཤོག་ཧྲུལ་གྱིས་གང་སར་ཁྱབ་འདུག   ཕྱི་རྒྱལ་གྱི་མི་ཞིག་གིས་མཐོང་ན་ཁྱོད་ཚོ་ཀྲུང་གོ་བ་འཇར་པན་པ་དང་བསྡུར་ན་ད་ལྟ་ཧ་ཅང་གིས་རྗེས་ལུས་སུ་གྱུར་འདུག་ཞེས་ཟེར་ངེས།  ཚང་མས་ང་ཚོའི་རྒྱལ་ཁབ་ཀྱི་ས་ཆེ་ཞིང་གཏེར་ཁ་མོད།  གསེར་གྱི་རྟགས་མ་༡༣༧བླངས་ཡོད་བཤད་ཀྱང་གཅིག་ཀྱང་ཕན་ཐོགས་མེད།  རྒྱུ་མཚན་ང་ཚོའི་ཀུན་སྤྱོད་ཚད་གཞི་ད་དུང་ཡར་ཐོན་བྱུང་མེད་པས་སྔོན་ཐོན་དང་ཡར་རྒྱས་ལ་བར་ཐག་ཧ་ཅང་རིང་།   ཚང་མས་ཤོད་དང་།  ཤོག་ཧྲུལ་འདི་གལ་ཆེན་པོ་འེ་རེད།  དེ་བས་ངས་ཚང་མ་ལ་ཤོག་ཧྲུལ་གཅིག་ཡར་བཏུས་དང་།  འདི་རྒྱལ་གཅེས་རེད་ཞེས་བཤད་པ་ཡིན།  དོན་ཆེན་གང་ཡིན་ཐམས་ཅད་ཐོག་མར་དོན་ཆུང་ཆུང་ནས་འགོ་བརྩམས་ཏེ་སྒྲུབ་དགོས་པ་རེད།

       ཨ་རིའི་མཁའ་དབྱིངས་འཁོར་སྐར་གསུམ་པ་རྟགས་ཅན་ཅུང་མི་འགོར་བར་ཟླ་བའི་སྟེང་སླེབས་ལ་ཉེ་བ་རེད།  ཡིན་ན་ཡང་།  ཁོ་ཚོ་འུ་ཐུག་པའི་ངང་ཕྱིར་སའི་གོ་ལའི་སྟེང་ལོག་པ་རེད།  དེའི་རྒྱུ་མཚན་ཅི་བྱུང་བ་རེད་ཟེར་ན།  སྒོར་སུམ་ཅུའི་རིན་པ་ལས་མེད་པའི་གློག་རྡུལ་གསོག་ཆས་ལ་སྐྱོན་ཤོར་བས་ཁོ་ཚོས་ཡུན་རིང་ལ་འབད་བརྩོན་བསྟེན་ནས་ཡོང་བའི་མཁའ་བསྐྱོད་འཆར་གཞི་ལ་བར་ཆད་ཆེན་པོ་བཟོས་ཤིང་།  ཨ་སྒོར་དུང་ཕྱུར་ཁྲི་ཕྲག་མང་པོ་ཆུད་ཟོས་སུ་ཤོར་སོང་།  གནམ་འོག་ན་དོན་ཆེན་འདུག་གམ།  ཚང་མས་ཤོད་དང་།  ཉེ་སྔོན་གྱི་གནམ་གྲུའི་ཆག་སྐྱོན་ནི་གཤོག་པ་གཉིས་དང་གནམ་གྲུའི་མགོ་ས་ལ་ལྷུང་བ་རེད་དམ།  མ་རེད།  དེ་ནི་སྣུམ་ལམ་ཆུང་ཆུང་ཞིག་བརྒྱུད་ནས་གནམ་གྲུའི་འབབ་འཁོར་གྱི་འཁོར་ལོ་སར་མ་བབ་པས་དོན་རྐྱེན་བྱུང་བ་རེད།  གཞན་ཡང་དཔེར་ན་མི་གཅིག་ཤི་འགྲོ་བའི་དབང་དུ་བཏང་ན་དེ་ནི་མི་དེའི་ལུས་ཀྱི་ཆ་ཤས་ཐམས་ཅད་ནས་ཤི་སོང་བ་མ་ཡིན་པར་གློ་མཆིན་དང་ཡང་ན་སྙིང་གི་ནད་སོགས་ལུས་ཀྱི་ཆ་ཤས་ཆུང་ཆུང་དག་གིས་རྐྱེན་གྱིས་ཤི་སོང་བ་རེད།

         སློབ་གྲོགས་རྣམ་པ།  ང་ཚོས་དེ་རིང་ནས་བཟུང་ཏེ་ལས་གཅེས་ཀྱི་ལྟ་བར་སློབ་སྦྱོང་བྱེད་རོགས།  ང་ཚོའི་ཀྲུང་གོ་རྒྱལ་ཁབ་ཀྱིས་ལོ་དགུའི་བསྟུད་འབྲེལ་ལམ་ལུགས་ཀྱི་སློབ་རྒྱུན་སློབ་གསོ་སྤེལ་དོན་ནི་སློབ་གྲོགས་ཚོས་དགེ་རྒན་དང་ཅི་ལྟར་འབྲེལ་འདྲིས་བྱེད་སྟངས་དང་།  གྲོགས་པོར་ཅི་ལྟར་འབྲེལ་འདྲིས་ཀྱི་སློབ་གསོའི་དམིགས་ཡུལ་ཡིན་པ་རེད།

        ད་དུང་དཔེ་གཞན་ཞིག་དྲངས་ན།  ང་ཚོ་ཚང་མས་ཀྲུང་གོའི་ཟ་མ་ཟ་བ་དང་ཀྲུང་གོའི་སྐད་ཆ་བཤད་ཅིང་ཀྲུང་གོའི་དུས་སྟོན་ལ་རོལ་ཅིང་ཀྲུང་གོའི་ལྭ་བ་གྱོན་པ་སོགས་མི་རིགས་རིག་གནས་དར་རྒྱས་ཀྱི་ཀུན་སྤྱོད་སློབ་གསོ་ཡོད་པ་རེད།  གལ་ཏེ་ཀྲུང་གོའི་མི་ཞིག་གིས་ཀྲུང་གོའི་ཟ་མ་ཡང་མི་ཟ་ན་ད་དུང་ཁོ་ལ་ཀྲུང་གོ་བ་ཟེར་རམ།  ཀྲུང་གོའི་ཟ་མ་ཟ་བའི་ཐོག་མ་ནི་ཟ་ཐུར་བེད་སྤྱོད་བྱེད་པ་དེ་རེད།  ཟ་ཐུར་ནི་ཐོག་མར་ཀྲུང་གོ་ནས་དར་བ་ཡིན་ཞིང་རིག་གནས་ལྡན་པའི་བྱ་སྤྱོད་ཅིག་རེད།  ང་ཨ་རིར་འགྲོ་སྐབས་ལན་རེར་ཁོ་ཚོའི་ནུབ་ཟས་བཟའ་བ་ཡིན།  ཡིན་ཡང་ནུབ་ཟས་འཁྱེར་ཡོང་མ་ཐག་ངས་ཁོ་ཚོར་ང་ལ་ཟ་ཐུར་སྟེར་རོགས་བཤད་པ་ཡིན།   ཁོ་ཚོས་ང་ལ་ནུབ་ཟས་ལ་གྲི་མི་བཀོལ་བར་ཟ་ཐུར་བཀོལ་དོན་ཅི་ཡིན་ཟེར།  ངས་ཁོ་ཚོར་ཟ་ཐུར་ནི་ཤེས་རིག་ལྡན་པའི་བྱ་སྤྱོད་ཅིག་ཡིན་ཞིང་གྲི་ནི་ཧམ་སེམས་ཀྱི་མཚོན་རྟགས་ཡིན་པས་ངས་གྲི་མི་བཀོལ་ཞེས་བཤད་པ་ཡིན།  ཟ་ཐུར་གྱིས་ཟ་མ་བཅད་ཆོག་ལ་འཛིན་པ་དང་ལེན་པ་སོགས་མི་ནུས་པ་ཅི་ཡང་མེད།  ཡིན་ཡང་ཁྱོད་ཚོའི་གྲི་ཡི་ཁ་རྣོ་རྟུལ་ཆེ་ཞིང་མདོར་ན་མི་གསོད་ཀྱི་ལག་ཆ་རེད། 

