སློབ་གསོའི་སྐོར་གྱི་དྲི་བ་རེ་ཟུང་ལ་ལན་བཏབས་ཡོད།

དྲི་བ་འདོན་མཁན།  རྫ་སྐྱེས་ཕུར་བ།

                                            ལན་དེབས་མཁན།  རྣོ་སྦྲེང་།  ཟི་ལིང་།


དྲི་བ།༽ད་མི་རིགས་སློབ་གསོའི་སྐོར་ནས་སྐད་ཆ་འགའ་འདྲི་རྒྱུ་ཡོད།  སྤྱིར་མི་རིགས་སློབ་གསོ་ཟེར་དུས་སྤྱི་ཚོགས་གང་དེའི་བླ་སྲོག་ཡིན་པར་ཀུན་གྱིས་ཁས་ལེན་ལྟ་བུ་བྱེད་ངེས།རེད་དེ་ཡང་སྙིང་མི་རིགས་སློབ་གསོས་སྤྱི་ཚོགས་ལ་འགན་ཅི་ཞིག་ཁུར་ཡོད་པ་དང་ནུས་པ་གང་ཞིག་འདོན་གྱིན་པ་སོགས་གསལ་ཐེང་ཞིག་མིན་པ་འདྲ།  དེ་བས་མི་རིགས་སློབ་གསོ་དང་སྤྱི་ཚོགས་བར་གྱི་རྒྱུ་འབྲས་འབྲེལ་བ་དེ་དོན་ངོ་མའི་ཅི་ལྟ་བུ་ཞིག་ཡིན་པ་དང་།   ཅིའི་ཕྱིར་གལ་ཆེན་ཞིག་ཡིན་སོང་བ་རེད་དམ་ཞེ་ན།   ལན་ཞིག་གནང་རོགས།

  

