སྤྱི་ལོ་༢༠༡༣.༡༢.༡༥ཉིན་ནི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་མི་ཡུལ་ལ་འཁྲུངས་ནས་ལོ་འཁོར་བཅུ་དགུ་འཁོར་བའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་ལ་ཕུལ་བའི་སྐར་ཚོམ་གྱི་ཤིས་ཚིག

 

    དེ་རིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དངོས་སུ་དབུ་བརྙེས་ནས་མི་ལོ་བཅུ་དགུ་འཁོར་བའི་རྗེས་དྲན་གྱི་བཀྲ་ཤིས་དུས་བཟང་གི་ཉིན་མོ་རེད། སློབ་མ་ཚོས་མིག་དབང་འཕྲོག་པའི་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་ཤིང་། སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་མི་རིགས་སློབ་གསོ་དང་དཔལ་འབྱོར་གྱི་སྒྲིག་གཞི་སོགས་ལས་འཕྲོས་ཏེ་ཕུགས་རྒྱང་རིང་བའི་གསུང་བཤད་ཡིད་འཁུལ་བ་བསྩལ། གོ་ཐོས་སུ་མི་ལོ་བཅུ་དགུའི་ཡར་སྔོན་གྱི་དེ་རིང་ཡང་ཁོང་གིས་དངོས་སུ་༼ ཤེས་རིག་ནོར་བུའི་གླིང་༽ཞེས་པའི་སྒོ་བྱང་ཞིག་ཤིང་ལེབ་སྟེང་ལ་ཕྱག་བྲིས་གནང་སྟེ་ཚེས་ཐོག་མའི་སློབ་བུ་དྲུག་ཅུར་ཉེ་བ་ཞིག་དང་མཉམ་དུ་སློབ་གླིང་འདི་མི་ཡུལ་དུ་བསླེབས་པ་ཆེས་ཐོག་མར་བསྒྲགས་པ་རེད་ཟེར། དེ་རིང་འདི་ལྟར་བལྟས་ཡོང་དུས་ད་ལྟ་དངོས་སུ་སློབ་མཐར་ཕྱིན་པ་སྟོང་ལ་ཉེ་བས་རང་རང་གི་ས་ན་མི་རིགས་ལ་ཞབས་ཞུ་ཆེ་ཕྲ་སྣ་ཚོགས་བསྒྲུབས་ཏེ་རང་གི་མ་ཡུམ་སློབ་གྲྭའི་སྙིང་སྟོབས་དར་སྤེལ་གཏོང་བཞིན་ཡོད་ལ། ད་ལྟ་སློབ་གླིང་རང་ན་ཡང་སློབ་བུ་སྟོང་ལྷག་གིས་གནའ་དེང་ཟུང་ལ་སྦྱོང་བའི་བརྩོན་པ་རྨ་ཀློང་རིང་མོའི་རྒྱུན་ལ་སྲིང་བཞིན་ཡོད། དེ་བས་ང་ཚོས་དེ་རིང་གི་ཉིན་མོ་འདི་ལ་ཕྱིར་དྲན་བྱ་འོས་ལ། རྟེན་འབྲེལ་ཡང་ཞུ་འོས་ཏེ། འདི་ནི་དམ་པ་ཞིག་ཁ་བཤད་ལས་བརྒལ་ཏེ་ལག་ལེན་ལ་ཞུགས་ཤིང་དངོས་སུ་ལམ་ལ་ཆས་པའི་ཉིན་མོ་ཁྱད་པར་བ་ཞིག་རེད། ང་ཡང་མ་ཡུམ་འདིས་བསྐྱངས་ཏེ་མི་གྲལ་དུ་བཙུད་པ་ཡིན་པས། བདག་གིས་འདི་ནས་རང་ཉིད་ཀྱི་མི་ཚེ་དང་ཕུགས་འདུན་ཡོད་ཚད་ཕུལ་ནས་མ་ཡུམ་ལ་རྟེན་འབྲེལ་ཞུ།

                                                               གྱི་ལིང་འཇིགས་མེད།


          ཤིས་སྨོན།

གནའ་དེང་རིག་གཞུང་འོ་མའི་ཆུ་གཏེར་ངོགས།།
མཁྱེན་ལྡན་ངང་ཁྱུ་མངོན་པར་རྩེན་པའི་གནས།།
མ་ཡུམ་ཤེས་རིག་འོད་ཀྱི་ཞིང་ཁམས་ཆེ།།
ས་ཆེན་མཛེས་པའི་དཔལ་དུ་བརྟན་པར་སྨོན།།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བའི་མཐར་ཕྱིན་སློབ་བུ་གཙང་སྐྱེས་རོལ་དབྱངས་ཀྱིས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་གུས་ཕུལ།



      བཀྲ་ཤིས་བདེ་ལེགས།
                  
ས་དམར་གྲགས་པ།༼ལྷ་ས།༽
 
ཤེས་རབ་འོད་ཀྱིས་གྲུབ་པའི་འཇིག་རྟེན་གྱི་གཤོག་པ།།
རིག་འབྱུང་དགའ་བའི་ཚལ་གྱི་མེ་ཏོག་གི་བཀྲག་མདངས།།
སློབ་བུ་འབུམ་ཕྲག་དུ་མའི་ཕུགས་བསམ་གྱི་གཞུང་ལམ།།
གླིང་བཞི་འདུས་པའི་ཚོགས་ཀྱི་མགོ་བོ་འདི་མཐོའོ།།
 
   
སྤྱི་ལོ༢༠༡༣/༡༢/༡༥ཉིན་དབུས་ཕྱོགས་ཉི་མའི་གྲོང་དུ་ཡོད་པའི་སློབ་བུ་ས་དམར་གྲགས་པ་རུ་འབོད་པས་ཚིག་བཅད་ཤོ་ལོ་ཀ་འདི་མ་ཡུམ་སློབ་གྲྭའི་སྐབས་བཅུ་དགུ་བའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་ཆེད་དུ་ཕུལ་བའོ།།

