ཀ་ཕྲེང་སྨྱོན་པའི་འཆལ་གཏམ།

                              འཕྲིན་ལས་འོད་ཟེར།
ཀ་རྒྱན་ཅན་གྱི་ཁང་བཟང་དབུས་ན་ཁ་བརྡ་འཆད་བའི་ཁ་བདེ་ཞིག།
ག་སར་འཁྱམས་པའི་འཆལ་གཏམ་དེ་ལ་ང་ཡི་བལྟས་ན་སྙིང་བོ་དབེན།།
ཅ་ཅོའི་ཀློང་ནས་མི་ཚེ་བསྐྱལ་མཁན་ཆ་མ་འཐུ་བའི་ཁྱོ་ཤུག་གཉིས།།
ཇ་ཆང་བཏུང་བཞིན་ཆིག་ལབ་གླེང་བ་ཉ་མོ་ཆུ་ལ་འཁྱུག་དང་མཚུངས།།
ཏ་ལའི་འདབ་བཞིན་ལང་ཚོ་རྒྱས་ཡང་ཐ་མ་འཆལ་གཏམ་ཀློང་ནས་ཟད།།
ད་རེས་གླེང་བ་སྙིང་གཏམ་ཡིན་ཡང་ན་ནང་ཟེར་བ་འཇའ་ཚོན་བཞིན།།
པ་སངས་ལྟ་བུའི་སེམས་རྒྱུད་ཟེར་ཡང་ཕ་རོལ་ཕན་བདེ་ཅི་ཞིག་སྒྲུབ།།
བ་གླང་བཞིན་དུ་གཟན་རྩྭ་བསམ་ནས་མ་རབས་རིགས་ལ་འགྲམ་ཆུ་ལྡང་།།
ཙ་རིའི་གནས་ལ་བྱིན་རླབས་ཆེ་ཡང་ཚ་གྲངཆེ་ཞེས་ཁ་ཕོ་ཞིག།
ཛ་ལང་དབེན་པའི་དད་གུས་དམ་པོ་ཝ་ལེར་དྲི་གཞོན་རླུང་བུས་ཁུར།།
ཞ་ཞོར་འཆད་བའི་སེམས་གཏམ་དཀར་བོ་ཟ་ཁུ་འདྲེས་མའི་གཅིན་པ་བཞིན།།
འ་འུར་འདུས་པའི་ཁང་ཆུང་འདི་ལ་ཡ་མཚན་ཆེ་བའི་ཧབ་ཆ་ཞིག།
ར་མ་ལུག་གི་སྟོང་གཏམ་འདི་ནི་ལ་ཐང་མེད་པར་ངང་གིས་ཁྱབ།།
ཤ་རུས་གཏིང་གི་ཆིག་ལབ་བརྗོད་ནས་ས་སྟེང་འདི་ནས་འཆད་ཀྱང་རུང་།།
ཧ་ལམ་བཤད་པ་ཉོག་གཏམ་ཡིན་འདུག་ཨ་རོག་སྙིང་བོ་ཨེ་ཡོད་ལགས།།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/9/12 བལྟ་ཀློག (2020)