ཉམ་ཆུང་གི་ཚེ་སྲོག་དང་འབྲེལ་བའི་གསར་འགྱུར།

ང་ཚོས་མཉམ་དུ་མཛོ་མོའི་རྟོལ་ཕྲུག་གི་ཚེ་སྲོག་ལ་གཅེས་སྐྱོང་བྱ།

     སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཧོར་ཟླ་གསུམ་པ་ནས་གཞན་ཕན་ཀུན་སྣང་ཚོགས་པས་ཉམ་ཐག་པའི་མཛོ་མོའི་རྟོལ་ཕྲུག་གི་ཚེ་སྲོག་ལ་གཅེས་སྐྱོང་བྱས་ཏེ་ད་ལྟའི་བར་མི་ལོ་ཧྲིལ་བོ་བཞི་ལྷག་འདས་པའི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག
  
  ཞིང་ཆེན་གསུམ་གྱི་ཚོགས་མི་ལས་གྲུབ་པའི་ཚོགས་པ་འདིས་དངོས་ཤུགས་བརྒྱུད་གསུམ་ནས་བྱ་བ་རླབས་ཆེན་གྱི་རིགས་མང་དག་ཅིག་བསྒྲུབས་དང་སྒྲུབ་བཞིན་པར་ང་ཚོས་མཉམ་དུ་མྱོང་རོལ་ཐེངས་གཅིག་བྱ།
 
  བཤམ་ནས་ཐེངས་འདིས་དངོས་བསྐྱོད་བཅར་འདྲི་ལས་སྣང་བརྙན་གྱི་ཟུར་ཞིག་རིགས་མཐུན་དྲྭགྲོགས་ཚོའི་གཟིགས་རྟེན་དུ་བཀྲམས་པ་ལགས་ན་རྣམ་པ་ལྷན་རྒྱས་ཀྱི་དགེ་སྐྱོན་གང་མཆིས་ལྷུག་བརྗོད་གནང་བར་ཞུ་ཞེས་གཞན་ཕན་ཀུན་སྣང་ཚོགས་པའི་ཚོགས་མི་ས་འཇམ་དཔལ་ལགས་ཀྱིས་རྒྱུ་ཆ་མཁོ་སྤྲོད་བྱས

     ཁོ་ཚོས་ད་སྔ་བར་བྱ་འགུལ་ཐེངས་མང་སྤེལ་ཏེ་རྟོལ་ཕྲུག་ཆིག་ཁྲི་བཞི་སྟོང་ལྷག་གི་ཚེ་སྲོག་ལ་གཅེས་སྐྱོང་དང་འཚོ་གནས་ལ་རང་དབང་སྤྲད་ཡོད།

    དབྱར་ཟླ་གསུམ་པ་ནས་ཆེད་དུ་ཁོ་ཚོས་ཞིང་ཆེན་གསུམ་གྱི་མི་སྣ་ལས་གྲུབ་པའི་ཚོགས་མི་སེར་སྐྱ་སུམ་ཅུ་ལྷག་རྩ་འཛུགས་བྱས་ཏེ༼མཛོ་མོའི་རྟོལ་ཕྲུག་གི་ཚེ་སྲོག་རྡོག་རོལ་གཏོང་བཞིན་པའི་ས་གནས༽མི་འདྲ་བ་ཉེར་དགུ་ཙམ་ལ་དངོས་བསྐྱོད་བྱས་ཏེ་བསྟུད་མར་ཉིན་ཚན་བཅུ་ཕྲག་ལྷག་གི་རིང་ལ''མཛོ་མོའི་ལས་དབང''དང་དམིགས་གསལ''རྟོལ་ཕྲུག་གི་རྒྱང་འབོད''བྱས་པ་མ་ཟད་ནང་ཆོས་དང་འབྲེལ་བའི་བྱམས་བརྩེ་སོགས་གང་ནུས་ཀྱིས་ངོ་སྤྲོད་བྱས་པར་ཕན་འབྲས་བླ་མེད་བྱུང་འདུག

     ཟླ་བཅུ་བའི་ཚེས་བརྒྱད་ནས་ཚེས་བཅུ་གཅིག་བར་ཉིན་བཞིའི་རིང་ལ་ཚོགས་པའི་འགན་འཛིན་པ་བདུན་དང་གསར་འགོད་པ་སོགས་མི་སྣ་བཅུ་ལས་གྲུབ་པའི༼བཅར་འདྲི་ཚན་ཆུང་༽མདོ་ལྷོའི་ས་ཁུལ་མང་བོར་དངོས་བསྐྱོད་བྱས་ཏེ་མི་ལོ་བཞིའི་ཡུན་གྱི་རྟོལ་ཕྲུག་གི་ཚེ་སྲོག་གཅེས་སྐྱོང་བྱས་པའི་གྲུབ་འབྲས་བླངས།