         སློབ་གྲོགས་ཚོས་བྱ་ཤ་བསྲེག་མ་ཟ་རྒྱུ་ཟེར་ན་ངས་ཆོག་གི་ཟེར་ངེས།  གལ་ཏེ་ཁིན་ཏུ་བྱ་ཤ་(肯德鸡)ཟ་ཟེར་ན་ངས་བརྡུང་ངེས་ཡིན།  ཁོས་གོ་རེའི་བར་དུ་སྲན་ཕྱེ་ཁུ་བ་བྱུགས་ན་ཟ་བསམ་ན་ངས་ཆོག་གི་ཟེར་དེས།  གལ་ཏེ་ཁོས་ཧན་པོད་(汉堡)ཟ་ཟེར་ན་ངས་བརྡུང་ངེས་ཡིན།  འདིའི་མིང་ལ་ད་གཟོད་ཀྲུང་གོའི་བསམ་བློ་ཡོད་པའི་སྙིང་སྟོབས་སློབ་གསོ་ཟེར་བ་ཡིན། ཕྱི་རྒྱལ་བ་ནི་འཕྲུལ་ཆས་ཀྱིས་ཁ་ལོ་བསྒྱུར་ཡོད་ཅིང་མདའ་མཚོན་སོགས་ང་ཚོ་ལས་ངར་ཡང་བཟའ་རྒྱུའི་ཕྱོགས་ནས་ང་ཚོ་ལ་འགྲན་ནུས་སམ།  ཁོ་ཚོས་བཟའ་བ་ཐམས་ཅད་སྐོར་ལོག་ཅིག་རེད།  ཡིད་སྐྱོ་བ་ཅིག་རེད། 

          ང་ཚོ་སློབ་གྲྭའི་དབྱིན་སྐད་སློབ་ཁྲིད་ནི་ཐེ་ཝན་གྱི་ཆེས་བཟང་པ་དེ་ཡིན་ཞིང་།  ངས་ཆེད་དུ་ཨ་རི་ནས་དབྱིན་ཡིག་དགེ་རྒན་གཉིས་གདན་འདྲེན་ཞུས་ཏེ་སླིབ་ཁྲིད་བྱེད་བཅུག་པ་ཡིན།  ད་དུང་ཨ་རིའི་འཛིན་གྲྭ་ཞིག་ཡོད་ཅིང་ཁོ་ཚོ་ཨ་རིར་གནས་བཅས་དགོས་པ་ཡིན་ཡང་ངས་ཁོ་ཚོས་སློབ་སྦྱོང་བྱེད་པའི་དབྱིན་ཡིག་སློབ་དེབ་ཀྱི་མདུན་ངོས་སུ།ང་ཚོས་དབྱིན་ཡིག་སློབ་པ་ནི་ང་ཚོའི་རྒྱལ་ཁབ་ཀྱི་ངོ་ཚ་ཡིན་ཞིང་། དབྱིན་ཡིག་སློབ་པ་ནི་ཀྲུང་གོ་བའི་ཆེས་ཡིད་སྐྱོ་བའི་དོན་ཅིག་ཡིན།  ཡིན་ན་ཡང་གཞན་ཚང་མ་ང་ཚོའི་སྔོན་དུ་སླེབས་ཟིན་པས་ང་ཚོས་དབྱིན་ཡིག་འདི་མི་སློབ་ཐབས་མེད་ཡིན།  དགྲ་བོའི་མེ་མདའ་དང་ཚན་རིག་གིས་ང་ཚོའི་མགོ་བོ་ཡར་འགྱོག་དཀའ་བར་བྱས་ཡོད།  དེ་བས་ང་ཚོས་དེ་རིང་ངེས་པར་དུ་ཁོ་ཚོའི་ཚན་རིག་ལ་སློབ་སྦྱོང་བྱས་ཏེ་མཐའ་མཇུག་ཁོ་ཚོ་ཕམ་པར་རྒྱག་དགོས།  ཁོ་ཚོའི་སྔོན་དུ་བརྒལ་དགོས།  ང་ཚོའི་ནུས་པས་ཁོ་ཚོའི་ནུས་པ་འཇོམས་པར་བྱེད།  དེས་ན་དབྱིན་ཡིག་མི་ཤེས་ཐབས་མེད་ཡིན་པས་ང་ཚོས་མ་མགལ་སོ་བཅིང་གིས་དབྱིན་ཡིག་ལ་སློབ་སྦྱོང་བྱེད།  ང་ཚོས་དབྱིན་ཡིག་སློབ་པའི་དམིགས་ཡུལ་ནི་ཨ་རིར་སོང་ནས་ཟས་སྣོད་བཀྲུ་ཞིང་ཆབ་ཁང་ཕྱགས་ནས་ཕྱི་རྒྱལ་བར་ཞབས་ཕྱི་བྱས་ཏེ་ང་ཚོའི་ཕ་མེས་ཡང་མེས་ཀྱི་བླ་བཙོང་པའི་ཆེད་དུ་མ་ཡིན་ནོ་ཞེས་པའི་སྐད་ཆ་འདི་བྲིས་ཡོད།   དེ་བས་བདག་གི་སློབ་མས་དབྱིན་ཡིག་གི་སློབ་སྦྱོང་ཧ་ཅང་བཟང་།  གལ་ཏེ་དབྱིན་ཡིག་དགེ་རྒན་གྱིས་དབྱིན་ཡིག་གི་སློབ་ཁྲིད་ཚོགས་དུས།  སློབ་གྲོགས་ཚོ།  དེ་རིང་ང་ཚོས་དབྱིན་ཡིག་ལ་སློབ་སྦྱོང་བྱེད།  དབྱིན་ཡིག་ནི་འཛན་གླིང་གི་སྐད་ཡིག་ཡིན་ཞིང་།  འཛམ་གླིང་སྟེང་ཆེས་སྙན་པའི་སྐད་ཆ་རེད། དབྱིན་ཡིག་མི་ཤེས་པའི་མི་རིགས་ནི་རྗེས་ལུས་ཀྱི་མི་རིགས་ཅིག་གོ།  དབྱིན་ཡིག་ནི་མཛེས་སྡུག་ལྡན་ཞིང་ཤིན་ཏུ་ནུས་པ་དང་ལྡན་ནོ།།ཞེས་བཤད་ན་ཁྱོད་ཀྱིས་ཤོད་དང་།  དགེ་རྒན་འདི་ལ་ཉེས་བརྡུང་རག་གམ། དེ་བས་བདག་གིས་ནམ་རྒྱུན་དགེ་རྒན་རྣམ་པར་ཁྱོད་ཚོས་སློབ་མ་ཚོར་སློབ་ཁྲིད་ཡག་པོ་བྱོས།  ཕྱི་གླིང་བ་དེ་ཚོའི་ཚབ་ཏུ་དབྱིན་ཡིག་རང་གི་སྐད་ཡིག་ལས་བཟང་བའི་དྲིལ་བསྒྲགས་དེ་འདྲ་མ་བྱེད།  དེ་ལྟར་བྱས་ན་ཁྱོད་རང་ནང་འཚོང་བར་གྱུར་བ་རེད།  དཀའ་སྤྱད་འབད་བརྩོན་བསྟེན་ནས་ཕྱི་རྒྱལ་བ་ལས་རྣམ་པར་རྒྱལ་རྒྱུ་ནི་ང་ཚོ་ཀྲུང་གོ་བ་ཡོངས་ཀྱི་རེ་བ་ཡིན་པ་རེད་ཅེས་སློབ་མ་ཚོར་བཤད་རོགས་ཅེས་བཤད་པ་ཡིན། 

          ཁྱོད་ཚོའི་སློབ་གྲྭ་འདིར་ཡང་དབྱིན་ཡིག་དགེ་རྒན་དང་ཕྱི་སྐད་ཚན་ཁག་གི་སློབ་མ་མང་པོ་ཡོད་པ་རེད།  དེ་བས་དབྱིན་ཡིག་དགེ་རྒན་ཚོས་དབྱིན་ཡིག་སློབ་ཁྲིད་ཀྱི་རྒྱལ་གཅེས་བསམ་བློ་སྤེལ་བ་ལས་ཕྱི་གླིང་བ་དྲིལ་བསྒྲགས་མ་བྱེད་ཅིག  ཁྱོད་ཀྱི་དབྱིན་ཡིག་གི་སློབ་ཁྲིད་ཀྱིས་ཁོ་ཚོས་དབྱིན་སྐད་སྦྱོང་བའི་ཞོར་དུ་རྒྱལ་གཅེས་ཀྱི་བསམ་བློ་མེ་ལྟར་འབར་བར་བྱེད་དགོས་པ་རེད།  