             ཤིས་ཚིག

འཇིགས་མེད་རིག་པའི་སྙིང་སྟོབས་གོ་ཆས་ས་ཆེན་འདི་ཡང་འཕྲེད་དུ་གཤེགས།།

རིགས་ཞེན་ལ་རྒྱའི་མེ་ལྕེ་དམར་བོ་གངས་ལྗོངས་འཛིན་མའི་མཁའ་ན་འབར།། 

ཉམ་ཐག་སློབ་བུ་ཁྲི་སྟོང་མང་བོར་ཤེས་རིག་འོད་སྣང་དཔལ་དུ་སྒྲོན།། 

གནའ་དེང་ཟུང་གི་སློབ་གསོའི་བྱ་བཞག་གོང་ནས་གོང་དུ་འཕེལ་བར་ཤོག།   

               ཅེས་སྐབས་བཅུ་བའི་མཐར་ཕྱིན་སློབ་མ་སྐལ་བཟང་དོན་གྲུབ་ཀྱིས་གུས་ཕུལ།



                                              ཤིས་ཚིག

མ་ཡུམ་སློབ་གླིང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ལན་བརྒྱར་ཞུ་བ་དང་ཆབས་ཅིག་མགོན་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་།   གཞོན་སློབ་བུ་རྣམས་ཀྱི་རིག་པ་རྒྱས་པ་དང་། ལྷག་དོན་སློབ་གླིང་འདི་ནས་སྤྱི་ཚོགས་ལ་ནུས་པ་བླ་ལྷག་ཐོན་པའི་སློབ་བུ་ས་སྟེང་ཡོངས་ལ་གང་བའི་བཀྲ་ཤིས་ཁ་གཡང་ཞུ་བ་བོ་སློབ་བུ་ཡང་གསང་གིས་ལྷ་ས་ནས་གུས་ཕུལ།


                སྨོན་ཚིག

 

ཤེས་བྱའི་མཚོ་མོ་ལྷོག་ལྷོག་གདུ་བའི་ཤེས་རིག་ནོར་བུའི་གླིང་ག་རུ།།
ཤེས་བྱའི་བང་མཛོད་དྲིན་ཆེན་བླ་མས་ཤེས་རབ་ནོར་མཆོག་གནང་བའི་དྲིན།།
ཤེས་ནས་ངེད་ཅག་སློབ་བུ་སྟོང་གིས་ཤེས་རིག་གླིང་གི་འཁྲུངས་སྐར་ལ།།
ཤིས་ཚིག་མེ་ཏོག་མཐོ་རུ་བཏེགས་ནས་ཤེས་རིག་གླིང་ལ་རྟེན་འབྲེལ་ཞུ།།

ཞེས་ཨ་རིག་མཁས་བཟང་དུ་འབོད་པས་ཕ་ཡུལ་མདོ་ལ་རིང་མོ་ནས་མ་ཡུམ་སློབ་གྲྭ་སྟེ་གངས་ལྗོངས་ཤེས་རིག་ནོར་བུ་གླིང་བཙུགས་ནས་ལོ་འཁོར་བཅུ་དགུ་ལོན་པར་བཀྲ་ཤིས་བདེ་ལེགས་ཞུ་རྟེན་དུ་ཕུལ།




             ཤིས་ཚིག

ཁྱེད་ནི་དགུང་གི་སྐར་རྒྱན་ལེན་པའི་སྐས་གདང་རེད།།
ཁྱེད་ནི་སྟོད་ཀྱི་རིག་གཞུང་འདྲེན་པའི་ལམ་ཆེན་རེད།། 
ཁྱེད་ནི་ཤེས་རིག་སྣོད་དུ་བརྫང་བྱའི་བང་མཛོད་རེད།།
ཁྱེད་ནི་སྐྱེས་ཆེན་དཔའ་བོས་བསྐྲུན་པའི་ཞིང་ཁམས་རེད།།
མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་སློབ་བུ་བསོད་ནམས་དཔལ་གྱིས་གུས་ཕུལ།
                        
༢༠༡༣ ༡༢ ༡༥ཉིན།



           ཤིས་ཚིག
སྔོན་བྱོན་མེས་པོའི་སྙིང་སྟོབས་དཔལ་གྱིས་དྲངས།
སློབ་དཔོན་དམ་པའི་ཐུགས་རྗེའི་གཟི་ལས་འཁྲུངས།
འཆད་རྩོད་རྩོམ་སོགས་འཕྲིན་ལས་རླབས་པོ་ཆེ།
ཕྱོགས་ཀུན་ཁྱབ་མཛད་མ་ཡུམ་སློབ་གྲྭ་དྲན།

ཐོས་བསམ་གོ་རྒྱ་ཆུང་བའི་ང་རང་ཡང་།
མ་ཡུམ་སློབ་པའི་གྲལ་ནས་འཚར་ལོངས་བྱུང་།
དེ་རིང་ལྷ་ལྡན་ཇོ་ཤཱཀ་རྣམ་པའི་དྲུང་།
མ་ཡུམ་སློབ་གྲྭར་སྐྱབས་འཇུག་ཞུ་བཞིན་ཡོད།

མ་གྱུར་འགྲོ་བ་ཐུགས་ལ་བརྣགས་པའི་མ།
མ་ལུས་ཕན་བདེ་སྩོལ་བའི་དྲིན་ཅན་མ།
མ་ཐོབ་རིགས་ལ་ཤེས་བྱའི་ལྗགས་བྱིན་མ།
མ་ཡུམ་སློབ་གྲྭའི་བཀའ་དྲིན་མཁའ་ལས་འགོངས།

དེང་རབས་ཐོག་བརྩེགས་ཚན་རྩལ་ལ་སོགས་པའི།
འབྱུང་འགྱུར་ཆབ་དཔལ་རིག་གསུམ་གང་ཅིའི་ཐད།
མཐུན་རྐྱེན་ལེགས་ཚོགས་ཡར་ངོའི་ཟླ་བཞིན་དུ།
མ་ཡུམ་སློབ་གྲྭའི་རླུང་རྟ་དར་བར་ཤོག
ཅེས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་སློབ་བུ་རྣམས་ཀྱི་གྲལ་མཐའ་བ་ཁཱ་ཤེས་རབ་རྒྱ་མཚོས་ལྷ་ས་ནས་གུས་ཕུལ།


