སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་རྩོམ་སྒྲིག་ཁང་གི་ངོ་སྤྲོད་མདོར་བསྡུས།

ཁྲོཾ་ཐར་མཁན་པོ་འཇམ་བློའམ་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་མཆོག

 འཕྲིན་འགོད་པ།  གསའ་རང་འབར། ༼ཨ་མདོ་རྔ་པ།༽

  ༡ དེ་སྔོན་གྱི་བྱུང་བ།
          སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་རྩོམ་སྒྲིག་ཁང་ནི་ཞིང་ཆེན་རིག་གནས་ཁང་དང་། དཔེ་མཛོད་ཁང་། ཞིང་ཆེན་གནའ་རྫས་སྲུང་སྐྱོབ་ལྟེ་གནས་བཅས་ཀྱིས་ཆོག་མཆན་ཐོབ་པ་ལྟར། ཁྲོཾ་ཐར་མཁན་པོ་འཇམ་བློའམ་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་མཆོག་གིས་ཐུགས་སྟོབས་ཀྱི་མདངས་མ་ཤོར་བར་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་ད་ལྟའི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་དང་ཉམས་བཞེས་མཛད་བཞིན་པའི་ཀློག་པ་པོ་ཡོངས་ལ་དགོས་མཁོ་དང་དཔེ་མང་འཚོལ་བའི་ངལ་བ་སེལ་ཆེད་དང་། མ་འོངས་པའི་བུ་རབས་ཚ་རྒྱུད་ཚོར་ལམ་སྟོན་གྱི་སྒྲོན་མེ་ལྟ་བུའི་ལེགས་སྐྱེས་སུ་དམིགས་ཏེ་བསམ་པ་ཡར་སེམས་ཀྱི་ཚུལ་གྱིས་སྤྱི་ལོ་༢༠༠༥ལོ་ནས་དཔེ་རྙིང་འཚོལ་བསྡུའི་མགོ་བརྩམས་པ་དང་། བསྡུས་པ་རྣམས་ཀྱང་། འབྲེལ་ཡོད་དོན་གཉེར་ཅན་རྣམས་མཁོ་འདོན་བྱས།
      སྤྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༡༥ཉིན་ཁྲིན་ཏུའུ་རུ་ལས་མི་བདུན་ཅན་གྱི་ཚོགས་པ་འཇམ་དབྱངས་ཤེར་རིག་དར་སྤེལ་ཁང་ཞེས་པ་དངོས་སུ་མགོ་ཚུགས། དེ་ནས་བཟུང་། ལས་གྲྭ་བ་ཡོངས་ཀྱིས་དཀའ་ཚེགས་ཁྱད་བསད་ཀྱིས་བྱ་བ་ལ་ཧུར་ཐག་བྱས་པས། བོད་ལྗོངས་ནས། བོད་ལྗོངས་དཔེ་མཛོད་ཁང་དང་། སྤྱི་ཚོགས་ཚན་རིག་ཁང་། ས་སྐྱ། སེ་ར། འཕན་པོ། བསམ་ཡས། འབྲས་སྤུངས། ཆབ་མདོ། འཇོ་མདའ། མཚོ་སྔོན་ཕྱོགས་ནས། རྨ་ལྷོ། མཚོ་ལྷོ། ཡུལ་ཤུལ། ནང་ཆེན། ཀན་སུའི་བླ་བྲང་དང་། ཁ་གྱ། སི་ཁྲོན་ནས། དཀར་མཛེས། སྡེ་དགེ། དཔལ་ཡུལ། ཉག་རོང་། གསེར་རྟ། རྔ་པ་ཀིརྟི། དྷཱིཿཕུ། ས་སྒང་། རག་རྩ། འཛམ་ཐང་སོགས་ས་གནས་ཁག་གང་མང་ཞིག་ལ་ཆེད་དུ་སོང་ནས། དཔེ་དཀོན་གྲས་པོད་ཁྲི་ཕྲག་གཉིས་ལྷག་ཙམ་བསྡུས་ཡོད་པ་དང་། དེ་དག་ལས་དཔེ་དཀོན་དང་། ནང་དོན་གང་ཅིའི་ཐད་ནས་འབུར་དུ་ཐོན་པའི་རྩ་ཆེའི་དཔེ་ཆ་གང་མང་ཞིག དཔེ་ཚོགས་ཁག་བཅུ་གཅིག་ཙམ་ལ་བགོས་ནས་པོད་༢༠༠་ཙམ་བསྐྱར་བསྐྲུན་བྱས་ཟིན་པ་དང་། པོད་སུམ་བརྒྱ་ལྷག་ཅིག་ཡིག་གཏགས་དང་། ཞུ་དག་ཕལ་ཆེར་བྱས་ཟིན།
    ༢ད་ལྟའི་གནས་བབས།
         དེ་སྔའི་འཇམ་དབྱངས་ཤེས་རིག་དར་སྤེལ་ཁང་དེ་གོང་རིམ་གྱིས་ཆོག་མཆན་ཐོབ་པ་བཞིན་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་དུ་བསྒྱུར་ནས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ལས་བཟོ་བ་སུམ་ཅུ་ཙམ་གྱིས་དཔེ་དཀོན་ཕྱོགས་བསྡུ་དང་། གཤེར་འབེབས།   ཡིག་གཏགས།   ཞུ་དག་བཅས་ཀྱི་ལས་ཀ་ཐང་ལྷོད་མེད་པར་བྱེད་བཞིན་པ་དང་།   ལས་ཁང་སྤྱི་འགྲོས་ལྟར།    ཚོགས་གཙོ་རྒན་གཞོན་དང་།   རྩིས་གཉེར་བ།   མི་དོན་འགན་ཁུར་པ།  དཔེ་ཚོགས་འགན་ཁུར་པ།   དཔལ་འབྱོར་འགན་ཁུར་པ་བཅས་ལས་གནས་སོ་སོར་བགོས་ནས་ཡོད་དོ། །
 