  ལན།༽ ཐོག་མར་ཞུ་ཡ་ཞིག་ལ། ང་རང་ཆེད་ལས་སློབ་གསོའི་ལས་རིགས་གཉེར་མཁན་མིན་པས། སློབ་གྲྭ་ནས་ཕྲ་ཞིང་ཞིབ་པ་ཞིག་ཧ་གོ་བ་མ་རེད། ཡིན་ནའང་། རང་ཉིད་ཀྱི་མཐོང་སྣེ་རུ་སྣང་བའི་སློབ་གསོའི་སྐོར་གྱི་ལྟ་ཚུལ་རེ་ཟུང་གླེང་ཀྱང་མི་ཆོག་པ་མི་འདུག སློབ་གསོ་གླེང་དུས། ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ།  དགོན་སྡེའི་སློབ་གསོ།  ཁོར་ཡུག་སློབ་གསོ། སྤྱི་ཚོགས་སློབ་གསོ་སོགས་རིགས་དང་ཚན་པ་བགར་ནས་ཞིབ་ཏུ་གླེང་མཁན་མང་ན་ཡང་། སློབ་གསོ་ནི་གཙོ་ཆེར། བྱིས་པ་ནས་ན་གཞོན་དང་།  དེ་ནས་དར་མའི་བར་གྱི་སློབ་གསོ་མྱོང་བའི་གོ་རིམ་བར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་རིག་གནས་མ་ལག་དེ་ལ་ངོས་འཛིན་བྱས་ན་མི་ཆོག་པ་མེད་ལ།  རིག་ གནས་ཀྱི་སྡིངས་ཆ་དེ་ནས་སྣ་མང་རིག་གནས་ལ་སློབ་པ་དང་། བསམ་བློའི་རྒྱགས་ཕྱེ་མང་དུ་ལེན་པ་ནི་ཤིན་ཏུ་འགངས་ཆེ་སྟེ་ལོ་ཏོག་ཞིག་སྨིན་པ་ལ་ཆུ་ལུད་སོགས་ཀྱི་རྒྱུས་གསོ་དགོས་པ་བཞིན་ནོ།།  འོ་ན་སློབ་གསོ་ནི་ཅི་ཞིག་ཡིན་ནམ་ཞེས་དྲིས་ཚེ། ཁ་སྐད་ཀྱིས་བཤད་ན། སློབ་གསོ་མྱོང་བ་ནི་སྤྱི་ཚོགས་སུ་ཞུགས་པའི་ཆེད་ཡིན་ལ། སློབ་གསོ་མྱོང་བ་ནི། སྤྱི་ཚོགས་སུ་ཞུགས་རྗེས་འཚོ་བ་དང་བསམ་བློ།  ཀུན་སྤྱོད་སོགས་གཞན་གྱི་རྗེས་སུ་མི་ལུས་པའི་ཆེད་དུ་ཡིན། བྱུང་ཡིན་ན། སློབ་ཆུང་ལ་ཞུཊ་པའི་ཉིན་མ་དང་པོ་ནས་ཁྱེད་ཀྱིས་སྤྱི་ཚོགས་སུ་ཞུགས་པར་སྟ་གོན་བྱས་པ་རེད་ལ། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ནས་སློབ་པ་དང་གསོས་པའི་ལག་ཆ་དག་ནི་རང་ཉིད་སྤྱི་ཚོགས་སུ་ཞུགས་དུས་ཀྱི་གདོང་གྲོགས་ཡིན་ན་འགྲིག་མོད། རང་རེའི་སློབ་ཆེན་པ་མང་པོ་ཞིག་སློབ་མཐར་ཕྱིན་རྗེས།    རང་ཉིད་ཀྱི་སྦྱངས་བྱ་དག་སྤྱི་ཚོགས་དང་འབྲེལ་མེད་དོན་གཞན་ལྟ་བུ་ཞིག་ཏུ་ཆགས་ཡོད། དེ་ནི་སློབ་གསོ་མྱོང་མཁན་གྱི་མི་གཅིག་པུ་མ་འགྲིག་པ་མ་ལགས་ཏེ། སློབ་གསོའི་ལམ་ལུགས་ཤིག་གིས་བསྐྱེད་པའི་དྲི་ངན་འཐུལ་བ་རེད།  རྟུག་དྲི་དྲི་ཞིམ་དུ་རློམ་པའི་སློབ་གསོའི་ལམ་ལུགས་འོག་གི་སློབ་ཆེན་པ་མང་པོ་ཞིག་ལ་མཚོན་ན།  སྤྱི་ཚོགས་སུ་ཞུགས་རྗེས་གུ་དོག་བག་འཁུམ་ཏུ་འགྱུར་བཞིན་ཡོད་པ་དང་། སློབ་གྲྭ་འདོན་པ་ནི་གཞུང་ཕྱོགས་ཀྱི་ལས་ཀར་རྒྱུགས་སྤྲོད་པའི་ཆེད་དང་། གཞུང་ཕྱོགས་ཀྱི་ལས་ཀ་རེག་ཚེ་རང་གི་གཉའ་ལ་སྟག་སྤུ་ཟུག་འདྲའི་ང་རྒྱལ་དགོད་འཆོར་བ་སྐྱེས་ནས་བསྡད་ཡོད་པ་དག་ནི་སློབ་གསོའི་ལམ་ལུགས་ཤིག་གིས་བསྟན་པའི་ཁ་ཕྱོགས་སྣ་ནག་མ་ཡིན་པ་བརྒྱ་ཆ་ཡི་ཉིས་བརྒྱའི་ཐག་གིས་བཅད་ཆོག སྤྱིར་ཡིན་ན། སློབ་གསོ་དང་སྤྱི་ཚོགས་གཉིས་ཀྱི་འབྲེལ་བ་ནི་རྟེན་བྱུང་འབྲེལ་གྱི་འབྲེལ་བ་ཡིན་ན་འགྲིག་མོད།  རང་རེའི་ད་ལྟའི་སློབ་གསོ་དང་སྤྱི་ཚོཊ་གཉིས་ཀྱི་བར་ན་འབྲེལ་བ་ཆེར་མི་འདུག་སྟེ། གལ་ཏེ་ཡོད་དགོས་པའི་དབང་དུ་བཏང་ན། ལབ་རྒྱག་པ་དང་། ཤོབ་གཏམ་པ། གཞུང་ཕྱོགས་ཀྱི་ལས་ཀར་རྒྱུགས་སྤྲོད་དུས་སྣོག་ལས་ཀྱི་གྲིམ་ཤ་རྒོད་པ་དེ་དག་ཡིན་སྲིད། དེ་བས་མི་རིགས་གང་དེའི་སློབ་གསོས་སྤྱི་ཚོགས་ལ་འགན་ཁུར་ཐུབ་མིན་མ་གླེང་བའི་ཡར་སྔོན་དུ། སློབ་གསོ་གང་དེས་མི་རང་ཉིད་ལ་འགན་ཁུར་ཐུབ་མིན་གླེང་རྒྱུ་དང་ཤེས་རྒྱུ་ནི་གཙོ་བོ་རེད་འདོད།

    དྲི་བ།༽མིག་སྔར་འོ་སྐོལ་གྱི་སྤྱི་ཚོགས་ཁྱོན་ཡོངས་སུ་རིག་གནས་དང་ཤེས་བྱ་ལ་འབད་བརྩོན་བགྱི་བའི་ཚ་རླབས་ལྟ་བུ་ཞིག་འཕྱུར་གྱིན་པའི་སྣང་ཚུལ་ཞིག་ཐོན་ འདུག དེ་ནི་སྤྱིའི་ཆ་ནས་དགའ་འོས་པའི་དོན་ཞིག་རེད་མོད། ལྟོས་འཇུག་གི་སློབ་གསོའི་རྐང་ཞིག་ཆགས་ཐུབ་ཀྱི་མེད་པའི་སྣང་ཚུལ་བྱུང་། ཁྱེད་ཀྱིས་བལྟས་ན་དེ་འདྲ་རེད་དམ། རྒྱུ་མཚན་ཅི།

   