              ཤིས་ཚིག

གངས་རིའི་གཟི་འོད་གླིང་འདིར་འཕྲོས་པའི་ལོ་འཁོར་བཅུ་དགུ། 
རྔུལ་ཆུའི་ཐིགས་པ་རེ་རེར་བཞུར་བའི་ལོ་འཁོར་བཅུ་དགུ། 
མེས་པོའི་སྲོལ་རྒྱུན་དམ་དུ་བཟུང་བའི་ལོ་འཁོར་བཅུ་དགུ། 
ལོ་འཁོར་བཅུ་དགུའི་རྟེན་འབྲེལ་འཛོམས་པ་སྐྱིད་པའི་བཀྲ་ཤིས། 
གདོང་དམར་བས་གུས་ཕུལ།
 
    
ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
_____________________________
           __
ཧི་མ་ལའི་ལྗང་མྱུག

རྒྱལ་ཀུན་མཁྱེན་རབ་གཟི་འོད་གཅིག་བསྡུས་སྐུ།།
ཟབ་གསལ་བརྩེ་བའི་འོད་ཞགས་མྱུར་བའི་གཾསུང་།།
རྨོངས་མུན་རྩད་ནས་གཞོམ་པའི་བདེ་སྟོང་ཐུཾགས།།
འཇམ་དཔལ་གཞོན་ནུས་དགེ་ལེགས་ཤིས་པ་ཾསྩོལ།།

འཇིགས་མེད་གདོང་ལྔའི་རིག་པའི་རྣམ་དཔྱོད་ལས།།
རྨད་བྱུང་ཤེས་རིག་འདོད་དགུ་འཇོ་བའི་གླིང་།།
གངས་ཀྱི་རི་ཾཚོམཾ་བསྟར་བའི་དཀྱིལ་དབུསཾ་སུ།།
རབ་གནས་ཤིང་ཁྱིའི་དཔལ་ལ་ལེགས་པར་བལྟམས།།

ལོ་ཟླའི་ཉི་གཞོན་འཛུམ་པའི་སྟངས་སྟབས་ལས།།
ལུགས་ལྡོག་མི་ལོ་ཉི་ཤུར་ཉེ་བའི་དུས།།
ཁྱེད་ཉིད་ཁ་བའི་ལྗོངས་སུ་ཚེ་འབར་བཞིན།།     
ལམ་ལམ་འོད་དུ་འཚེར་བ་ཨེ་མ་ཧོ།།

འཆད་ལ་ངལ་མེད་ཉིན་བྱེད་འཛུམ་པའི་སྐུ།།
རྩོདཾ་ལ་ཟླ་མེད་ཅི་འདོད་སྩོལ་བའི་གསུང་ཾ།།
རྩོམཾ་ལ་ཐོགས་མེད་བཅུ་ཕྲག་རིག་པའིཾ་ཐུགས།།       
གཞཾན་ཕན་ལྷག་བསམ་གྲོལ་བའི་བཤེས་ཾརྣམས་རྒྱལ།།

གཟུར་བོའི་གནས་ཡི་བློ་གྲོས་དཔལ་འབར་ཞིང་།།
གཙོ་མ་གསེར་གྱི་སྦྱང་བྱར་དོན་གཉེན་ཆེ།།
མ་བཅོས་རྒན་བཀུར་ཆུང་བྱམས་ཡིད་དུ་འཛུམ།།
སྣོད་ལྡན་རྐང་དྲུག་གཤོག་ཟུག་རྒྱས་གྱུར་ཅིག།

ལྷ་གཅིག་ཕྱག་ན་པདྨོའི་གཟི་བྱིན་ལས།།
དོན་གཉིཾས་ཡོངས་རྫོགས་བཤེས་གཉེན་མཆོག་རྣམས་དང་།།
ཆོལ་གསུཾམ་སློབ་མའི་བརྩེ་བ་མཚོ་ལས་ཟབ།།
ཕྱོགས་བཞིཾར་མཛད་བཟང་འབྲུག་སྟོང་ལྡིར་བར་ཤོག།
         

ནང་སེམས་སྲོལ་རྒྱུན་རིག་པའི་སྲོག་ཤིང་བརྟན།།
ཕྱི་ལུས་དེང་རབས་ཤེས་བྱའི་དོ་ཤལ་མཛེས།།
ཤེས་རིག་འདོད་དགུ་འཇོ་བའི་ནོར་བུའི་གླིང་།།
གཾངས་ཾདཀར་ལྷུན་པོ་བཞིན་དུ་བཾརྟནཾ་པརཾ་སྨོན།།

བཀྲ་ཤིས་ཉིན་གཞོན་དགུང་ནས་འཆར་བ་དང་།།
རྟེན་འབྲེལ་ཟླ་བ་མཁའ་རུ་འཛུམ་པར་ཤོག།
ཕུན་ཚོགས་རྒྱུ་སྐར་མཐའ་རུ་རབ་བཀྲ་ཞིང་།།
དགེ་ལེགས་ཅི་བསམ་ལྷུན་གྱིས་འགྲུབ་པར་ཤོག།

      
༢༠༡༣ ༡༢  ༡༥ཉིན་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ནས་བགྲང་བྱ་བཅུ་དགུ་ལོན་པའི་བཀྲ་ཤིས་འཁྲུངས་སྐར་ལ་ཞོགས་པར་བྲིས་པ་དགེའོ།།


             ཤིས་ཚིག
༄༅། །མི་འཇིགས་རིགས་པའི་དཔའ་བོ་ཁ་བའི་བུ།
ཤེས་མེད་གངས་ཕྲུག་སྟོང་གི་མགོན་མཛད་པས།
སྤུ་རྒྱལ་བཙན་པོའི་བློ་གྲོས་སྙིང་གི་བཅུད།
ཡ་མཚན་འདི་ན་འདུག་ཅེས་འཛམ་གླིང་གི།
ཤེས་ལྡན་ཡོངས་ཀྱིས་མགོ་བོ་ལྡེམ་སོ་སྐད།

