རྨ་ཁེར་ཉལ།
ཆུ་ཀློང་ཆེན་པོའི་མངལ་ལས་འཁྲུངས་པའི་ཐོག་མའི་སྐམ་ས་ཏི་སེ་རི།།
མུ་འབྲེལ་ཚེ་སྲོག་མུ་ནས་མུ་རུ་འཕེལ་འགྱུར་བྱུང་བའི་དེ་རིང་ན།།
མི་ནུབ་སྲིད་པའི་རྒྱལ་མཚན་མཐོན་པོ་ཁྱེད་དང་འུ་གཉིས་ཁྲག་རྒྱུན་དེ།།
གོ་ལ་ཧྲིལ་བོ་བདག་ཏུ་བཟུང་བའི་རྐང་གཉིས་མི་ཡིའི་ཁྲག་གི་མ།།
མཐོ་བའི་དབུ་རྩེ་སྤྲིན་དཀར་བུ་མོའི་མཛེས་པའི་སྒྱུ་འཕྲུལ་གར་གྱིས་བརྒྱན།།
གངས་ཁྲོད་མི་འཇིག་སྡེར་ཆགས་རྒྱལ་པོའི་གཡུ་རལ་སྔོན་མོའི་འོད་ཀྱིས་བརྒྱན།།
དེ་ཡི་འདབས་རོལ་ཚང་ཚིང་གཡུ་ལོ་ཁུ་བྱུག་སྔོན་མོའི་གསུང་གིས་བརྒྱན།།
ང་དང་སྒྲོལ་མ་གནས་ཆེན་ཁྱེད་ཀྱི་ཅི་སྲིད་ཚེ་ཡི་བདག་ཏུ་གྲུབ།།
མཛེས་པའི་ཡུལ་ལྗོངས་ལྷ་རིས་རྒན་པོའི་སྣ་ཚོགས་ཚོན་གྱིས་གཟབ་བྲིས་འདྲ།།
ཆུ་མཆོག་གསུམ་གྱི་འབབ་སྒྲའི་ཁྲོད་ནས་ཐུ་བྷོད་རྒྱལ་གླུ་ཕྱོགས་མཐར་བསྐྱལ།།
ཆོལ་གསུམ་བོད་པའི་དམངས་གཞས་ཁྲོད་ན་སྲིད་པའི་ཆགས་གླུ་སྤོབས་པས་གྱེར།།
འདི་དག་ང་དང་སྒྲོལ་མའི་མུ་འབྲེལ་ཁ་བའི་ངག་སྒྲུང་རིང་མོ་ལགས།།
གྲུ་འཛིན་རི་བོ་པོ་ཏ་ལ་ཡི་མི་འཇིག་སེང་གེའི་རྒྱལ་དར་མདུན།།
སྲོང་བཙན་རྒྱལ་དང་ཨ་ནུ་བློན་གྱི་ཐུགས་དམ་རྡོ་རྗེའི་རྣོ་དབར་ལས།།
སྒྲ་རིགས་ཅི་མཆིས་ཐོགས་མེད་འཇོ་བའི་དབྱངས་གསལ་སོ་བཞིའི་བདག་ཉིད་བསྐྲུན།།
དེ་ནས་བཟུང་དེ་ང་དང་སྒྲོལ་མ་ཡི་གེ་ཅན་གྱི་མི་ཁྱིམ་ཡིན།།
ཡར་ཀླུང་གདོང་རྒྱུད་རྨ་འབྲིའི་སྤོབས་ལྟར་སྲིད་མཐར་བཞུར་མགོ་བརྩམ་པས་ན།།
ཡེ་བྲག་ཐེམ་གྱི་སྒོམས་ཆེན་དཔལ་གྱིས་བྱང་ཆུབ་མདའ་མོའི་སྒྱུ་འཕྲུལ་གྱི།
གླང་གྱི་མཚན་ཅན་བཙན་རབས་མུ་འབྲེལ་གསེར་ཐག་རིང་མོའི་མཐའ་རུ་སྤེལ།།
ཉི་མ་དེ་ནི་ང་དང་སྒྲོལ་མའི་མིག་ཆུས་བྲིས་པའི་ཉིན་ཐོ་ལགས།།
འདི་ནས་བཟུང་སྟེ་ས་ཡ་དྲུག་པོ་གྲོང་ཆོག་མཁན་པོའི་བསྔགས་ནས་བཞིན།།
ཐུགས་བསྐྱེད་ཟབ་མོའི་སྨོན་ལམ་མེད་པར་གངས་ཀྱི་འདབས་སུ་འཐོར་ནས་ཐལ །།
དེ་དང་དེ་འབྲེལ་རང་མགོ་མི་འཁྱོངས་རུལ་སུངས་དཔོན་ངན་འཕེལ་དང་ལྷན།།
ང་དང་སྒྲོལ་མའི་འཚོ་བ་སྣུམ་པོ་རྒུད་པའི་ལམ་དུ་བསྐྱལ་ནས་སོང་།།
དོན་ཆུང་ཚིག་གི་ལོ་སྐམ།།
ཨུ་ཚུགས་རླུང་ལ་བསྐུར་བར།།
རྩོམ་མཁས་གསེར་ཁྲིའི་བདག་པོས།།
དམན་པའི་ཡུལ་ཏུ་མ་འཕེན།།
2009-9-4
|