    ལན།༽ ངས་འོ་སྐོལ་གྱི་ཕྱོགས་ཡོངས་སུ་རིག་གནས་དང་ཤེས་བྱ་ལ་འབད་བརྩོན་ བགྱི་བའི་ཚ་རླབས་ཤིག་འཕྱུར་བཞིན་པ་གསལ་བོར་མ་ཤེས་མོད། གལ་ཏེ་ཡོད་པའི་དབང་དུ་བཏང་ན་ཡང་དགའ་སྣང་གི་ཆོག་ཤེས་ཀྱིས་བཟི་ན་མི་འགྲིག་པར། དེ་ལ་ཧ་ཅང་རྒྱུན་ལྡན་གྱི་མིག་ཟུང་གིས་བལྟས་ན་འགྲིག་པར་འདོད།   རྒྱུ་མཚན་ག་རེ་ཟེར་ན།  མིའི་རིགས་ཀྱིས་འབད་བརྩོན་དང་ཤེས་རབ་ལ་བརྟེན་ནས་གཅིག་ལས་གཅིག་མགྱོགས་ཀྱིས་སྔུན་ལ་བསྐྱོད་དེ།  འུ་ཚོ་ཕྱོགས་མང་པོའི་ཆ་ནས་ལེ་བར་ཁྲི་ཕྲག་གིས་བསྐྱུར་ཡོད་པས་ཡིན།  ཁོ་བོས་འདི་ལྟར་གླེང་ཚེ། ཁ་ཅིག་གིས་རང་རེའི་རིག་གནས་ནི་ནང་སེམས་ཀྱི་མཛེས་སྡུག་འཚོལ་བྱེད་ཀྱི་རིག་གནས་ཤིག་ཏེ། ཕྱིའི་དངོས་པོའི་ཆ་ནས་རྗེས་ལུས་ཡིན་རུང་། ནང་སེམས་ཀྱི་རིག་གནས་ཕུན་སུམ་ཚོཊ་པ་ཞིག་ཡོད་པར་སྨྲ་མོད། འུ་ཚོའི་མི་རིགས་ནི།  མི་རིགས་འཚོ་གནས་ཀྱི་བསམ་པའི་ནང་ཁོག་སྐྱ་ཐང་ཐིང་ཡིན་ལ། དཔལ་འབྱོར། རིག་གནས། ཀུན་སྤྱོད་ཀྱི་བསམ་པའི་མ་རྐང་ཡང་སྟོང་སང་སིང་ཡིན། དེ་བས་འུ་ཚོའི་ཆོས་ལུགས་རིག་གནས་ཀྱིས་ ཕྱིའི་དངོས་པོའི་དཔལ་འབྱོར་གྱིས་ཐད་ནས་འདང་རྒྱག་མེད་པའི་མི་དག་ལ། སྐྱེ་རྒ་ ན་འཆི་ལས་གྲུབ་པའི་འཆི་བའི་རྗེས་ཀྱི་རིག་གནས་ངོ་མཚར་ཅན་མང་པོ་བཞེངས་སྐྲུན་བྱས་ཏེ་རེ་བ་དང་རྨི་ལམ་གཞན་ཞིག་བྱིན་ནས་སྐབས་བདེའི་ཚོར་སྣང་ཕུན་ཚོཊ་སྟེར་ཐུབ་ན་ཐང་མོད།  རྒྱུ་མཚན་དེའི་དབང་གིས་འུ་ཚོའི་བསམ་པའི་རིག་གནས་ ཕུན་སུམ་ཚོགས་པ་ཡོད་ཟེར་ན། མི་ཡུལ་ནས་འཚོ་ཞིང་གནས་པའི་བོད་མི་ཚོར་མི་དོན་རིག་གནས་ཀྱི་ཐད་ནས་ཡ་ཁོག་མཚང་ར་དང་མ་ཁོག་གྲོད་པུ་ཡིན་པ་གང་གིས་ལན་ནམ། འོ་ན་དམངས་གཙོ་དང་རང་དབང་།  འདྲ་མཉམ།  སྒམ་དཀྱེལ་སོགས་ཡོངས་ཁྱབ་རིག་གནས་ཀྱི་འཕེལ་ཁ་དར་ཞིང་།  དཔལ་འབྱོར་གྱི་འཕེལ་ཁ་དབྱར་མཚོ་བཞིན་རྒྱས་ཏེ། རང་ནུས་རང་སྤེལ་དང་། རང་དབང་ལོངས་སྤྱོད། བདག་དབང་ཁྲིམས་རྩོད་ཀྱིས་འཚོ་བའི་མིའི་རིགས་ལ།  ནང་སེམས་ཀྱི་རིག་གནས་ཕུན་སུམ་ ཚོགས་པ་ཞིག་མེད་པ་རེད་དམ། འུ་ཅག་ལ་འདིའི་ཐད་ནས་ཀྱང་ནང་སེམས་ཀྱི་རིག་ གནས་ཕུན་སུམ་ཚོགས་ཚོགས་པ་ཡོད་དམ། དགོངས་དག ང་ཡང་འཕྲོས་ཐལ། འདི་ཁྱེད་ཀྱི་དྲི་བ་དང་འབྲེལ་བ་ཆེར་མེད་མོད་གང་ལྟར་ཀུན་ལ་བཤད་འདོད་པ་ཞིག་རེད་འདུག གཞན་རང་རེ་བ་ལ་སློབ་གསོའི་རