བསམ་ཚུལ་རྒྱུས་ལོན། སྨིན་དབུས་པོ།

ཁྱེད་ཀྱིས་བལྟས་ན་དེང་སང་བོད་ཀྱི་བྱིས་པའི་གཞས་ཚིག་རྩོམ་སྟངས་ཐད་ནས་ཁྱེད་ལ་ལྟ་ཚུལ་ཇི་འདྲ་ཡོད་དམ།

དྲི་བ།

        གཉན་པོ་གཡུ་རྩེའི་རྩོམ་སྒྲིག་པ་སྨིན་དབུས་པོ་ལགས། ཁྱེད་ཀྱིས་བལྟས་ན་དེང་སང་བོད་ཀྱི་བྱིས་པའི་གཞས་ཚིག་རྩོམ་སྟངས་ཐད་ནས་ཁྱེད་ལ་ལྟ་ཚུལ་ཇི་འདྲ་ཡོད་དམ།

ལན།

     འདིར་བྱིས་པ་གསོ་སྐྱོང་གི་ལས་ཀ་ནི་མིའི་རིགས་ཀྱི་མ་འོངས་པའི་བདག་པོ་དང་འབྲེལ་བ་དམ་ཟབ་ཡོད་པའི་བསམ་བློསྔོན་སོང་གི་སྒོ་ནས་བྱིས་པའི་གཞས་ཚིག་གི་ཐད་ལ་ཐུགས་ཁུར་གནང་བ་ཤིན་ཏུ་ལེགས། སྤྱིར་རང་རེ་བོད་ལ་གནའ་སྔ་མོའི་དུས་ནས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་དང་འགྲོགས་ཏེ་བྱིས་པ་གཉིད་འབེབ་ཀྱི་གླུ་མ་གཞས་ནས་བརྩམས། བྱིས་པ་ཁ་བྲིད་ཐབས་ཀྱི་གླུ་གཞས། བྱིས་པའི་སེམས་ཁམས་སྤྲོ་སྣང་ལ་རན་པའི་རྩེད་གཞས་དུ་མ་དང༌། འཚོ་བའི་རྒྱུན་ཤེས་དང་འབྲེལ་བ་ཡོད་པ་ནས་བྱིས་པའི་བློ་སྒོ་འཚར་ལོངས་དང་སློ་གསོའི་རང་བཞིན་ལྡན་པའི་གླུ་མ་གཞས་ཅི་རིགས་ཤིག་ཡོད་པ་ནི་ད་དུང་ཡུལ་ལུང་སོ་སོ་ན་ཐར་ཐོར་གྱིས་དམངས་ཁྲོད་རང་བཞིན་དུ་གནས་པ་མངོན་གསལ་ཡིན་མོད། ཉེ་ལམ་བོད་ཀྱི་བྱིས་པའི་གཞས་ཚིག་གི་ཐད་ནས་གཞིགས་ན། དུས་རབས་གསར་བའི་བྱིས་པའི་སེམས་ཁམས་མཛེས་དཔྱོད་དང་རན་པ། བྱིས་པའི་བསམ་བློ་དུས་རབས་མཐུན་པར་བསྐྱེད་བསྲིང་གི་མཚོན་ཐབས་ལྡན་པ། ཡང་ན་མི་རིགས་ཀྱི་སྲོལ་རྒྱུན་མཚོན་ཐབས་ལ་ཁྱད་ཆོས་འབུར་ཐོན་གྱི་བྱིས་གཞས་སྙིང་རྗེ་བོ་ཞིག་གསར་རྩོམ་བྱུང་ཡོད་པ་ནི་ཤིན་ཏུ་མཐོང་དཀོནཔའི་གནས་རེད་སྙམ་པའི་ལྟ་ཚུལ་ཡོད།

དེས་ན་རང་རེ་བོད་ཀྱི་གཞས་ཚིག་རྩོམ་པ་བོ་དག་གིས་དུསརབས་གསར་བ་འདིའི་བྱིས་པ་དག་གི་བློ་ངོར་འཚམས་པའི་བྱ་དངོས་དང་འབྲེལ་བའི་ལམ་ནས། བྱིས་བློ་འཚར་ལོངས་ཀྱི་སྒྱུ་རྩལ་མཚོན་ཐབས་དང༌། བྱིས་པའི་རྩེད་ར་ནས་སློབ་ཆུང་གི་བརྒྱུད་རིམ་ཁྲོད་ཀྱི་བསམ་བློ་གསོ་སྐྱོང་ལ་སྐུལ་ལྕག་གི་ནུས་པ་འདོན་སྤྲོདཐུབ་པའི་གཞས་ཚིག་སྙིང་རྗེ་བོ། བརྗོད་བྱ་རྗོད་བྱེད་ལ་ཕ་སྐད་ཀྱི་སྲོག་ཤུགས་དང་སྙན་འཇེབས་ཀྱི་དབྱངས་འགྲོས་ལྡན་པ་འཁྱོངས་ཐབས་ལ་བསམ་གཞིགས་ཡོད་པའི་སྒོ་ནས་ཚིག་རྩོམ་རྒྱུ་དང༌། དེ་བཞིན་དུ་བོད་ཀྱི་སྒྲ་གཟུགས་སྒྲིག་སྦྱོར་ཆེད་ལས་པ་དག་གིས་ཀྱང་བྱིས་པའི་སྐད་ངག་གི་བབ་དང་མཐུན་པའི་དབྱངས་འགྲོས་རོལ་མོ། བྱིས་པའི་དགའ་ཕྱོགས་ཀྱི་སྲོག་ཆགས་དང་ཡུལ་ལྗོངས་ནས་བྱིས་པའི་བསམ་བློའི་འཚར་ལོངས་ལེགས་བསྒྱུར་ལ་སློབ་གསོའི་བྱེད་ནུས་ལྡན་པའི་འགུལ་རིས་ཀྱི་རྣམ་པ་ཅན་སོགས་བྱིས་གཞས་ཀྱི་རྒྱབ་ལྗོངས་ཇུས་འགོད་དུས་རབས་དངམཐུན་པའི་གསར་བཏོད་རང་བཞིན་གྱི་སྒྱུ་རྩལ་མཚོན་ཐབས་བཀོལ་ཏེ། རིགས་ཀྱི་བྱིས་པ་དག་གི་གླུ་གཞས་གཞན་འགྱུར་གྱི་ལམ་ཁ་ནས་རང་རྐང་བཟུང་སྟེ་བོད་ཀྱི་བྱིས་གཞས་ཀྱི་གོམ་སྟབས་འཛམ་གླིང་ལ་ཕྱོགས་ཐུབ་པའི་ཐད་ནས་ནུས་པ་གསར་བ་རེ་ཐོན་ན་ཅི་མ་རུང་སྙམ་པ་ནི་མི་སྒེར་གྱིས་བོད་ཀྱི་བྱིས་པའི་གླུ་གཞས་ལ་བཟུང་བའི་ལྟ་ཚུལ་ཙམ་ཡིན།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/12/22 བལྟ་ཀློག (37221)