གངས་ལྗོངས་གསར་པའི་མངའ་ཐང་དགུང་ལ་བསྙེགས།
ཤེས་རིག་དམ་པའི་འབྲས་བུས་ས་གཞི་ཁྱབ།
ནོར་བུའི་མཚན་ཅན་ཐུགས་བཞེད་ལྷུན་གྱིས་འགྲུབ།
འཁྲུངས་སྐར་བཅུ་དགུ་གཞི་བྱེས་ཡོངས་ཀྱིས་བསུ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ལོ་ངོ་བཅུ་དགུ་ལོན་པར་ཤིས་ཚིག་ཏུ་གངས་བུ་རྨ་ཁས་ཚ་བ་དཔའ་ཤོད་ནས།
 



   ཡུལ་གངས་རིའི་ལྗོངས་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་མ་ཡུམ་ཤེས་རིག་ནོར་བུའི་  
  
སློབ་གླིང་དབུ་བརྙེས་ནས་བགྲང་བྱ་ཧྲིལ་བོ་༡༩འཁོར་བར་རྟེན་འབྲེལ་ཞུ།
 
གྲང་རླུང་ངར་མའི་དབལ་ཁས་མ་བརྡེགས་ཤིང་།།
སྟོན་རླུང་ལྡོམ་པོས་གཟེར་བ་མ་ཡིན་པའི།།
སྟོབས་ཆེན་གནོན་ཤུགས་བྱེ་བའི་ཁ་སྒོ་ལས།།
ཞི་དུལ་གཤིས་ཀྱིས་ཐར་ལ་གུས་ཕྱག་འཚལ།།

ཁྱེད་ནི་མཐོ་སྒང་གདོང་བ་དམར་བོའི་རིགས།།
སངས་མེད་རྨོངས་པའི་གཉིད་ལས་དཀྲོགས་པ་ཡི།།

དུས་རབས་ཤིག་གི་སྒྲོན་མེ་འོད་ཆེན་དེ།།
གཟིམ་མེད་གངས་ཀྱི་སྤོ་ན་འགྱིང་དེ་ལགས།།

གཤིས་ཀྱི་འདབ་མ་མཛེས་པའི་གྲྭ་ཞིག་ན།།
ལུང་རིགས་ངད་པ་འཐུལ་བའི་གླིང་ཞིག་ན།།
མི་ལོ་བཅུ་དགུའི་ཞབས་རྗེས་གཟི་བྱིན་ཅན།།
བསིལ་ལྡན་ཁ་བ་ཚང་གི་མིག་ལ་ཡག།

རུས་པའི་གཏིང་ལ་རིགས་ཀྱི་སྣུམ་ཁ་མཐུག།
དགོངས་པའི་དབྱིངས་སུ་ཆོས་ཀྱི་བྱམས་ཤ་ཆགས།།

ཆེར་སྙིགས་དུས་ཀྱི་མཐའ་ན་འཚེར་བ་ཡི།།

མགོན་ཁྱོད་སྡོམ་བཙུན་འདུས་པའི་གཙུག་རྒྱན་ལགས།།

ཁ་བའི་རྒུད་པ་གསོ་ལ་མི་འཇིགས་པའི།།
སྤོབས་པ་རབ་མཐོ་གངས་སེང་དཀར་མོའི་བུ།།
ཐུགས་བཞེད་འགྲུབ་ཅིང་འཕྲིན་ལས་ཉི་མའི་འོད།།
བསིལ་ལྡན་རི་བོའི་ལྗོངས་སུ་ཁྱབ་གྱུར་ཅིག།

དེ་རིང་ཁྱེད་ཀྱི་བཀྲ་ཤིས་དུས་བཟང་སྟེ།།
ཁྱེད་ཀྱི་རྔུལ་ནག་ཐིགས་པ་ཁྲོམ་ཁྲོམ་གྱིས།།
བསྐྲུན་ཅིང་འཚར་བའི་མ་ཡུམ་སློབ་གླིང་གང་།།
ན་ཚོད་བཅུ་དགུར་སོན་པའི་ཉི་མ་ཡིན།།

ཁྱེད་ཀྱིས་བསྐྱངས་ཤིང་ཁྱེད་ཀྱི་བཀའ་དྲིན་གྱིས།།
མི་རུ་སྐྱེས་པའི་རིན་ཐང་རྙེད་པ་ཡི།།
ཁྲེལ་དང་ཕྱི་ཐག་འབར་བའི་གངས་ཕྲུག་ཁྱུ།།
མདོ་དབུས་ཁམས་ན་རིགས་ཀྱི་ཆེད་དུ་འདུར།།

ཁྱེད་ཀྱི་དུས་གསུམ་ཁ་བའི་དར་རྒུད་དེ།།
ཁྱེད་ཀྱི་ལོ་རྒྱུས་བོད་ཀྱི་གཟི་བརྗིད་ཡིན།།
ཁྱེད་ལ་དུང་བ་རིགས་ལ་དུང་བ་སྟེ།།
ཁྱེད་ལ་གཅེས་པ་རང་ལ་གཅེས་པ་ཡིན།།

ཨ་ཕའི་སེར་ག་ཁྱེད་ཀྱི་འོད་ཀྱིས་གསོས།།
ཨ་མའི་མགོ་བོ་ཁྱེད་ཀྱིས་གནམ་ལ་བཏེགས།།
ཁྱེད་རང་བོད་པ་ཚང་གི་ཀ་བ་སྟེ།།
ཁྱེད་ཉིད་ཡོད་པ་བོད་ཀྱི་རེ་བ་ཡིན།།

         ~ 
ཅེས་པ་འདིའང་མ་ཡུམ་ཤེས་རིག་གླིང་གི་སྐབས་བཅོ་ལྔ་བའི་མཐར་ཕྱིན་སློབ་བུ་གླིང་རུ་བསམ་འགྲུབ་ཚེ་རིང་ངམ། གླིང་བུའི་སྙེ་མར་འབོད་པ་དེས་ཕ་ཡུལ་ནང་ཆེན་ནས་ཁྱེད་ཀྱི་འཁྲུངས་སྐར་བཅུ་དགུ་བར་བཏེགས་པའོ།།


         ཤིས་སྨོན།

གཞོམ་མེད་གངས་སེང་གངས་རི་མཛེས་པའི་ཏོག།
ལྷད་མེད་ལྷག་བསམ་མཐུ་ལས་ལེགས་འཁྲུངས་ཏེ།།
བསུབ་མེད་མཛད་རྗེས་འཛམ་པུ་གླིང་ལ་བཀོད།།
འཇིགས་མེད་བླ་མའི་ལས་དོན་ངོ་མཚར་ལྡན།།

གངས་ལྗོངས་སྨག་གིས་ཟ་བའི་མཚན་དཀྱིལ་དུ།།
རིག་པའི་ཉི་ཟླ་བསྐོར་བ་དཔའ་བོའི་གདེངས།།
བརྒྱ་སྟོང་ཁྲི་འབུམ་ཀུན་ཏུ་སྤྲུལ་བའི་གནས།།
མ་ཡུམ་སློབ་གླིང་དུས་ཀུན་རྒྱལ་གྱུར་ཅིག།

---
མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒེར་གྱིས་བཙུགས་ནས་ལོ་འཁོར་བཅུ་དགུ་ལོན་པའི་འཁྲུངས་སྟོན་ཤིས་སྨོན་དུ།  དེ་གའི་སློབ་བུ་གང་ཇི་སྙེད་ཅིག་ཡོད་པ་ཀུན་གྱི་ཐ་མར་གྱུར་བ་བོན་བརྒྱ་སྟག་ལ་འབུམ་གྱིས་སྒོ་གསུམ་གུས་པ་ཆེན་པོས་ཕུལ་བ་དགེའོ།།


        ཤིས་ཚིག
སློབ་དཔོན་རྣམས་ཀྱི་སྐུ་ཚེ་བརྟན་པར་ཤོག །

མི་རིགས་སློབ་གསོ་དར་ཞིང་རྒྱས་པར་ཤོག །

སློབ་གྲོགས་རྣམས་ཀྱིས་བསམ་དོན་འགྲུབ་པར་ཤོག །

གངས་ལྗོངས་ཤེས་རིག་དར་ཞིང་རྒྱས་པར་ཤོག །
                        ཅེས་སེམས་པ་དཀར་པོ་ནས་གུས་ཕུལ།


              སྨོན་ཚིག

༄༅།།གང༵ས་ལྗོང༵ས་གཙུག་ལག་རིག་པའི་ཆུ་གཏེར་ཆེར།།
 
འཇི༵གས་མེ༵ད་སྤོབས་པའི་རླབས་འཕྲེང་མཁའ་ལ་འཕྱོ།།
 
ཤེས༵་རི༵ག་ནོ༵ར་བུ༵འི་བང་མཛོད་ཟླ་མེད་པ།།
 
སློབ༵་གླིང༵་མཐོ་སྒང་འཛིན་མའི་རྒྱན་དུ་བརྗིད།།
 
     
ཅེས་བཅུ་ཕྲག་རིག་པའི་རོལ་མཚོ་སློབ་གླིང་གང་ཉིད་གསར་དུ་བཙུགས་ནས་ཟླ་བའི་ཕུང་བོ་བཅུ་དགུ་འཁོར་བའི་འཁྲུངས་སྐར་ལེགས་སྐྱེས་སུ། རིགས་ཞེན་པ་ཆས་པ་སྦྱིན་པས་གུས་ཕུལ།

       ཤིས་ཚིག་དུང་གི་སྒྲ་དབྱངས།

མ་ཡུམ་གངས་ལྗོངས་ཀྱི་རེ་ལྟོས་འཆའ་ས།།
མགོ་ནག་བོད་པ་ཡི་མིག་ཟུང་བགྲད་ས།།
ཐོན་མིས་ཤེས་རབ་ཀྱི་གངས་ཆབ་འབབ་ས།།
གངས་ལྗོངས་ཤེས་རིག་གི་སློབ་གླིང་ཆེན་མོ།།

ཆོལ་གསུམ་བོད་མི་ཡིས་སེམས་པ་འཁོར་ས།།
ཡབ་མེས་དཔའ་བོ་ཡི་རྣམ་དཔྱོད་བཀྲ་ས།།
ཇོ་མོ་གླང་མ་ཡི་གཟི་འོད་འཕྲོ་ས།།
འཇིགས་མེད་སྤོབས་པ་ཡི་ཤེས་རབ་གླིང་མཆོག།

གནའ་དེང་རིག་པ་ཡི་རྦ་རླབས་འཕྱོ་ས།།
མི་རིགས་མཐུན་བསྒྲིལ་གྱི་གསེར་སྐུད་དམ་ས།།
དགེ་སློབ་མཛའ་བརྩེ་ཡི་མཚོ་མོ་འཁྱིལ་ས།།
གངས་ལྗོངས་ཤེས་རིག་གི་སློབ་གླིང་ཆེན་མོ།།

ཁ་བ་དཀར་པོ་ཡི་རང་མདངས་ཡོད་ས།།
ཕ་སྐད་གཙང་མ་ཡི་ལང་ཚོ་མཛེས་ས།།
བོད་སྐད་དག་མ་ཡི་ཁ་དབུགས་གཙང་ས།།
འཇིགས་མེད་རྒྱལ་མཚན་གྱི་སྒེར་ཚུགས་སློབ་གླིང་།།

གངས་དཀར་ཏི་སེ་ཡི་མགོ་འཕང་མཐོ་ས།།
རྨ་ཆེན་གངས་རི་ཡི་རླུང་རྟ་དར་ས།།
རྨ་འབྲི་རྫ་གསུམ་གྱི་གླུ་སྐད་སྙན་ས།།
གངས་ལྗོངས་ཤེས་རིག་གི་ནོར་བུ་སློབ་གླིང་།།

ཞེས་ཐུབ་གཞོན་དུ་འབོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ནས་ལོ་འཁོར་བཅུ་དགུ་ལོན་པའི་དགའ་སྟོན་རྟེན་འབྲེལ་དུ་ཤར་མར་བྲིས་པའོ།

