༡,ལོ་སར་སྐོར་གྱི་ཁ་བརྡ།

རྩོམ་པ་པོ་མི་གསལ།
  
ང་ཚོ་ཨ་མདོ་བ་ཞིག་ལ་མཚོན་ན། གལ་ཏེ་སྤྱི་རྩིས་ལྟར་གྱི་ལོ་སར་ཡང་གཏོང་བའི་དབང་དུ་བཏང་ན། ཉེ་ཆར་ཕལ་ཆེ་བས་ལོ་གཅིག་ལ་ལོ་སར་ཐེངས་གསུམ་ལ་གཏོང་དགོས་གི་འདུག་སྟེ། སྤྱི་རྩིས་དབང་དུ་བྱས་པ་གཅིག་དང་། བོད་ལྷ་སའི་རྩིས་ཀྱི་དབང་དུ་བྱས་པ་གཅིག  ད་དུང་ཧོར་ཟླའི་དབང་དུ་བྱས་པ་གཅིག་སྟེ་གསུམ་པོ་འདིའོ།

དེ་ལ་ཨ་མདོ་བ་ཚོས་དེང་སང་སྤྱི་རྩིས་ཀྱི་དབང་དུ་བྱས་པའི་ལོ་སར་གཏོང་བ་ནི་བསམ་བློ་གུ་ཡངས་པ་ཚོས་འཛམ་བུ་གླིང་གི་མི་མང་ཤོས་དང་བསྟུན་དགོས་པར་འདོད་པའི་དབང་གིས་ཡིན་ལ། བོད་ལྷ་སའི་རྩིས་ཀྱི་དབང་དུ་བྱས་པའི་ལོ་སར་ནི་རྒྱ་བོད་བར་གྱི་ཆགས་སྡང་གི་རུས་ཐོན་པ་དག་གིས། ལར་ཞེན་གྱི་དབང་གིས་རྒྱ་བོད་གཉིས་ཀས་ལོ་སར་གཅིག་པ་གཏོང་མ་འདོད་པས། བོད་ལྷ་སའི་རྩིས་ཀྱི་དབང་དུ་བྱས་པའི་ལོ་སར་གཏོང་དགོས་པར་མང་དུ་བསྒྲགས་པའི་དབང་གིས་ཡིན། ཧོར་ཟླའི་དབང་དུ་བྱས་པའི་ལོ་སར་གཏོང་བ་ནི། ཡོན་རྒྱལ་རབས་ཀྱི་སོག་པོས་ཨ་མདོར་དབང་སྒྱུར་སྐབས་ནས་སྲོལ་དུ་ཆགས་པ་ཞིག་ཡིན་ནོ།

སྤྱིར་ན་མི་ཞིག་གིས་ལོ་འཁོར་གཅིག་གི་ནང་དུ་ལོ་སར་ཐེངས་གསུམ་ལ་རོལ་པ་ཡིན་ནའང་ཁྲིམས་འགལ་ལྟ་བུའི་ཉེས་པ་ཡོད་པ་མ་རེད་མོད། ལོ་གཅིག་གི་ནང་དུ་ལོ་སར་ཡང་ཡང་བཏང་ཚེ་དགོད་བྲོ་བ་ཞིག་ནི་ཅིས་ཀྱང་རེད། དེར་མ་ཟད་མང་པོ་ཞིག་ནི་ལོ་སར་གཏོང་སྐབས་རྒྱས་རྒྱས་བྱེད་པ་ལ་དགའ་བོ་ཡོད་པས། གལ་ཏེ་ལོ་གཅིག་གི་ནང་དུ་ལོ་སར་ཐེངས་གསུམ་ལ་བཏང་བ་ཡིན་ན་དེ་ནི་དགོས་པ་མེད་སར་དཔལ་འབྱོར་གྱི་འཕྲོ་བརླག་བཏང་བ་ཡིན་པས་ལེགས་པོ་ཞིག་ནི་ངེས་པར་དུ་མིན་ནོ། །དེའི་ཕྱིར་མ་ནས་དཔལ་འབྱོར་གྱི་རྨང་གཞི་ཞན་པའི་ང་ཚོས་ལོ་གཅིག་གི་ནང་དུ་ལོ་སར་ཐེངས་གསུམ་བཏང་ན་མི་འགྲིག་པར་མ་ཟད་ཐེངས་གཉིས་ལ་གཏོང་བའང་མི་འགྲིག་པས། ཆེས་འོས་ཤིང་འཚམས་པ་ནི་ལོ་གཅིག་གི་ནང་དུ་ལོ་སར་ཐེངས་གཅིག་གཏོང་བ་ཉིད་ཡིན་ནོ།