          སློབ་གྲོགས་ཚོས་གོང་གི་གནས་ལུགས་འདི་རྟོགས་རྗེས་ང་ཚོས་ཤེས་དགོས་པ་ཞིག་ནི་ང་ཚོའི་དེ་རིང་གི་སློབ་གསོ་ནི་ཕམ་ཁའི་སློབ་གསོ་ཞིག་ཡིན་པ་རེད།  རྒྱུ་མཚན་ང་ཚོར་ཆུང་དུས་སློབ་གསོ་གཏོང་སྟངས་ནོར་འདུག

          མི་མང་པོ་ཞིག་གིས་རང་གི་དགའ་སྣང་གི་ཆེད་དུ་སློབ་སྦྱོང་བྱེད་པ་ནི་དངོས་ནས་གནས་ལུགས་དང་མི་མཐུན་པ་ཞིག་རེད།  སློབ་སྦྱོང་བྱེད་པ་ནི་དགའ་སྣང་ཞིག་གི་ཆེད་དུ་མ་ཡིན་པར་འགན་ཁུར་ཞིག་གི་ཆེད་དུ་ཡིན་དགོས།  འགན་ཁུར་གྱི་ཁྲོད་ན་ད་གཟོད་དགའ་སྣང་བཙལ་ཐུབ་པ་དང་།  ཡིན་ཡང་དགའ་སྣང་གིས་འགན་ཁུར་གྱི་ཚབ་བྱེད་མི་ཐུབ་བོ།།  ཆེས་མུན་ནག་གི་དུས་སྐབས་སུ་དཀར་གསལ་གྱི་འོས་སྣང་སྦྱིན་ཐུབ་ན་དེ་ནི་རྨད་དུ་བྱུང་བའི་ཀུན་སྤྱོད་ཞིག་རེད།  དེས་ན་ང་ཚོས་སློབ་སྦྱོང་བྱེད་པ་ནི་རྒྱལ་ཁབ་དང་མི་རིགས་དར་རྒྱས་སུ་ཡོང་བའི་ཆེད་དུ་ཡིན་དགོས། 

        སློབ་གྲོགས་ཚོ།    ཁྱོད་ཚོས་བསམ་བློ་ཞིག་ཐོངས་དང་།  ཆུང་བྱིས་པའི་དུས་ནས་ད་བར་ཁྱོད་ཚོས་སློབ་གསོ་ཅི་ཞིག་མྱངས་ནས་ཡོང་བ་ཡིན།  ལྷག་པར་དུ་ཞིང་གྲོང་ནས་ཡོང་བ་ཚོས་ཕ་མས་ཁྱོད་ཚོར་སློབ་གསོ་ཇི་ལྟར་བཏང་བར་བསམ་བློ་ཐོངས་དང་།  ཁོ་ཚོས་ཁྱོད་ལ།    ཁྱོད་ཀྱིས་སློབ་སྦྱོང་ཡག་པོ་བྱོས།  ཁྱོད་ཀྱིས་སློབ་སྦྱོང་ཡག་པོ་མ་བྱས་ན་ནམ་ཡང་གཞན་གྱི་དཔོན་པོར་འདུག་མི་ཐུབ།  དེ་བས་ཁྱོད་ཀྱིས་ངེས་པར་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ན་ད་གཟོད་མི་ཚེ་ལ་རེ་བ་དང་མདུན་ལམ་ཡག་པོ་ཡོོད་པ་དང་།  སློབ་སྦྱོང་བྱེད་པ་ནི་ཁྱོད་ཀྱི་བདེ་སྐྱིད་དང་མདུན་ལམ་གྱི་ཆེད་དུ་ཡིན་པ་རེད།  ཡོད་ཚད་རང་ཉིད་ཀྱི་ཆེད་དུ་ཡིན་པ་རེད་ཞེས་ང་ཚོར་སློབ་གསོ་བཏང་ནས་འཚར་ལོངས་བྱུང་ནས་ཡོང་བ་རེད།  འདི་ནི་སློབ་གསོ་གཏོང་སྟངས་ནོར་འཁྲུལ་ཅན་ཞིག་དང་ཆེས་སྡུག་པའི་སློབ་གསོ་ཞིག་རེད།  བྱིས་པའི་དུས་ནས་བཟུང་ཏེ་ཐམས་ཅད་རང་ཉིད་གཅིག་པུའི་བདེ་སྐྱིད་ཀྱི་ཆེད་དུ་བསམ་བློ་བཏང་ནས་སློབ་སྦྱོང་བྱས་པ་ཡིན་ན་ང་ཚོའི་རྒྱལ་ཁབ་ལ་ད་དུང་ཡར་རྒྱས་འགྲོ་བའི་རེ་བ་ཡོད་སྲིད་དམ། ཁོ་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་དོན་ཅི་ཞིག་སྒྲུབ་ངེས་སམ།   ང་ཚོའི་ལས་བྱེད་དང་ཁྱིམ་བདག་མང་པོས་རྒྱལ་ཁབ་ཀྱིས་སྤྲད་པའི་དངུལ་དང་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་བཞིན་རང་འདོད་རང་བསམ་གཅིག་པུ་ལས་མེད་པའི་བྱིས་པ་ཞིག་སྐྱེད་བསྲིང་བྱེད་བཞིན་པ་དང་།  རང་འདོད་རང་བསམ་གཅིག་པུ་ལས་མེད་པའི་དགེ་རྒན་ཞིག་སྐྱེད་བསྲིང་བྱས་ཡོད་པ་རེད།  

       ཁྱོད་ཀྱིས་འདང་རྒྱོབས་དང་།  འདི་ལྟར་བྱས་ན་ང་ཚོའི་རྒྱལ་ཁབ་ལ་རེ་བ་ཡོད་དམ།  ཁྱོད་ཀྱིས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནོར་སོང་བ་རེད།  སློབ་སྦྱོང་བྱེད་པ་ནི་རང་ཉིད་ཀྱི་ཆེད་དུ་མ་ཡིན་པར་ང་ཚོའི་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་པ་རེད།  ང་ཚོའི་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་མང་པོ་མཁོ་ཞིང་ལས་བྱེད་བཟང་པོ་མཁོ།  རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མི་སྣ་རླབས་ཆེན་ཧ་ཅང་དགོས་མཁོ་ཆེ་བ་རེད།  རྒྱལ་ཁབ་ཀྱིས་ཁྱོད་གསོ་སྐྱོང་བྱེད་དོན་ནི་རྒྱལ་ཁབ་ཀྱིས་ཁྱོད་ལ་བུ་ལོན་ཆད་པ་རེད་དམ།  ཁྱོད་ཀྱིས་དོན་མེད་དུ་རྒྱལ་ཁབ་ཀྱི་དངུལ་དང་ཟས་ནོར།  ཉལ་ཁང་དང་སློབ་ཁང་།  ཟས་ཁང་།  གང་འདོད་དུ་དགེ་རྒན་གྱི་སློབ་ཁྲིད་སོགས་ལོངས་སུ་སྤྱད་ཆོག་གམ།  ཁྱོད་ཀྱིས་རྒྱལ་ཁབ་ལ་བྱས་རྗེས་ཅི་ཞིག་བཞག་ཡོད།  ཁྱོད་ཀྱིས་སྤྱི་ཚོགས་ལ་བྱས་རྗེས་ཅི་ཞིག་བཞག་ཡོད།  ཁྱོད་ཀྱིས་གཞན་གྱི་ཆེད་དུ་ཅི་ཞིག་བློས་གཏོང་བྱས་མྱོང་ངམ།   གཅིག་ཀྱང་བཞག་ཡོད་པ་མ་རེད།  ཁྱོད་ནི་ཉིན་རེར་འཛད་སྤྱོད་བྱེད་པའི་འཕྲུལ་ཆས་ལྟར་ཉིན་རེར་ཟ་མ་ཟ་བཞིན་དོན་མེད་ཅི་དགར་གནས་ཡོད་པ་ཙམ་རེད། 

