མཚན་གུང་གི་མིག་ཆུ།

                                                                      མིག་བརྩེ་རུད།
 
ཆུ་ཤེལ་ཟླ་བའི་རང་ཁྱིམ་སྙེགས་ཞིང་རྒྱུ་སྐར་ཚོགས་ཡང་ཁུ་སིམ་གཉིད།།
འཇག་མས་སྐྱོ་གླུ་དལ་གྱིས་འཐེན་པས་ང་དང་སྒོ་ཁྱིའི་རྨི་ལམ་དཀྲོགས།།
ཁྱོད་རང་དྲན་པའི་མིག་ཆུ་མོད་པོས་མཁུར་མཚོས་དམར་པོ་ཚད་མེད་བརླན།།
སྙིང་ཆུང་དམར་པོ་རྒོད་ལ་ཤོར་ཞིང་ཁྱོད་ཀྱི་ཉེ་སར་ཐེངས་མང་གཅར།།
 
དྲན་གདུང་རྨ་ཁའི་ལུས་སེམས་མནར་ཞིང་རྨི་ལམ་ཞིང་གི་བདེ་བ་འཕྲོག།
ཞེ་མཐུན་གཞོན་ནུའི་སྙིང་གཏམ་གླེང་ཞིང་ཁེར་རྐྱང་བུ་ལ་ངོ་ཚ་གཏད།།
མཛེས་འཛུམ་རྒོད་པའི་མཆུ་སྒྲོས་དྲན་ཞིང་འཇམ་ཤ་རྒྱས་པའི་ལང་ཚོ་དྲན།།
རི་ལུང་ཆུ་བོའི་བར་ཐག་བཅད་ཅིང་མཇལ་བའི་སྐལ་བ་མཆོག་ལ་ཞུས།།
 
དྲན་པའི་མིག་ཆུའི་མལ་ཐུལ་བརླན་ཞིང་མཚན་རིང་ཉིན་མོ་ལོ་ལས་རིང་།།
འཕྲད་འདོད་མོས་པ་འགོག་ཐབས་མེད་པར་ལམ་སང་ལམ་ལ་ཆས་པར་བརྩོན།།
ཞལ་གྱི་དཀྱིལ་འཁོར་ཡིད་ལ་སྒོམ་ཞིང་འགྲོ་འདུག་སྤྱོད་པ་སེམས་ན་འཚེར།།
སྙིང་གི་བྱམས་པར་བར་ཆད་མེད་ཅིང་ཅི་བསམ་འགྲུབ་པའི་སྨོན་འདུན་ཞུ།།
 
ཁ་པར་གདོང་ལ་ལན་བརྒྱར་གཅེར་ཞིང་འདོད་པའི་འཕྲིན་ལ་རེ་བས་སྒུག།
སྐད་འཕྲིན་ནང་ལ་ཚོད་ཚོད་བལྟ་བཞིན་ཁྱོད་ཀྱིས་བརྩེ་འཕྲིན་ཡོད་མེད་བཙལ།།
གསུང་དབྱངས་སྙན་མོ་རྣ་བར་འཐིམ་ཞིང་དམ་བཅའི་ཚིག་གསུམ་སེམས་ལ་སྦས།།
བྱམས་པ་སྒྲོལ་མ་རྟག་པར་དྲན་པའི་བརྗེད་ཆུ་འཐུང་པར་དགའ་བ་སྐྱེས།།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/23 བལྟ་ཀློག (1764)