མ་འོངས་པའི་འཆར་གཞི།
         རིམ་པ་ཁག་གི་དབུ་ཁྲིད་རྣམ་པའི་རྒྱབ་སྐྱོར་འོག   ནང་དོན་ཕུན་སུམ་ཚོགས་ཤིང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ།  རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་འགྲོ་ངེས་པའི་གནའ་དཔེ་དག་ངེད་སི་ཁྲོན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་རྩོམ་སྒྲིག་ཁང་གི་དཔེ་ཚོགས་ཏེ།   གངས་ཅན་རིག་བཅུད་དང་།   བྲིས་པོད་གཅེས་བཏུས།  ཐར་ལམ་གསར་སྒྲོན།   ཁྲོཾ་ལྗོངས་གནའ་རབས་དཔེ་ཚོགས།   ཐུན་མོང་རིག་མཛོད།  ས་སྐྱའི་ཆོས་མཛོད། བྱང་ཆུབ་ལམ་སྟོན། དཔེ་དཀོན་གཅེས་བཏུས། འཇིག་རྟེན་མིག །རིག་ནོར་གཅེས་བཏུས། ཡང་དར་བསྟན་པའི་གསོས་སྨན་རྣམས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། འོད་ཟེར་ཉིན་རེའི་ཚགས་པར་ཁང་། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་སོགས་འབྲེལ་ཡོད་ཀྱི་དཔེ་སྐྲུན་ཁང་སོ་སོ་ནས་པོད་བརྒྱ་ཕྲག་མང་པོ་དཔར་བཞིན་ཡོད།
    མཇུག་ཏུ་ཞུ་བྱ།
         ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པའི་གནའ་བོའི་དཔེ་རྙིང་འདི་དག་ས་སྒང་འདིར་ཡུན་ནས་ཡུན་དུ་གནས་པ་དང་། འགྲོ་བ་མིའི་རིགས་ཀྱིས་མཚོན་པའི་སྐྱེ་དགུ་ཡོངས་ལ་ཕན་པ་དང་བདེ་བ་འབྱུང་བའི་སླད་དུ། གཅིག་ལས་དུ་མ་ཞིག་འགྱུར་བར་དམིགས་ནས་ཅི་ནུས་གང་ལྕོགས་ཀྱིས་དཔེ་སྐྲུན་བྱ་འཆར་ཡིན་མོད། འོན་ཀྱང་ང་ཚོ་ལ་དཔལ་འབྱོར་གྱི་འཁོར་ཀ་ཞན་པ་དང་། ད་ཕན་གྱི་སྤྱི་སྒེར་གཉིས་ཆར་གྱི་དཔལ་འབྱོར་གྱི་རོགས་སྐྱོར་མེད་པ་བཅས་ཀྱིས་ཇི་བཞིན་པ་ཞིག་ཡོང་ཐབས་མི་འདུག་པས་འབྲེལ་ཡོད་ཀྱི་རིམ་པ་ཁག་གི་ལས་ཁུངས་དང་།   ལྷག་བསམ་ཅན་གྱི་འབྱོར་ལྡན་པ་དག་གིས་རྒྱབ་སྐྱོར་མི་དམན་པ་ཡོང་རྒྱུའི་རེ་འབོད་ཞུ་བཞིན་ཡོད།     ཅེས་སི་ཁྲོན་བོད་དཔེ་རྙིང་བསྡུ་སྒྲིག་ཁང་གི་ལས་མི་གསའ་རང་འབར་གྱིས་ཡེ་ལོ་༢༠༡༤.༢.༢༥དགོང་མོར་བྲིས།

ལས་མི་ཡོངས་ཀྱིས་དཀའ་ཚེགས་ཁྱད་བསད་ཀྱིས་བྱ་བ་ལ་ཧུར་ཐག་བྱེད་བཞིན་པ།

ཁྲོཾ་ཐར་མཁན་པོ་འཇམ་བློའམ་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་མཆོག་དང་ལས་མི་ཡོངས་ཡུལ་སྐོར་དུ་ཕྱིན་པ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/3/1 བལྟ་ཀློག (36829)