          ཁྱོད་ཀྱིས་རྒྱལ་ཁབ་ལ་བྱས་རྗེས་བཞག་འེ་མྱོང་།  རྒྱལ་ཁབ་ཀྱིས་ཁྱོད་ལ་རེ་བ་ཆེན་པོ་བཅངས་ཡོད་པ་དང་།  མ་འོངས་པར་ཁྱོད་རང་འཇོན་ཐང་ཅན་གྱི་མི་སྣ་ཞིག་ཏུ་གྱུར་ནས་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་སྒྲུབ་པར་རེ་བ་བྱས་ནས་ཁྱོད་ཀྱི་ཆེད་དུ་མ་དངུལ་བཏང་བ་ཡིན་པས་ཁྱོད་ཀྱིས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་འོས།   ཀུན་སྤྱོད་སློབ་གསོའི་རྩ་བ་ནི་རྒྱལ་གཅེས་སློབ་གསོ་ཐོག་མ་ཡིན་པས་ང་ཚོས་དེ་རིང་ནས་བཟུང་ཏེ་རང་གི་རྒྱལ་ཁབ་ལ་དགའ་གཅེས་ཡོད་དགོས།  སྟབས་ལེགས་པར་ཁྱོད་ཚོ་ཚང་མ་དགེ་ཐོན་སློབ་ཆེན་གྱི་སློབ་མ་རེད།  ལོ་ངོ་གསུམ་བཞིའི་རྗེས་སུ་ཁྱོད་ཚོ་སློབ་མཐར་ཕྱིན་ནས་དུས་རབས་གཉིས་ཀྱི་རྗེས་སྐྱོང་བ་ཆགས་རྒྱུ་ཡིན་པས་ཁྱོད་ཚོའི་ལས་འགན་ཧ་ཅང་ལྗིད་མོ་རེད།  གལ་ཏེ་ཁྱོད་ལ་ཡང་རྒྱལ་ཁབ་ཀྱི་ལྟ་བ་དང་རྒྱལ་གཅེས་ཀྱི་བསམ་བློ་མེད་ན་ཁྱོད་ཀྱིས་ཅི་ལྟར་བྱས་ཏེ་སློབ་མ་ཚོར་རྒྱལ་གཅེས་བྱེད་དགོས་པའི་རེ་བ་འདོན་རྒྱུ་ཡིན།  དེ་བས་དགེ་རྒན་གྱི་སློབ་གསོ་ནི་ཤིན་ཏུ་གལ་ཆེ་ཞིང་།  འདི་ནི་ང་མཚོ་འགག་འགྲམ་གཉིས་ཀྱི་དགེ་ཐོན་སློབ་ཆེན་སོ་སོར་རྒྱུགས་ནས་རྒྱལ་གཅེས་ཀྱི་བསམ་བློའི་སློབ་་གསོ་སྤེལ་བའི་དགོས་དོན་ཡང་ཡིན།   ཁྱོད་ཚོར་རྒྱལ་གཅེས་ཀྱི་བསམ་བློ་མཐུག་པོ་ཞིག་ཡོད་ན་སློབ་མ་ཚོར་རང་བཞིན་གྱིས་རྒྱལ་གཅེས་ཀྱི་བསམ་བློ་ཆགས་ཐུབ་པ་རེད།  ཁྱོད་ཚོ་ཉིན་རེར་སེམས་ཁྲལ་དང་།  གར་འགྲོ་འདི་འགྲོ་མེད་ཅིང་།  རྟག་ཏུ་ཁྲོམ་སྲང་ཀུན་མྱུལ་ནས་བསྡད་ན་ང་ཚོའི་མི་རབས་རྗེས་མ་ཚོར་རེ་བ་ཅི་ཞིག་ཡོད་དམ།   ལྷག་པར་དབྱིན་ཡིག་སློབ་མཁན་ཚོས་དབྱིན་ཡིག་ཡག་པོ་བསླབ་རྗེས་མ་འོངས་པར་དཔོན་ཆེན་སུ་ཞིག་དང་ །  ལས་གྲྭ་ཆེན་མོ་ཞིག་གི་སྤྱི་གཉེར་བ་དག་གི་དབྱིན་བསྒྱུར་ལོ་ཙཱ་བ་བྱེད་འདོད་པ་ནི་ཅི་འདྲའི་ངོ་ཚ་བའི་བྱ་བ་ཞིག་དང་།  ལ་རྒྱ་མེད་དང་རང་ཚུགས་མེད་པ་ཞིག་རེད་འང་།

       ངས་འདི་ནས་དམིགས་བསལ་ནན་གྱིས་བཤད་འདོད་པ་ནི་རྒྱལ་ཁབ་ལ་ལྟ་སྟངས་སྐོར་ཡིན། གཏམ་རྒྱུད་འདི་ངས་ནམ་རྒྱུན་སློབ་མ་ཚོར་བཤད་པ་ཡིན།  ཉིན་ཞིག་ང་ཚོ་ཡུལ་སྐོར་ལྗོངས་རྒྱུ་ལ་སོང་བ་ཡིན།  གློ་བུར་དུ་དྲག་ཆར་འབབ་ལ་ཉེ་བྱུང་།  བྱིས་པ་ཚོར་ཆར་གཞའ་བྱེད་ས་མེད་པས་མུ་མཐུད་མདུན་ཕྱོགས་སུ་རྒྱུགས།  མདུན་ཕྱོགས་སུ་རྩྭའི་སྤྱིལ་བུ་ཞིག་རལ་ཏུ་སོང་བ་ཞིག་མཐོང་མ་ཐག་ཚང་མ་མཉམ་རུབ་ཀྱིས་སྤྱིལ་བུ་ནང་འཛུལ།   ཚང་མས་ང་ཚོ་དེ་རིང་ལས་བཟང་བ་ལ་དྲག་ཆར་གྱིས་གནོད་པ་ཐེབས་མ་བྱུང་ཞེས་དགའ་སྤྲོས་ཁེངས།  ཡིན་ན་ཡང་།  ཅུང་མ་འགོར་བར་དྲག་ཆར་ཇེ་ཆེ་ནས་ཇེ་ཆེར་སོང་བ་དང་།  རྩྭའི་སྤྱིལ་བུ་ལོ་མང་འགོར་བས་ཞིག་རལ་ཆགས་ཡོད་པ་དང་ཆར་བ་འབབ་ཤུགས་ཆེ་བས་ཆར་བས་བརླག་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ།  སྐབས་དེར་སློབ་གྲོགས་མང་པོས་མ་བགྲོས་གཅིག་མཐུན་གྱིས་སྤྱིལ་བུ་ལ་སྲུང་སྐྱོབ་བྱེད་ཅི་ཐུབ་བྱས།  དུས་སྐབས་འདིར་ང་ལ་ཚོར་བ་ཁྱད་པར་བ་ཞིག་སྐྱེས་བྱུང་།