                   ཤིས་ཚིག

    ཤེས་རིག་ནོར་བུའི་འཁྲུངས་སྐར་དང་འགྲོགས་ནས། གངས་ལྗོངས་ཁ་བའི་ལྗོངས་ལ་ཤེས་རིག་གི་འོད་སྣང་སྦྱིན་མཁན་རྒན་འཇིགས་མེད་རྒྱལ་མཚན་མཆོག་གཙོ་བྱས་རི་ཁ་བ་ཅན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་ལུས་རི་རྒྱལ་བཞིན་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་རྒྱས་པ་དང་།  ཤེས་རིག་ནོར་གླིང་གི་ཤེས་བྱས་བདུད་རྩིའི་ཟེགས་མ་རེ་རེ་ཇོ་མོ་གླིང་མའི་དབུ་རྩེ་ལ་འཐོར་ཏེ་གངས་ཀྱི་མི་རྒྱུད་གཙོ་བྱས་བདུད་རྩིའི་ཆབ་རྒྱུན་གོ་ལ་ཟླུམ་པོའི་ཤར་ནུབ་ཀུན་ཏུ་ཁྱབ་པའི་སྨོན་འདུན་ཁྲི་ཕྲག་སྙིང་ནས་ཞུ།   

       ཞེས་དམེ་ཤུལ་བ་འཕྲིན་ལས་རྒྱ་མཚོས་༢༠༡༣་ ༡༢་ ༡༥་འཁྲུངས་སྐར་ཉིན་ལ་གུས་པས་འཕུལ། 




        སྨོན་ཚིག
འཇིགས་མེད་སྤོབས་པའི་རྒྱལ་མཚན་གངས་རྩེ་རུ་བསྒྲེངས་ཏེ།།
ཤེས་རིག་སྣ་མང་ནོར་བུའི་གཏེར་མཛོད་ཀྱི་གླིང་ག།

གདོང་དམར་བོད་པའི་སྲོག་གི་སྣོན་མ་རུ་ཕྱེས་ནས།།
འཁྲུངས་སྐར་བཅུ་དགུ་པ་འདི་རྟེན་འབྲེལ་གྱིས་བསུ་འོ།།

              -------རྨ་དུག་སྦྲང་།



              ཤིས་ཚིག
                 ___
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ནས་ལོ་འཁོར་བཅུ་དགུ་ལོན་པའི་རྟེན་འབྲེལ་མཚོན་བྱེད་དུ།

རྣམ་དཔྱོད་སྟོང་གི་དཔལ་ལས་འཁྲུངས་ཤིང་གོ་ལའི་ཁྱོན་ན་མཚན་སྙན་འབར།།
རྨོངས་མུན་མཐའ་རུ་སྟོབས་ཀྱིས་འགྱིངས་ཏེ་ས་ཆེན་ཁམས་སུ་འོད་སྣང་བསུས།།
ལྷག་བསམ་འོ་མའི་བཞུར་རྒྱུན་གཙང་མས་བུ་སློབ་གྲངས་མེད་ལམ་སྟོན་མཛད།།
འགྱུར་མེད་རྡོ་རྗེ་གཤིས་སུ་གྲུབ་པས་སྙིང་སྟོབས་སྲོག་གི་ཀ་ཆེན་བཙུགས།།

བསྐལ་བ་བརྒྱ་ཡི་སྲིད་མཐའི་བར་དུ་མི་འཇིག་ཚེ་ལ་ཡུན་བརྟན་ཤོག།
མཐུན་སྒྲིལ་གསེར་གྱི་རང་མདངས་མ་ཉམས་རེ་བའི་རླུང་རྟ་ཡུན་དར་ཤོག།
བརྩོན་འགྲུས་རྟ་ཕོའི་བང་རྩལ་མ་འགྱུར་ཤེས་བྱ་རྒྱ་མཚོ་ཡུན་རྒྱས་ཤོག།
དཀའ་སྡུག་ཁྲི་ཡི་རྔུལ་ཁྲག་ཀློང་ནས་མ་ལུས་རྒྱལ་ཁ་ཡུན་ཐོབ་ཤོག།

        ༢༠༡༣༡༢༡༥ཉིན་ལམ་སྐྱ་བོས་ཕུལ་བ་དགེ་ལེགས་འཕེལ།


     ཤེས་རིག་ནོར་བུའི་གླིང་གི་འཁྲུངས་སྐར་ལ་འབུལ།

ཤེ༵ས་བྱའི་གནས་ལ་རབ་ཏུ་འཇུག་པའི་དགའ་ཚལ་དེ།།
རི༵ག་པའི་གནས་ལྔ་དཔག་བསམ་ལྗོན་ཤིང་ཡབ་འདབ་རྒྱས།།
ནོ༵ར་བུ་བཞིན་དུ་བསམ་པའི་དོན་ཀུན་གེགས་མེད་ཅིང་།།
གླིང༵་བཞིའི་ཕུན་ཚོགས་དཔལ་ལ་རོལ་བའི་ཤིས་པ་རྩོལ།།

ཤེས་ལ་ཤེས་པའི་གནས་ལྔ་རིག་པའི་དགའ་ཚལ་ན།།
མཚན་ཉིན་རིག་པའི་སྙན་པ་དཀར་པོ་ཡུལ་འདིར་ཁྱབ།།
དུས་རབས་ཉེར་གཅིག་མི་བུ་དག་གིས་ཡིད་སྨོན་བྱེད།།
ཁྱེད་ཀྱི་མཛད་འཕྲིན་རྒྱལ་མཚན་བཞིན་དུ་འཛམ་གླིང་ཁྱབ།།

མི་རིགས་འདི་ཡི་སྐད་ཡིག་ཉམ་པར་སླར་ཡང་གསོ།།
སྒྲ་དང་ཚད་མ་རིག་པས་དུས་འདིར་དཔལ་ཡོན་རྩལ།།
བཟོ་དང་གསོ་བ་རིག་པས་ཡུལ་འདིར་དགེ་མཚན་འབར།།
ཁྱེད་ཀྱི་སྙན་པ་གངས་རིའི་ལྗོངས་ཀྱི་གཟི་བརྗིད་ལགས།།

༢༠༡༣-༡༢-༡༥ཉིན་རྔ་སྙུག་རྩེ་ནས།


ཁྱོད་ཚེ་རིང་ཤོག

ལོ་ན་བཅུ་དགུར་སོན་པའི་ཁྱོད་ཚེ་རིང་ཤོག
རེད་དེ།  བགྲང་བྱ་བཅུ་དགུ་ནི་རིང་བོ་ཞིག་མིན་ཀྱང་།
ངས་ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