དེ་ལ་ང་ཚོས་གལ་ཏེ་ལོ་སར་ཐེངས་གཅིག་པོ་དེ་འཛམ་བུའི་གླིང་གི་མི་མང་པོ་དང་བསྟུན་ནས་སྤྱི་ལོའི་ལོ་སར་འདི་བཏང་བ་ཡིན་ན། དེའི་ཚེ་ལོ་ཟླ་ཞག་དུས་ཀྱི་རྣམ་གཞག་རྣམས་ཀྱང་འཛམ་བུ་གླིང་གི་མི་མང་ཤོས་ལ་བསྟུན་མི་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པས། དེ་ལྟ་ན་སྤྱི་རྩིས་ལ་མེད་པར་བདག་ཅག་ལ་རིང་ནས་ཡོད་པའི་རྣམ་གཞག་མང་པོ་ཞིག་ཀྱང་ཡང་ན་ནི་སྤྱི་ལོ་ཉིད་ལ་བསྟུན་དགོས་ལ། ཡང་ན་ནི་རང་བཞིན་གྱི་མེད་པ་ཆགས་འགྲོ་སྟེ། དཔེར་ན། དབྱར་དགུན་གྱི་ཉི་ལྡོག་དང་། དགུ་དང་པོར་ས་འགད། དགུ་གཉིས་པར་རྡོ་འགད།  སོགས་ཀྱི་སྐྱེ་བོ་དམངས་ལ་ཆགས་པའི་རྣམ་གཞག་འདི་དག་དང་། གཟའ་དང་སྐར་མའི་འཕྲོད་སྦྱོར་དང་། སོ་ནམ་དང་ཐོང་གཤོལ་སོགས་ཀྱི་རྩིས་ལྟ་བུ་དང་། ལྷག་པར་དུ་རང་རེ་དགོན་སྡེ་དག་ལ་ནི་སྤྱི་རྩིས་འདི་ཉིད་གཙོ་བོར་བཟུང་ཚེ་ཉོག་དྲ་མང་པོ་ཞིག་གི་མགོ་བཟུང་བ་ཡིན་ཏེ། དཔེར་ན། གཞི་གསུམ་ཀྱི་སྐབས་སུ་དེང་དགུང་ཟླ་ཡར་གྱི་ངོས་ཞེས་སོགས་ཀྱི་སྐབས་སུ་ཡར་ངོས་མི་འདྲ་བ་གཉིས་ཡོད་པ་དང་། ཆོ་འཕྲུལ་སྨོན་ལམ་དང་། ས་ག་ཟླ་བ། ལྷ་བབས་དུས་ཆེན། དགའ་ལྡན་ལྔ་མཆོད་སོགས་ལོ་གཅིག་ལ་གཉིས་རེ་ཡོད་པ་གསུམ་རེར་མི་འགྱུར་བའི་ངེས་པའང་གཏན་ནས་མེད་དེ། དེ་དག་ཀྱང་ལོ་ཟླ་ཚེས་ཞག་གི་བརྩི་ཚུལ་མི་འདྲ་བ་ལ་གཙོ་བོར་འཛིན་ཚུལ་མི་འདྲ་བའི་དབང་གི་བྱུང་བ་ཡིན་ནོ།