        སློབ་གྲོགས་ཚོ།  ཁྱོད་ཚོས་ཤོད་དང་།   ང་ཚོ་ལ་ཁང་བ་འདི་དགོས་མཁོ་ཆེའམ།  ཁང་བ་འདི་ལ་ང་ཚོ་དགོས་མཁོ་ཆེ་བ་རེད།  ངས་བསམ་ན་ང་ཚོ་ལ་ཁང་བ་འདི་ཧ་ཅང་དགོས་མཁོ་ཆེ་བ་རེད།  ཁང་བ་འདི་ནི་དཔེར་ན་ང་ཚོའི་རྒྱལ་ཁབ་ལྟ་བུ་རེད།  ཇི་ལྟར་རྙིང་ཞིང་རལ་ན་ཡང་ང་ཚོའི་ཁྱིམ་ཡིན་ཞིང་།  ཅི་ལྟར་དབུལ་ཞིང་ཉམ་ཐག་ན་ཡང་ང་ཚོའི་ཁྱིམ་རེད།  འདི་ང་ཚོའི་ཁྱིམ་ཡིན་པས་ང་ཚོ་ཁྱིམ་འདི་ལ་དགའ།  ཁྱོད་ཀྱིས་ཕྱི་གླིང་བར་ཡིད་སྨོན་བྱེད་དོན་ཅི་ཡིན་ནམ།  ཁྱོད་ཀྱིས་ཕྱི་གླིང་བར་ལྟོས་དང་ཅི་འདྲ་བཟང་གི  ང་ཀྲུང་གོ་བ་མི་བྱེད།  ང་ཕྱི་གླིང་བ་བྱེད་རྒྱུ་ཡིན་ཟེར།  ཡིན་ཡང་ང་ཚོས་དེ་འདྲ་བསམ་ན་མི་འགྲིག   ཅི་ལྟར་བཤད་ཀྱང་ང་ཚོའི་རྒྱལ་ཁབ་ཁོ་ཚོའི་སྟོབས་འབྱོར་གྱི་རྗེས་མི་ཟིན་པ་ཁས་ལེན་དགོས།  འོན་ཀྱང་ང་ཚོ་ལ་ཉམས་པ་མེད་པའི་སྙིང་སྟོབས་དང་དམ་བཅའ་ཡོད་པས་ང་ཚོས་རིམ་པས་འཕེལ་རྒྱས་བཏང་ཆོག་པ་དང་འཕེལ་རྒྱས་སུ་འགྲོ་ངེས་ཀྱང་ཡིན།  ཡིན་ཡང་ང་ཚོས་ཀྱང་རང་གི་བདེ་སྐྱིད་བློས་བཏང་ནས་རྒྱལ་ཁབ་ལ་དགའ་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་བརྩོན་ལེན་བྱེད་དགོས་པ་རེད།

       ད་ལྟ་ང་ཚོ་མི་རེ་རེས་རྒྱལ་ཁབ་ཀྱི་ཆུ་དང་ཟ་མ་བཟའ་བ་དང་།  དངུལ་ལེན་རྐྱང་བྱས་ན་ང་ཚོའི་རྒྱལ་ཁབ་ཇི་ལྟར་ཡར་རྒྱས་འགྲོ་འམ།  མི་རེ་རེས་ཧམ་བཟའ་དང་ལྐོག་བཟའ་རུལ་སུངས་ལ་གོམས་ན་རྒྱལ་ཁབ་འདི་ཡར་རྒྱས་འགྲོ་ཐུབ་བམ།  ཕྱི་གླིང་ན་ཁཱ་ན་ཏ་(加拿大)ཟེར་བ་ཞིག་ཡོད་པ་རེད།  ང་ཚོ་ཀྲུང་གོ་ལ་ཚང་མས་ལེན(大家拿)ཟེར་བ་ཞིག་ཡོད་པ་རེད།  འབྱོར་ལྡན་གྱི་རྒྱལ་ཁབ་ཇི་འདྲ་ཞིག་ཡིན་ན་ཡང་ཚང་མས་བླང་ན་བླངས་ནས་དབུལ་པོ་ཆགས་ངེས་རེད།   ང་རང་ས་གང་ལ་སོང་ན་ཡང་སྣེ་ལེན་བྱེད་པ་བཀག་པ་ཡིན།  ས་གང་ལ་སོང་ན་ཡང་རང་སྟེང་ནས་ཟ་འཐུང་འགྲོ་འདུག་བྱས་པ་ཡིན་ཞིང་། ངའི་དོན་ལ་རྒྱལ་ཁབ་ཀྱི་དངུལ་ཟུར་གཅིག་ཙམ་ཡང་བཀོལ་བཅུག་པ་མིན།  འདི་ནི་རང་དཔེ་གཞན་ལ་བསྟན་པ་ཙམ་ཡིན།

        ཅི་ཞིག་ལ་རྒྱལ་གཅེས་ཟེར་བ་རེད་ཞེས་ན།   ང་ཚོའི་རྒྱུ་ནོར་དང་ལོངས་སྤྱོད་ཚེ་སྲོག་དང་བཅས་པ་རྒྱལ་ཁབ་ཀྱི་ཆེད་དུ་གཏོང་བ་ལ་ཟེར་བ་རེད།  ཁྱོད་ཀྱིས་ནམ་ཡང་རྒྱལ་ཁབ་ཀྱི་རྒྱུ་ནོར་ཁྱིམ་ནང་འཁུར་ན་འདི་ལ་རྒྱལ་གཅེས་ཟེར་རམ།  མི་འགའ་རེས་རྒྱལ་ཁབ་ཀྱི་རྒྱུ་ནོར་རྐུ་ཞིང་།  རྒྱལ་ཁབ་ཀྱི་རྒྱུ་ནོར་འཁྱེར།  ད་དུང་ཡིན་ཅོག་ཅོག་གིས་བླངས་ནས་འགྲོ་ཞིང་།  གང་ཆེ་གང་བཟང་ལེན་ཞོར་ཁ་ཤོམ་ཆེ་ཞིང་ལེན་པ་ལ་ངོ་ཚ་སྤུ་ཙམ་ཡང་མི་འདུག་པའི་བྱ་སྤྱོད་འདི་རུང་ངམ།

      མི་འགའ་རེས།  དགེ་རྒན་ཁྱེད་ཀྱིས་ང་ཚོར་རྒྱལ་གཅེས་བྱོས་ཟེར་བས་ངས་རྒྱལ་གཅེས་བྱས་ཆོག་ཀྱང་རྒྱལ་ཁབ་གང་ན་འདུག  ངས་རྒྱལ་ཁབ་བཙལ་ནས་མི་རྙེད་འདུག་ཟེར།  འདི་ནི་ལྷ་སའི་གྲོང་ཁྱེར་གྱི་མིས་ལྷ་སའི་ཇོ་བོ་ཞལ་མཇལ་མ་མྱོང་བ་དང་འདྲའོ།།  ཁྱོད་རྒྱལ་ཁབ་འདིའི་ནང་གནས་བཞིན་ད་དུང་རྒྱལ་ཁབ་གང་ན་འདུག་མི་ཤེས་སམ།    དགེ་རྒན་ཚོར་མཚོན་ན་རྒྱལ་ཁབ་ནི་ཁྱོད་ཀྱི་མིག་མདུན་གྱི་སློབ་མ་དག་རེད།  ཁྱོད་ཁྲིད་སྟེགས་སྟེང་བུད་མ་ཐག་ཁྱོད་ཀྱི་གཤམ་ན་ཡོད་པ་ནི་ཁྱོད་ཀྱི་རྒྱལ་ཁབ་རེད།  རྒྱལ་ཁབ་ངོས་འཛིན་སླ་མོ་ཡིན་པ་རེད།  དེ་རིང་ང་བཤད་སྟེགས་འདིར་བུད་པ་ན་ངའི་གཤམ་ལ་ཡོད་པའི་མི་སྟོང་ཕྲག་གཅིག་དང་ལྔ་བརྒྱ་ལྷག་ཡོད་པ་དག་ང་ཡི་རྒྱལ་ཁབ་རེད།  ངས་ངེས་པར་དུ་རང་ནུས་ཅི་ལྕོགས་ཀྱིས་ཁྱོད་ཚོར་ནུས་ལྡན་དང་ཡིད་འགུག  ཤུགས་རྐྱེན་ངེས་ཅན་འཇོག་ཕྱིར་འགན་ལེན་གྱིས་སློབ་གསོ་བྱེད་དགོས་པ་དང་།  ཁྱོད་ཚོ་ནི་ང་ཡི་རྒྱལ་ཁབ་ཡིན་པས་ང་ཁྱོད་ཚོར་དགའ་ཞིང་ཁྱོད་ཚོར་དགའ་བ་ནི་རྒྱལ་གཅེས་ཀྱི་བསམ་བློ་ཡིན།  ངས་བསམ་བློ་འདི་ཁྱོད་ཚོར་བརྒྱུད་བསྒྲགས་བྱེད་པ་ཡང་རྒྱལ་གཅེས་ཡིན།   དེས་ན་ཁྱོད་རྗེས་ཕྱོགས་ཁྱོད་ཀྱི་སློབ་མའི་མདུན་དུ་ལངས་ཚེ་དེ་ནི་ཁྱོད་ཀྱི་རྒྱལ་ཁབ་རེད།  ཁྱོད་ཀྱིས་ཁོ་ཚོའི་དུས་ཚོད་ཆུད་ཟོས་མི་བྱེད་པ་དང་།  ཁོ་ཚོའི་ཚེ་སྲོག་འཕྲོ་བརླག་གཏོང་དུ་མི་འཇུག་པར་མ་འོངས་པའི་ཆེད་དུ་གསོ་སྐྱོང་ཡག་པོ་ཞིག་གྱིས།  འདི་ལྟ་བུའི་རྒྱལ་གཅེས་ཀྱི་བསམ་བློ་སྤེལ་བ་དང་རྒྱལ་གཅེས་པ་ཞིག་ཏུ་སྐྱེད་བསྲིང་བྱས་ན་ཁྱོད་རང་རྒྱལ་གཅེས་པ་ཞིག་རེད།  གལ་ཏེ་ཁྱོད་ལ་རྒྱལ་གཅེས་ཀྱི་བསམ་བློ་མེད་ན་ཁྱོད་ནི་རྒྱལ་འཚོང་བ་ཞིག་རེད།

