
དཔལ་ཡོན་བྱ་དགའ་ཐོབ་མཁན་རྒྱ་པོ་དང་མགོན་ཁོ་རྣམ་གཉིས།
གཡས་མགོན་ཁོ། གཡོན་རྒྱ་པོ།
དེ་རིང་སྟེ་སྤྱི་ལོ༢༠༡༤ལོའི་ཟླ་༡ཚེས་༡༨ཉིན་རྔ་ཡུལ་རྔ་སྨད་འབྲོག་དགེ་དགོན་གཙོས་ཀྱི་དགོན་ཁག་༤༥༼ ཁ་ཆེའི་དགོན་པའང་འདུ༽མཉམ་རུབ་ཐོག་༼རྔ་བའི་དཔལ་ཡོན་གཟེངས་བསྟོད་༽ཞེས་པའི་བྱ་འགུལ་ཞིག་གཟབ་རྒྱས་ངང་སྤེལ་འདུག དེའང་འདས་པའི་ལོ་གཅིག་གི་སྔོན་ལ་རྔ་ཡུལ་གྱི་དགོན་སྡེ་༤༥དབུ་འཛིན་འོག་ས་གནས་གང་ས་ནས་མང་ཚོགས་ཀྱིས་རང་འགུལ་ངང་བོད་མི་སུ་ཡིན་གྱི་བར་ལ་འཛིང་འཁོན་མི་བྱེད་པའི་དམ་བཅའ་བཞག་པ་རེད། འདིས་ནི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་དུ་གནས་པར་རྨང་གཞི་ལེགས་པོ་ཞིག་བསྐྲུན་ཡོད་པ་སྨྲོས་མ་དགོས་པ་ཞིག་རེད། དེ་རིང་གི་བྱ་འགུལ་དུ་རྔ་སྨད་ལོ་རྟ་སྡེ་བའི་ཁེར་ཁང་ཚང་གི་མགོན་གོ་དང་ཤོག་དགུ་སྡེ་བའི་བྱ་ཚང་གི་རྒྱ་པོ་གཉིས་ལ་གཞན་གྱིས་བཙན་འཛུལ་དང་རྡུང་རྡེག་ཆེན་པོ་བྱས་ན་ཡང་ནང་འཛིང་བཅད་པའི་དམ་ཚིག་མ་བོར་བར་ལེགས་པོར་སྲུང་བར་དགོན་ཁག་༤༥ནས་༼རྔ་ཡུལ་དཔལ་ཡོན་གཟེངས་རྟགས༽བསྩལ་ཡོད། མགོན་ཁོ་ལ་གཞན་གྱིས་བཙན་འཛུལ་ཚད་མེད་བྱས་པ་མ་ཟད་གདོང་ལ་ཁུ་ཚུར་གྱིས་གསུམ་ཙམ་གཞུས་ཀྱང་"ངས་ནང་འཛིང་བཅད་ཡོད་"ཅེས་ལག་པ་རུམ་ལ་བཅུག་སྟེ་ཡ་ལན་སྤྲད་མེད་འདུག རྒྱ་པོ་ལ་གཞན་གྱིས་བཙན་འཛུལ་ཐེངས་མང་བྱས་པ་མ་ཟད་མགོ་ལ་གྲི་རིང་གིས་སོ་རྒྱག་གཉིས་བྱས་ཀྱང་"ངས་ནང་འཛིང་བཅད་ཡོད་"ཅེས་ཡ་ལན་ཅུང་ཙམ་ཡང་མ་སྤྲད་པར་ན་ཟུག་དང་མི་ཁ་རང་གིས་ཁུར་ཡོད་འདུག སྐྱེས་བུ་འདི་གཉིས་ཀྱི་བྱ་སྤྱོད་ལེགས་པོ་དང་རང་འགུལ་དུ་བཅས་པའི་དམ་ཚིག་མ་བོར་བའི་སྙིང་སྟོབས་ཆེན་པོས་ནི་ཤ་རུས་གཅིག་ལས་ཆད་པའི་བོད་མིའི་ནང་ཁུལ་དུ་མིག་དཔེ་བཟང་པོ་ཞིག་བཞག་ཡོད་པ་མ་ཟད་ཞི་བདེ་དང་འཆམ་མཐུན་གྱི་ཁོར་ཡུག་བསྐྲུན་པར་སྣེ་ཁྲིད་ལེགས་པོ་བྱས་ཡོད་པའོ། །དུས་མཚུངས་སུ་རྔ་ཡུལ་གྱི་དགོན་ཁག་༤༥བོད་མི་སུ་དང་གང་ཡིན་ཡང་གོང་གི་སྐྱེས་བུ་འདི་གཉིས་ཀྱི་རྨད་དུ་བྱུང་བའི་སྤྱོད་ལམ་མིག་དཔེར་བཟུང་ནས་ནང་འཛིང་མི་བྱེད་པའི་འབོད་སྐུལ་ལན་མང་ཞུ་ཞུ།
མཛད་སྒོའི་རྣམ་པ།
དགོན་ཁག་དག་གི་སྐུ་ཚབ་པ་རྣམས་ཀྱིས་ཁོང་རྣམ་གཉིས་ལ་ཁ་བཏགས་སྒྲོན་བཞིན་པ།
|