     ད་ལྟ་མཛོ་མོའི་རྟོལ་ཕྲུག་གི་འཚོ་གནས་དང་ཁྱིམ་བདག་གི་འཚོ་བའི་བར་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་པ་དང་མཉམ་དུ་མཛོ་མོའི་རྟོལ་ཕྲུག་གི་ཚེ་སྲོག་ལ་གཅེས་སྐྱོང་བྱས་ན་ཁྱིམ་ཚང་གི་འཚོ་བར་དཀའ་ཁག་ཡོད་མེད་ཐད་ས་དེའི་འབྲེལ་ཡོད་མི་སྣ་ཚོར་དངོས་སུ་བཅར་འདྲི་བྱས་འདུག

       ཐེངས་མང་པོ་ལ་དངོས་བསྐྱོད་བཅར་འདྲི་བྱ་སའི་ས་གནས་གཙོ་བོ་རྨེ་རི་རྫོང་ཐེ་བོའི་འབྲོག  ཆས་བུ་གཤིས་རོང་འབྲོག  ཟམ་ཚའི་འབྲོག  ཅོ་ནེ་ས་དམར་ཨ་འཁོར།  ཨ་མཆོག་ས་གནས།  རྔོག་རྒྱལ་མོའི་ས་གནས།  ཀླུ་ཤོད་ས་གནས།  རྡོ་དཀར་ས་གནས།   གྱི་ལིང་སྨད་མ།  སྒྱི་ཚང་དམེ་ཤུལ་སོགས་ས་གནས་ཆེ་ཆུང་མི་འདྲ་བ་བཅུ་ཕྲག་ཙམ་ལ་ཕེབས་ཏེ་དངོས་བསྐྱོད་བཅར་འདྲི་བྱས་པ་བརྒྱུད་མཛོ་མོའི་རྟོལ་ཕྲུག་གི་འཚོ་གནས་ཐད་ཁྱིམ་བདག་རྣམས་ཀྱིས་རྒྱབ་སྐྱོར་བླ་མེད་བྱས་འདུག

      གཞན་ཕན་ཚོགས་པས་ཉམ་ཐག་མཛོ་མོའི་རྟོལ་ཕྲུག་གི་ཚེ་སྲོག་ལ་གཅེས་སྐྱོང་བྱས་པའི་ཕན་འབྲས་ནི་ཉིན་རེ་ནས་ཟླ་རེ་དང་།   ཟླ་རེ་ནས་ལོ་རེར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་པ་ནིང་ཚོས་ད་ལྟ་ཕན་འབྲས་ཕྱོགས་སྡོམས་བྱས་པའི་བཅར་འདྲི་ལས་གསལ་བོར་རྟོགས་ཐུབ།

གཞན་ཕན་ཀུན་སྣང་ཚོགས་པས་རྣམ་རྒྱུན་ཁོར་ཡུག་སྲུང་སྐྱོབ་དང་དངོས་ཐོག་བདེན་འཚོལ་བྱེད་བཞིན་འདུག

གཞན་ཕན་ཀུན་སྣང་ཚོགས་པའི་སྐབས་བཞི་བའི་རྟོལ་ཕྲུག་ཚེ་ཐར་གཏོང་བའི་བྱ་འགུལ།

གཞན་ཕན་ཀུན་སྣང་ཚོགས་པས་དངོས་བཅར་བརྙན་བསྡུས།

གཞན་ཕན་ཀུན་སྣང་ཚོགས་པས་དངོས་བཅར་བརྙན་བསྡུས།

   ཚོགས་གཙོ་དང་འཐུས་ཚབ་མི་སྣས་གསར་འགོད་པ་ཀཻ་ལ་ཤ་དང་སྐྱ་རེངས་གློག་རིས་སྒྱུ་རྩལ་ལས་ཤག་གི་གཙོ་འགན་པ་ས་འཇམ་དཔལ་གཉིས་ལ་གཟེངས་བསྟོད་བྱ་དགའ་སྤྲད་འདུག

    ཞིང་ཆེན་གསུམ་གྱི་མི་སྣ་ལས་གྲུབ་པའི་གཞན་ཕན་ཀུན་སྣང་ཚོགས་པའི་ལོ་ངོ་བཞིའི་བྱ་བའི་སྤྱི་སྡོམ་ཚོགས་འདུ་རྨ་ལྷོ་སོག་རྫོང་ནས་བདེ་བླག་ངང་འཚོགས།  ཚོགས་ཐོག་ཏུ་ཚོགས་པའི་བློ་འདྲི་ཡུལ་སྤྲུལ་ཧཱུཾ་དཀར་རྡོ་རྗེ་དང་ལྡོང་ཡོན་ཏན་རྒྱ་མཚོ། དྷི་ཕུ་དཔལ་ལྡན་རྒྱ་མཚོ་སོགས་ཕེབས་ཏེ་གསུང་བཤད་གལ་ཆེན་གནང་འདུག


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/3/6 བལྟ་ཀློག (5363)