      སློབ་གྲོགས་ཚོ།  མ་འོངས་པར་ཁྱོད་རང་ཕྱི་གླིང་དུ་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་རག་པའི་སྐབས་སུ་གཟབ་གཟབ་བྱེད་དགོས་རྒྱུ་ཞིག་ལ་ཁྱོད་ཀྱིས་ང་ཚོ་ཀྲུང་གོ་བའི་མིག་མ་རྫོབ།  སོང་ཚར་རྗེས་ཕྱིར་མ་ལོག་པར་མ་འདུག  དེས་ང་ཚོ་ཀྲུང་གོ་བའི་མིག་རྫོབ་ངེས་རེད།   ཕྱི་གླིང་བས་ཁྱོད་ལ་ལྟ་སྟངས་ངན་པ་འཛིན་ཞིང་མིག་ནང་དུ་མི་འཇོག་པ་རེད།  ཁོ་ཚོས་ཁྱོད་ལ་ཕྱི་སྦྱོང་བ་འདི་ཚོར་རྒྱལ་ཁབ་ཀྱི་ལྟ་བ་ཕྲན་ཙམ་མི་འདུག ཉམས་དམས་སུ་འགྲོ་བའི་བྲན་གཡོག་རྒྱལ་ཁབ་ཀྱི་མི་ཞེས་དམའ་འབེབས་བྱེད་ངེས་རེད།  དེ་བས་གཞན་མིས་ཁྱོད་ལ་ལྟ་སྟངས་ཡག་པོ་ཞིག་ཅི་ལ་འཛིན།  འདི་ནི་ངོ་ཚ་དགོས་པ་ཞིག་དང་ཡིད་སྐྱོ་བའི་དོན་ཞིག་རེད།

དེས་ན་རྒྱལ་ཁབ་ནི་ང་ཚོར་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་ཡིན་པ་དང་།  ཁྱོད་རང་རྒྱལ་ཁབ་ཕྱི་ལ་མ་སླེབས་བར་ཁྱོད་ཀྱིས་རང་གི་མེས་རྒྱལ་ནི་རང་ལ་དེ་འདྲའི་གལ་ཆེན་ཡིན་པའི་རང་བཞིན་རྟོགས་མི་ནུས།  རྒྱལ་ཁབ་མེད་པའི་མི་དང་ཉམ་ཆུང་གི་རྒྱལ་ཁབ་ཞིག་གི་མི་ལ་མཚོན་ན་དངོས་ནས་སྙིང་རྗེ་འོས་པ་དང་ཆེས་སྡུག་བསྔལ་ཞིག་ཡིན་པ་རེད།  དེ་བས་དེ་རིང་གི་ང་ཚོ་ཀྲུང་གོ་བས་རང་སྟོབས་རང་སྤེལ་བྱས་ཏེ་ང་ཚོའི་རྒྱལ་ཁབ་ལ་དགའ་ཞེན་དང་ནུས་པ་ཕུལ་ནས་རྒྱལ་ཁབ་དར་རྒྱས་ཡོང་བར་བྱེད་དགོས། རྒྱལ་ཁབ་སྟོབས་འབྱོར་མ་ལྡན་ན་ཁྱོད་ལ་དངུལ་ཅི་ཙམ་མང་ཡང་ཅི་ཕན།  ཁྱོད་ཀྱི་གོ་ས་མཐོ་ཡང་ཅི་ཕན།  ཁྱོད་ལ་ནམ་ཡང་གཞན་གྱིས་བརྩི་བཀུར་ཐོབ་མི་སྲིད་དོ། །

                                                          ཐེ་ཝན་གྱི་སློབ་གཙོ་ཞིག་གི་གཏམ་བཤད་ཚན་པ་གསུམ་པ།

 