དེའི་ཕྱིར་བྱེས་སུ་བཞུགས་པའི་ཨ་མདོ་བ་ཕྱི་གླིང་བ་དང་རྒྱུན་འདྲིས་གནང་དགོས་པ་དག་གིས་ནི་ཡུལ་དང་བསྟུན་ནས་ལོ་སར་འདི་བཏང་ཡང་མི་ཆོག་པ་མེད་ལ། གཞི་ལུས་ཕྱི་གླིང་བའི་གྲོགས་པོ་ཡོད་མཁན་དག་གིས་ཀྱང་ཉི་མ་འདིར་་རང་རང་གི་གྲོགས་པོ་ཕྱི་གླིང་བ་དག་ལ་རྟེན་འབྲེལ་དང་ཁ་གཡང་ཕུལ་ཀྱང་མི་ཆོག་པ་མེད་དེ། གོང་ས་རྒྱལ་བའི་དབང་བོ་འཛམ་གླིང་གསེར་གྱི་ཉི་མ་མཆོག་གི་སྤྱི་ཚེས་ལོ་སར་སྐོར་གྱི་གསུང་དུམ་བུ་ཞིག་བཞུགས་པ་དེ་ཡང་རྣམ་པ་གཅིག་ཏུ་ན་འདི་ལྟ་བུ་ལ་དགོངས་པ་ཡིན་ཀྱང་སྲིད་ལ། རྣམ་པ་གཅིག་ཏུ་ན་ཁོང་འཛམ་གླིང་གི་བསམ་བློའི་དབུ་ཁྲིད་ཡིན་པས་སྐུའི་ཐོབ་ཐང་དང་བསྟུན་པའི་གསུང་གནང་བའང་ཡིན་སྲིད་དོ།

ཨ་མདོ་བ་ནང་ཕན་ཚུན་དང་ལྷག་པར་དུ་ང་རང་ལྟ་བུ་ཕྱི་གླིང་བ་དང་རྒྱུན་འདྲིས་ཀྱང་བྱེད་མི་དགོས་ལ། མགོ་སེར་མིག་ལྗང་གི་གྲོགས་པོ་ཡང་མེད་མཁན་དག་གིས་ནི་སྤྱི་ཚེས་ཀྱི་ཉི་མ་འདི་དང་ལོ་ཟླ་ཞག་དུས་ཀྱི་གྲངས་ངོས་ཟིན་པ་ཙམ་གྱིས་ཆོག་གི ཉི་མ་འདི་དང་བསྟུན་ནས་ཕན་ཚུན་ལ་ལེགས་སྐྱེས་འབུལ་བ་དང་ཁ་གཡང་འབོད་པ་སོགས་ལ་དགོས་པ་ཅི་ཡང་མེད་དོ་སྙམ་མོ།

ལར་ཞེན་གྱིས་དབང་གིས་ལྷ་སའི་རྩིས་ཀྱི་ལོ་སར་གཏོང་བ་འདི་ཡང་བོད་ཁུལ་ཡོངས་རྫོགས་ཀྱི་ལོ་སར་གཅིག་གྱུར་ཡོང་བ་ལྟ་བུར་བསམ་བློ་བཏང་ན་ཤིན་ཏུ་བཟང་ཡང་། ལེགས་པར་བསམས་ན་ས་བབ་ཆགས་ཚུལ་སོགས་ཀྱི་དབང་གིས་ང་ཚོ་ཨ་མདོ་བ་དག་ལ་ཅུང་ཟད་སྟབས་མི་འགྲིག་པ་འདྲ་སྟེ། དཔེར་ན་ཨ་མདོ་གཅན་ཚ་དང་། མང་རྫོང་ལྟ་བུའི་རོང་ཁུལ་ལ་མཚོན་ན། ལོ་སར་གྱི་ཉི་མ་དེ་དག་ལ་སྡེ་བ་ཕན་ཚུན་མདའ་འཕེན་སྐུགས་འཇོག་དང་། སྡེ་བའི་གླིང་སྟོད་སྨད་བགོས་ཏེ་ལོ་སར་ལྡུད་པ། རང་རང་གི་སྐྱེ་ལྷའི་ལབ་ཙེ་བསྟོད་པ་སོགས་ཀྱི་ཆོ་ག་སྤེལ་རྒྱུར་དགའ་ལ། འབྲོག་ཁུལ་ལྟ་བུར་མཚོན་ནའང་ལོ་སར་གྱི་ཉིན་དེ་དག་དང་བསྟུན་ནས་རྟགས་དང་སྟོན་མོ་སོགས་སྤེལ་པའི་སྲོལ་ཡོད་དོ།