གངས་ཀྱི་པང་ནས་བལྟས་ན།
ཁྱོད་མེས་པོའི་གླུ་གཞས་རེད།
གོ་ལའི་ལྒང་ནས་བལྟས་ན།
ཁྱོད་ཕ་ཡུལ་གྱི་ནམ་མཁའ་རེད།

བསྐལ་བ་ནས་བསྐལ་བའི་བར་དུ་ཁྱོད་ཁྲི་ལོར་ཤོག
ལོ་ན་བཅུ་དགུར་སོན་པའི་ཁྱོད་ཚེ་རིང་ཤོག
                 2013.12.15           _____
ཐ་གུ


                           ཤིས་ཚིག
 
སྔོན་བྱོན་མེས་པོའི་བཀའ་དྲིན་སྐྱོང་བའི་འགྲན་མེད་ཤེས་བྱའི་གླིང་ག་སྟེ།།
རིག་པའི་ནོར་མཆོག་ཅི་དགར་སྩོལ་བའི་སློབ་དཔོན་རྣམ་པའི་མཛད་འཕྲིན་དང་།།
གྲངས་མེད་སློབ་བུའི་དགའ་སྟོན་རོལ་བས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་དེ།།
འཛམ་གླིང་གོ་ལའི་རྩེ་ནས་སླེབས་པའི་དགའ་སྤྲོ་སྟོང་གིས་བསུ་མ་བྱེད།།

 
ཅེས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་སྐབས་བཅུ་བའི་མཐར་ཕྱིན་སློབ་མ་གཡོན་གཞུའི་རིག་འཛིན་གྱིས་གངས་རིའི་འདབས་སུ་གུས་ཕུལ།
              
༢༠༡༣/༡༢/༡༥



      ཤིས་ཚིག 
 

 

འཇི༵གས་མེ༵ད་སྙིང་སྟོབས་སྲོག་གི་ཀས།།
སློབ་གསོའི་རྒྱ༵ལ་མཚ༵ན་མཁའ་རུ་བསྒྲེངས།།
ལྷག་བསམ་མེ་ཟླུམ་མཆེད་པ་ཡིས།།
གངས་རིའི་ཟོམ་གྱི་མུན་པ་དཀྲོགས།།

གནའ་དེང་ཤེས་རིག་བདུད་རྩིའི་བཅུད།།
བགྲང་ཡས་བུ་སློབ་དཔལ་དུ་ཤར།།
འོད་ཀྱིས་ཁེངས་པའི་མ་ཡུམ་གླིང་།།
ས་ཆེན་རྒྱན་དུ་བརྟན་པར་ཤོག།

མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ནས་ལོ་འཁོར་བཅུ་དགུ་འཁོར་བར་དགའ་སྤྲོའི་ངང་རྟེན་འབྲེལ་ཞུ་བ་དང་ཆབས་གཅིག་ཏུ་སློབ་དཔོན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་འབྲས་བུ་གཡུར་དུ་སྨིན་ཞིང་བསམ་དོན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་ཞུ།
  
ཞེས་སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་བུ་འཇིགས་མེད་རྒྱ་མཚོས་རྒྱ་ནག་རྒྱལ་ས་པེ་ཅིན་ནས།


                                         ༼  1
       དེ་རིང་ནི་མ་ཡུམ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གླིང་འདིར་འཁྲུངས་ནས་མི་ལོ་བཅུ་དགུ་ལོན་པའི་དུས་དྲན་ཉིན་མོ་ཡིན་པས་ངས་འདི་ནས་མ་ཡུམ་ལགས་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་འོས་ཏེ།
ང་ནི་མ་ཡུམ་སློབ་གླིང་གི་པང་ཁུག་ནས་ཡར་འགྲེང་ཐུབ་སོང་ལ།  མ་ཡུམ་ལགས་ལ་གཟི་འོད་ཇི་ཙམ་འཕྲོས་པ་དེ་སྲིད་དུ་ང་ལའང་གཟི་འོད་འཕྲོ་མྱོང་བས་སོ།།
                      ༼ 2
        ད་དུང་སྐད་ཆ་གཞན་ཞིག་དམིགས་ཀྱིས་ཞུ་རྒྱུ་ཡོད་པ་ནི་ང་ལ་བརྩེ་བའི་སྐྱོང་མྱོང་བའི་སློབ་དཔོན་རྣམ་པའི་སྐུ་ཚེ་བརྟན་ཞིང་བཞེད་དོན་མཐའ་དག་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ལན་བརྒྱར་ཞུ་འོས་ཏེ།
ཁོ་ཚོ་ནི་ང་ཡི་བྱིས་དུས་ཀྱི་བླ་དང་སྲོག་གི་བདག་པོ་ཁོ་ན་ཡིན་པས་སོ།།
                       ༼ 3
      དེ་མིན་ང་དང་མཉམ་པོར་ཕ་མ་དྲན་རོགས་དང་།   རྩམ་པ་ཟ་རོགས། ཀ་ཁ་སྐྱོར་རོགས་ཀྱི་སློབ་གྲོགས་དག་གི་སྙིང་སྟོབས་ལས་འབུས་པའི་ཐོས་བརྩོན་ལ་ལྷོད་པ་མེད་པའི་བཀྲ་ཤིས་ཁ་གཡང་སྒྲོག་འོས་ཏེ།   ཁོ་ཚོ་ནི་ང་ཡི་དུས་གསུམ་གྱི་ལས་གྲོགས་ཡག་ཤོས་ཡིན་པས་སོ།།
                      ༼ 4
     ལྷག་དོན་ཕྱོགས་སོ་སོ་ནས་དགའ་བཞིན་སྤྲོ་བཞིན་ཕེབས་པའི་རྒྱ་ཆེ་བའི་ལྟད་མོ་བ་ལྷན་རྒྱས་ལ་ཆེད་དུ་ཁ་དྲོ་ཞུ་འོས་ཏེ།  ཁྱེད་ཅག་གི་བླ་མེད་ཀྱི་རྒྱབ་སྐྱོར་ནི་ངེད་ཚང་ལ་ཧ་ཅང་མཁོ་སྟེ།   ངེད་ཚང་ནི་ཁྱེད་ཅག་ཡོད་པས་ད་གཟོད་འཇིག་རྟེན་འདིར་འཚོ་ཐུབ་སོང་ངོ་།།
                        ༼ 5
     གཞན་ཡང་འདི་ནས་ཆེད་དུ་རང་ཉིད་ལའང་འདི་ལྟར་ལབ་འོས་ཏེ།  ཝེ་་་ར་མདའ་བ་ལགས་ཁྱེད་ཉིད་ཧ་ལས་པའི་བུ་རྒོད་ཅིག་རེད་དེ།
ཁྱེད་རང་ཉིད་ཀྱིས་ལམ་ཁ་འདི་གདམས་པས་ད་གཟོད་ཁྱེད་ཀྱིས་མ་ཡུམ་སློབ་གྲྭའི་འཁྲུངས་སྟོན་ངོ་ཤེས་སོང་ལ།
རང་ཉིད་ཀྱང་ངོ་ཤེས་པས་སོ།།
       2013/12/15