                                                        ------གཏམ་བཤད་འདིས་ཀྲུང་གོ་བ་ཡོངས་ལ་སེམས་འགུལ་ཐེབས་པར་བྱས།

        དེ་རིང་ངས་འདི་ནས་རྒྱལ་གཅེས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་པ་བཟོ་སྟངས་བཤད་པ་ཡིན་ལ་ཕྱོགས་གང་སར་རྒྱལ་གཅེས་ཀྱི་ལྟ་བ་དང་འབྲེལ་ནས་ཡོད།  ང་ཚོའི་བྱ་སྤྱོད་གང་ཡང་རུང་བ་ཞིག་གིས་རྒྱལ་གཅེས་མཚོན་ཐུབ།  ཚང་མས་ཨ་ལ་པོ་(阿拉伯)དང་ཨི་ཟི་རེལ་(以色列)རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་ཤེས་གསལ་རེད།ཨ་ལ་པོ་དང་ཨི་ཟི་རེལ་རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་གི་མེ་ལྕེ་འབར་སྐབས་འཛམ་གླིང་གིས་བུད་མེད་གཟུགས་བཟང་འགྲན་བསྡུར་སྤེལ་བཞིན་པ་རེད།  ལོ་དེར་ཨེ་ཟི་རེལ་གྱི་བུ་མོ་མཛེས་མ་ཞིག་ཏག་ཏག་འཛམ་གླིང་གི་མཛེས་མ་ཨང་དང་པོར་བདམས་པ་རེད། གློག་བརྙན་ཕབ་བསྐྲུན་གྱི་སྡེ་ཁག་མང་པོས་ཨེ་ཟི་རེལ་བུ་མོ་མཛེས་མའི་མཐའ་སྐོར་ནས་ང་ཚོ་དང་མཉམ་འབྲེལ་གན་རྒྱ་ཞོག་དང་ཁྱེད་ལ་དངུལ་མང་པོ་སྟེར་ངེས་ཡིན།  གན་རྒྱ་བཞག་རྗེས་ཁྱོད་ཀྱིས་རྒྱུ་མིང་གཉིས་ཀའི་ཁེ་བཟང་ལོན་ཐུབ་པས་ནང་རྒྱལ་དུ་ལོག་དགོས་དོན་ཅི་འདུག  ཁྱོད་ཀྱི་རྒྱལ་ཁབ་ད་ལྟ་དམག་འཁྲུག་གི་ནང་དུ་ཚུད་ཡོད་པ་དང་།  རྒྱལ་ཁབ་ཆུང་ཆུང་འདི་འདྲ་ཞིག་ནམ་ཡིན་ཡང་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཡོད།  ཁྱོད་ཕྱིར་སོང་ན་ཉེན་ཁ་ཧ་ཅང་ཆེ་བས་ད་ལྟ་ཁྱོད་ལ་རྒྱུ་དང་མིང་གྲགས་གཉིས་ཀ་ཡོད་པས་ཨ་རིར་བསྡད་ནས་འཚོ་བ་སྐྱེལ་ན་ཡག་པོ་འདུག་ཅེས་བཤད་པ་ན།  བུ་མོ་མཛེས་མ་འདིས་བརྙན་ངོས་སུ་ཁ་གཏད་ནས་སྐད་ཆ་འདི་ལྟར་བཤད།  འཛམ་གླིང་བུད་མེད་ཨང་དང་པོའི་འགྲན་བསྡུར་ནི་ང་རང་ཉིད་ཀྱིས་བསམ་པ་མིན།  ངས་ཁྱེད་ཚོ་ཚང་མར་ཤེས་སུ་འཇུག་རྒྱུ་ནི། ཨེ་ཟི་རེལ་ནི་ཕུལ་དུ་བྱུང་བའི་མི་རིགས་ཞིག་ཡིན་པས་ང་འགྲན་རྩོད་ལ་ཐོན་པ་ཡིན།  ངས་མི་ཚང་མར་ཤེས་སུ་འཇུག་རྒྱུ་ནི་སའི་གོ་ལའི་སྟེང་འདིར་ཨེ་ཟི་རེལ་ཟེར་བའི་རྒྱལ་ཁབ་ཞིག་ཡོད་པས་ང་ཐེངས་འདིའི་འགྲན་རྩོད་ལ་ཡོང་བ་ཡིན།  དེ་རིང་གི་ཨང་དང་པོ་ང་བདམས་སོང་པས་ངའི་ལས་འགན་ཡང་འགྲུབ་སོང་།  ངས་ཀྱང་འཛམ་གླིང་ཡོངས་ལ་བཤད་རྒྱུ་ནི།  ཨེ་ཟི་རེལ་ནི་ཕུལ་དུ་བྱུང་བའི་མི་རིགས་ཞིག་ཡིན་ཏེ།  ང་ནི་འཛམ་གླིང་སྟེང་ཆེས་མཛེས་པའི་བུད་མེད་ཡིན་པས་སོ།།  དེ་དང་མཉམ་དུ་ངས་འཛམ་གླིང་ཡོངས་ལ་བཤད་འདོད་པ་ནི།  ཨེ་ཟི་རེལ་རྒྱལ་ཁབ་འདིས་ད་ལྟ་དཀའ་་སྡུག་གི་དམག་འཁྲུག་འོག་སྡུག་བསྔལ་མྱོང་བཞིན་ཡོད་པས།  ངའི་རེ་བ་ལ་འཛམ་གླིང་མི་དམངས་ཀྱིས་ང་ཚོར་བརྩེ་གཟིགས་དང་རྒྱབ་སྐྱོར་གནང་རོགས།  ང་ཚོའི་རྒྱལ་ཁབ་ལ་རང་བཙན་ཐོབ་པའི་རྒྱབ་སྐྱོར་བྱེད་རོགས།  ད་ལྟ་ངའི་་རྒྱལ་ཁབ་ཀྱིས་དམག་འཁྲུག་རྒྱག་བཞིན་པས་ང་ལ་དངུལ་གྱིས་ཕན་ཐོགས་ཅི་ཡོད།  ང་ཚོ་ཨེ་ཟི་རེལ་རྒྱལ་ཁབ་ཉམས་ནས་ལོ་ངོ་ཉིས་སྟོང་འགོར་ན་ཡང་ང་ཚོའི་རིག་གནས་ཉམས་མེད་པས་ང་ཚོས་ད་དུང་རྒྱལ་ཁབ་འཛུགས་ཆོག་པ་རེད།  དེ་རིང་ང་ལ་དངུལ་གྱིས་ཅི་ཕན།  ང་ཕྱིར་ནང་རྒྱལ་དུ་ལོག་ནས་རྒྱལ་ཁབ་ཀྱི་ཆེད་དུ་དམག་འཁྲུག་ལ་ཞུགས་དགོས།  ཁོ་མོས་སྐད་ཆ་འདི་བཤད་རྗེས་ཉིན་གཉིས་པར་གནམ་གྲུར་བསྡད་ནས་རང་གི་རྒྱལ་ཁབ་ཏུ་ལོག་པ་རེད།  ཁོ་མོའི་གཏམ་བཤད་འདི་བསྒྲགས་རྗེས་འཛམ་གླིང་མི་དམངས་ཀྱིས་རྒྱལ་ཁབ་འདི་ལ་ལྟ་སྟངས་གསར་བ་ཞིག་བཟུང་བ་དང་།  ཨེ་ཟི་རེལ་གྱི་མི་དངོས་གནས་ཧ་ལས་པ་འདུག་ཅེས་ཁྱབ།  དེ་དང་བསྟུན་ཨེ་ཟི་རེལ་དམག་མི་ཡང་སྙིང་སྟོབས་བླ་རུ་རྒྱས་ཏེ་ཨ་ལ་པོའི་དམག་དང་འཐབ་འཛིང་དྲག་པོ་བྱས་ཏེ་དགྲ་བོ་ཕམ་པར་བརྒྱབ་ཏེ་རྒྱལ་ཁ་བླངས།  འདི་ནི་ལོ་རྒྱུས་སྟེང་གི་ཆེས་རླབས་ཆེ་བའི་ཉིན་བདུན་འཐབ་འཛིང་ཟེར་བ་དེ་རེད།  ཉིན་བདུན་གྱིས་དམག་འཁྲུག་མཇུག་རྫོགས་པ་དང་།  འདི་ནི་བུ་མོ་ཞིག་གི་སྐད་ཆའི་སྙིང་སྟོབས་ལས་བྱུང་བ་རེད། དེ་བས་སློབ་གྲོགས་རྣམ་པ།  རྒྱལ་གཅེས་ནི་ནམ་རྒྱུན་ཆེས་ཉག་ཕྲ་བའི་གནས་སུ་འབྱུང་བཞིན་ཡོད།

སྐད་ཆ་ཚིག་གཅིག་གིས་རི་རབ་སྒུལ་ཐུབ་ཅིང་།  སྐད་ཆ་ཚིག་གཅིག་གིས་གནམ་འོག་བརླགས་ཟེར་བ་རེད།

        ང་ཚོ་ནི་མཐོ་རིམ་སློབ་གསོ་ཐོབ་མཁན་ཏག་ཏག་ཡིན་པས་ང་ཚོས་རྒྱལ་ཁབ་ཀྱི་ལ་རྒྱ་དང་གཟི་བརྗིད།  ངོ་ཚ་བརྗེད་མི་ཉན་འང་།  མི་རྣམས་ཀྱིས་ང་ཚོ་མཐོང་ན་ང་ཚོའི་རྒྱལ་ཁབ་ལ་རེ་བ་ཆགས་ངེས་རེད།

      སློབ་གྲོགས་རྣམ་པ།  རྒྱལ་ཁབ་ཀྱི་མདུན་ལམ་ནི་རྗེས་ལ་བལྟ་དགོས་པ་དང་།  མི་སྒེར་གྱི་མདུན་ལམ་ནི་སྔོན་ལ་བལྟ་དགོས་པ་རེད།  དེས་ན་ལོ་ངོ་ཉི་ཤུ་དང་སུམ་ཅུའི་རྗེས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཅི་འདྲ་ཡོང་བར་བསམ་གཞིགས་བྱེད་འོས་ཤིང་ལོ་ཆུང་གི་སློབ་མ་ཞིག་ཡིན་ན་ཡང་བསམ་བློ་འདི་ཡོད་ན་དེ་ནི་རྒྱལ་གཅེས་བསམ་པ་ཤུགས་ཆེན་པོ་དང་རླབས་ཆེན་པོ་རེད།  དེ་མིན་རྒྱལ་གཅེས་ཀྱི་བསམ་བློ་མེད་པའི་མི་ནི་རྩྭ་གཟུགས་དང་མཚུངས་ཤིང་ཕ་མེས་ཀྱི་བླ་བཙོང་མཁན་དང་ངོ་ཚ་རང་རེད།