ཡིན་ནའང་ལྷ་སའི་རྩིས་ཀྱི་དབང་དུ་བྱས་ནས་ལོ་སར་གཏོང་བ་ཡིན་ན། སྐབས་ལ་ལར་ལོ་སར་གྱི་སྐབས་སུ་རོང་ཕྱོགས་སུ་ས་ཆུ་དྲོས་ཚུལ་གྱི་དབང་གིས། ལས་མགོ་འཛིན་པའི་དུས་སུ་སླེབས་ཏེ་སྤྲོ་སྤྲོ་གཏོང་བའི་ཁོམ་ལོང་མེད་པར་འགྱུར་ལ། འབྲོག་ཕྱོགས་སུའང་ལོ་སྔ་མའི་ཆར་ཆུའི་མང་ཉུང་སོགས་ཀྱི་དབང་གིས་རྩྭ་ས་དང་ཕྱུགས་ཟོག་གི་སྤུས་ཀ་ལ་བཟང་ངན་བྱུང་སྟེ་སྐབས་ལ་ལར་ལྷ་སའི་ལོ་སར་གྱི་སྐབས་སུ་ཏན་ཏན་སྐྱ་ཟད་སྔོ་རྡུགས་ཀྱི་དུས་སུ་འཁེལ་ཡོད་པས། ལོ་སར་བཏང་ནས་སྤྲོ་སྤྲོ་བྱེད་པའི་ཁོམ་ལོང་ཡོད་པ་མ་ཡིན་ནོ།

ལྷག་པར་དུ་ད་ལྟའི་དུས་འདིར་ཆབ་སྲིད་གཞན་དབང་དུ་གྱུར་པས། ཨ་མདོའི་ཕྱོགས་ཀྱི་ལས་ཁུངས་སོ་སོ་དང སློབ་གྲྭ་སོ་སོའི་དགུན་གྱི་གནང་སྐབས་ཧོར་ཟླའི་རྩིས་ཀྱི་ལོ་སར་ཉིད་ལ་བསམ་བློ་བཏང་ནས་གཏོང་གི་ཡོད་ལ། དེ་ལྟ་ན་སྐབས་ལ་ལར་ལྷ་སའི་རྩིས་ཀྱི་ལོ་སར་སླེབས་དུས་གནང་སྐབས་རྫོགས་ཟིན་ཡོད་པས་ཁྱིམ་མི་ལྷན་འཛོམས་མེད་པའི་ལོ་སར་གཏོང་བ་ལ་དགའ་འགའ་སྤྲོ་སྤྲོ་ཡོང་བ་ཤིན་ཏུ་དཀའོ་སྙམ་མོ།

གལ་ཏེ་ལྷ་སའི་རྩིས་ཀྱི་དབང་དུ་བྱས་པའི་ལོ་སར་དང་བསྟུན་ནས་དགུན་གནང་གཏོང་བ་ལ་རྩོད་ལེན་བྱས་ཆོག་ཟེར་མཁན་ཡོད་སྲིད་ཀྱང་དེ་ནི་རྣམ་པ་གཞན་ཞིག་ཡིན་ནོ་སྙམ་མོ།

རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2014/2/10 བལྟ་ཀློག (39874)