          སྨོན་ཚིག

ལྔ་རིག་འོ་མའི་རྒྱ་མཚོ་འཁྱིལ་བའི་དབུས། །

 ལུང་རིག་རླབས་དཀར་གཡོ་བའི་རྩེ་དགའ་ཡིས། །

མ་ཡུལ་གངས་རིའི་དབུ་འཕང་བསྟོད་པའི་གཉེན། །

ཤེས་རིག་ནོར་གླིང་གངས་རིའི་གཟི་བརྗིད་ཡིན། །

 

འཁྲུངས་སྐར་སྐོར་བྲོ་ཤེས་རིག་གླིང་ནས་སྤུར། །

བསྟོད་ཚིག་མེ་ཏོག་རྒྱང་རིང་ཡུལ་ནས་འཐོར། །

ཡང་ནས་ཡང་དུ་དར་བའི་སྨོན་ཚིག་ཅིག །

སླར་ཡང་ཆེ་དྲུག་རི་བོའི་ཡུལ་ནས་སྤེལ། །

                             ཧི་མ་ལའི་གསེར་སྦྲང་།



ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

མདུན་རི་ནགས་རི་སྟུག་པོ།།
རྒྱབ་རི་བྲག་གིས་བརྗིད་པ།།
བར་གྱི་མ་ཡུམ་སློབ་གླིང་།།
ལྷ་ཡུལ་ལས་ཀྱང་མཛེས་སོང་།།



གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ནས་ལོ་འཁོར་བཅུ་དགུ་ལོན་པའི་དགའ་སྟོན་རྟེན་འབྲེལ་དུ་སྐབས་བཅུ་བའི་མཐར་ཕྱིན་སློབ་མ་རྩེ་ཤེས་རབ་ཀྱིས་ཨ་མདོ་རེབ་གོང་ནས།


མ་ཡུམ་དང་ཡབ་ཆེན།  ད་དུང་ལོ་ངོ་བཅུ་དགུ།

ས༵་ཆེན་སྟོབས་ཀྱིས་འདེགས་པའི་ཤེས་རབ་ཀྱི་དཔུང་ཤུགས།།

 ཤ༵་རུས་གཙན་པོ་བོད་ཀྱི་གདུང་རྒྱུད་ལ་འཁྲུངས་ཏེ།།
 
ལ༵་མོར་བོད་པ་གཙང་མའི་ཤེས་རིག་གི་གཟི་འོད།། 
ར༵་ལྟར་གོ་ལའི་གཙུག་ཏུ་སུ་ཞིག་གིས་བཀོད་སོང་།། 

ང༵་ཚོ་བཙན་པོ་བོད་ཀྱི་ཁ་རྗེ་དང་ཀླུང་རྟ།།
ག༵་དུས་ཤིག་ནས་གཉོམ་པའི་ཐ་མ་རུ་གྱུར་ཚེ།། 
ཁ༵་བཤད་དོན་དུ་གནས་པའི་འཇི༵གས་མེ༵ད་ཀྱི་སྤོབས་པས།། 

ཀ༵་མད་རིག་པའི་རྒྱ༵ལ་མཚ༵ན་སྤྲིན་དཀར་ལ་མཉམ་སོང་།།

          ——
སློབ་གླིང་འདིའི་སློབ་མཐའ་ཨ་སྲས་དུག་སེལ་གྱིས་མ་ཡུམ་སློབ་གླིང་གི་བཀའ་དྲིན་དྲན་བཞིན་སེམས་དོན་མཚོན་བྱེད་ཙམ་དུ་འཁྲུངས་སྐར་ལ་ཕུལ།


ཤིས་ཚིག

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི །

བགྲང་བྱ་བཅུ་དགུའི་འཁྲུངས་སྟོན་མཛད་སྒོ་ལ། །

སྦྲ་ནག་སྐད་ཡིག་ཞབས་ཞུ་ཚོགས་པ་ཡིས། །
བཀྲ་ཤིས་རྟེན་འབྲེལ་བསྐལ་བརྒྱའི་བར་དུ་ཞུ། ། 


 
གཞན་ཕན་ལྷག་བསམ་ཐུགས་རྒྱུད་སྟོང་ལས་འཁྲུངས་པའི་ཤེས་རིག་ནོར་བུའི་གླིང་།།

གནའ་དེང་ཟུང་འབྲེལ་སློབ་གསོས་སྔར་མེད་དུས་རབས་གསར་བའི་སྟོང་ཆ་བསྐངས།།

བགྲང་བྱ་བཅུ་དགུའི་མཛད་རྗེས་གླུ་རུ་ལེན་པའི་བསྐལ་བཟང་དུས་ལེགས་འདིར།།

དྲི་མེད་ལྷ་དར་ཁ་བའི་འདབ་མར་བསྡོངས་ཏེ་བཀྲ་ཤིས་རྟེན་འབྲེལ་ཞུ།།


 
ཞེས་གངས་ལྗོངས་སྦྲ་ནག་སྐད་ཡིག་ཞབས་ཞུ་ཚོགས་པའི་ཚོགས་མི་ཡོངས་ནས་སྐབས་བཅུ་དགུ་བའི་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་ལ་རྟེན་འབྲེལ་ཞུ་མཚོན་དུ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/12/15 བལྟ་ཀློག (5044)