     རྒྱལ་གཅེས་ནི་དམིགས་བསལ་དང་བྱེ་བྲག་པ་ཞིག་ཡིན་པ་རེད།  ང་ཚོ་སློབ་གྲྭའི་སྒོ་ཁར་བརྡ་ཡིག་འདི་འདྲ་ཞིག་ཡོད།  སློབ་རྭའི་སྒོ་ཆེན་ཕྱི་ལ་གོམ་གང་སྤོས་རྗེས་བློ་དཀར་གྱི་གཟི་བརྗིད་དང་ངོ་ཚ་མི་བོར།   དེ་བཞིན་དུ་མེས་རྒྱལ་དང་ཁ་བྲལ་རྗེས་རྒྱལ་ཁབ་ཀྱི་གཟི་བརྗིད་དང་ངོ་ཚ་མི་བོར།  ཁ་ནས་རྒྱལ་ནང་གི་དོན་ངན་ཞིག་རྒྱལ་ཕྱིར་བསྒྲགས་པ་ནི་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པའི་ཀྲུང་གོ་བ་ཚང་མའི་མིག་རྫོབ་བྱེད་དུ་གྱུར་ཡོད་དེ།  སྐབས་དེར་ཁྱོད་ཀྱིས་ཀྲུང་གོ་བའི་ཚབ་བྱས་ཡོད་པ་རེད།   ཁྱོད་ཀྱིས་མི་གཅིག་གིས་བཟོས་པའི་དོན་དག་མི་གཅིག་གིས་འགན་ཁུར་ན་ཆོག་ཟེར་སྲིད་ཀྱང་།   ཁྱོད་ལ་དེའི་ཆ་རྐྱེན་དང་ནུས་པ་ཡོད་པ་མ་རེད།  དེ་བས་སློབ་གྲོགས་ཚོས་རང་གི་གཏམ་དང་བྱ་སྤྱོད་གང་ཐད་ལ་གཟབ་གཟབ་བྱེད་དགོས་པ་རེད།  དགེ་རྒན་ཀའོ་ང་རྒྱལ་ནང་དུ་ལོག་དུས་མིག་ནང་ལ་མི་འགྲོ་ས་གང་སར་གཤེ་གཤེ་དང་སྐྱོན་བརྗོད།  རེ་བ་དང་བསམ་འཆར་འདོན་པ་ཡིན།  ཡིན་ན་ཡང་ང་སྐམ་ས་འདི་དང་ཁ་བྲལ་ནས་ཐེ་ཝན་དུ་སླེབས་རྗེས་རྒྱལ་ནང་གི་མི་བཟང་པའི་དོན་ཅི་ཡང་མི་གླེང་བར།   ཁོ་ཚོས་ང་ལ་སྐམ་ས་ཆེན་པོ་གང་འདྲ་འདུག་ཅེས་དྲིས་ན།  ངས་ཧ་ལས་པའི་བཟང་པོ་འདུག་ཞེས་བཤད་པ་ཡིན།  ཨ་རིར་སླེབས་ན་ཡང་ཀྲུང་གོའི་ཧ་ཅང་བཟང་པའི་དོན་རྐྱང་རྐྱང་གླེང་བ་ལས་སྐྱོན་བརྗོད་ཀྱི་ཚིག་གཅིག་ཀྱང་མེད།  ཡིན་ཡང་རྒྱལ་ནང་དུ་ལོག་མ་ཐག་ངས་སྐད་ཆ་དྲང་པོ་དང་ཁ་རི་ཁ་ཐུག་གིས་བཤད་པ་ཡིན།  མི་འགའ་རེ་ནི་དེ་ལས་ཟློག་སྟེ་རྒྱལ་ནང་དུ་གནས་དུས་ཡ་རབས་སྙིང་ཉེ་བ་སོགས་ཀྱི་བཟང་མདོག་སྟོན་ཞིང་།  ཀྲུང་གོ་དང་ཁ་བྲལ་མ་ཐག་ཚིག་འཆལ་སྣ་ཚོགས་བསྒྲིག་ནས་ཁྱི་སྨྱོན་བཞིན་ཀྲུང་གོ་བར་སྐར་གང་གི་རིན་ཐང་ཡང་མེད་པའི་ཚོད་དུ་བསྡིག་པ་རེད།  འདི་ནི་མངོན་གསལ་དོད་པོར་བུད་པའི་ནང་མྱུལ་བ་དང་རྒྱལ་འཚོང་བ་དངོས་མ་ཞིག་གོ།

  ཚང་མ་ལ་ཐུགས་རྗེ་ཆེ།


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

 

ཀའོ་ཀྲིན་ཏུང་།  ཕོ།   རྒྱ་རིགས།  སྤྱི་ལོ་༡༩༣༠ལོར་ཧྲན་ཏུང་ཐེ་ཧྥང་གི་མི་ཡིན་ཞིང་།  ༡༩༤༨ལོར་ཐེ་ཝན་དུ་གནས་སྤོ་ནས་གཞི་བཅས།  ༡༩༧༠ལོར་ཐེ་ཝན་ཞིན་ཀྲུའུ་ནས་བློ་དཀར་སློབ་གྲྭ་གསར་འཛུགས་གནང་།

ད་ལྟ་སློབ་གྲྭ་འདིའི་སྤྱིའི་གཙོ་གཉེར་བ་དང་།ཐེ་ཝན་བློ་དཀར་རིག་དངོས་ཐེབས་རྩ་ཚོགས་པའི་སྤྱིའི་གཙོ་གཉེར་བ།  ཧྲན་ཏུང་ཞིང་ཆེན་ཐེ་ཧྥང་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་དང་། ཧྲན་ཏུང་ཞིང་ཆེན་སློབ་ཨུའི་བློ་འདོན་པ་སོགས་ཀྱི་འགན་ཁུར་ཡོད། རྒྱ་ནག་སྐམ་ས་ཁུལ་གྱི་སློབ་གྲྭ་དང་ལས་ཁུངས་བརྒྱ་ལྷག་གི་བློ་འདོན་པ་དང་།  མཚན་འཛིན་སློབ་གཙོ།  གདན་ཞུས་སློབ་དཔོན་ཆེན་མོའི་གོ་གནས་བཟུང་ཡོད།༢༠༠༢ལོར་རྒྱལ་ཡོངས་ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་སྲོལ་བཟང་སློབ་གསོའི་ཞིབ་འཇུག་བགྲོ་གླེང་སྐབས་བཅུ་གཉིས་པའི་སྟེང་ཀྲུང་གོ་གཞུང་ལུགས་ཚོགས་པའི་ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་སྲོལ་བཟང་སློབ་གསོ་ཞིབ་འཇུག་ཚོགས་པའི་བློ་འདོན་པར་བདམས།

      བསྒྱུར་རྩོམ་འདི་ནི་དགེ་བའི་བཤེས་གཉེན་དགེ་གྲོགས་དམ་པ་ལྕང་ཞབས་འགྱུར་མེད་ལགས་ཀྱིས་རྒྱ་ཡིག་གི་མ་ཡིག་གནང་ནས་བོད་ཡིག་ལ་བསྒྱུར་ན་ལེགས་ཚུལ་གྱི་འབོད་སྐུལ་བྱས་བྱུང་བས་ཁོ་བོས་མི་འཇོན་ཨ་འཇོན་སྤྲང་བུས་བྱས་ཏེ་གོ་བརྡ་འཕྲོད་ཙམ་དུ་བོད་ཡིག་ལ་བསྒྱུར་བ་ཡིན་ཞིང་།  མ་ཡིག་ནི་སྐད་ཆ་ཟིན་བྲིས་སུ་ཕབ་པའི་རྣམ་པ་ཡིན་པས་ལན་རེར་ཟློས་ཚིག་མང་པོ་ཡང་འདུག་པ་གང་ནུས་ཀྱིས་དོན་མ་ཉམས་པར་བསྒྱུར།  གཞན་དག་ལེན་རེར་དོན་གཅིག་ལ་ཐ་སྙད་མི་འདྲ་བ་དང་།  ཐ་སྙད་གཅིག་ལ་བསྟན་དོན་མི་འདྲ་སོགས་མང་པོ་བྱུང་བ་ཡང་ཡུལ་ལུགས་ཀྱི་སྐད་དང་མཐུན་པར་བསྒྱུར་བ་སོགས་ཁོ་བོས་རྩོམ་ཡིག་རིང་པོ་ཞིག་བསྒྱུར་བ་ད་ཐེངས་ཡིན་པས་ཕྱོགས་གང་སར་ནས་ཁྱད་མཚར་པོ་དང་།  ཟེར་ལུགས་མི་བདེ་བ་མང་པོ་ལ་འཕྲད་བྱུང་།  དེས་ན་འདིར་འགྱུར་མ་དག་པ་དང་བརྡ་སྤྲོད་སྟངས་མ་བདེ་སར་ཀུན་ལ་དགོངས་འགལ་མེད་པ་ཞུ་ཞིང་།  སྤྱིར་བཏང་བསྒྱུར་རྩོམ་ནི་མ་ཡིག་ནང་བཞིན་གྱི་གསོན་ཉམས་དོད་པོའི་སྒྱུ་རྩལ་གྱི་བྲོ་བ་ཡོད་པར་བྱེད་རྒྱུ་ཧ་ཅང་དཀའ་བས་དགྱེས་གཟིགས་ཡོད་པ་དག་གིས་གཏམ་བཤད་ཀྱི་མ་ཡིག་དངོས་ལ་གཟིགས་ན་ཡང་ཡག་པོ་འདུག་གོ། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/9/3 བལྟ་ཀློག (12389)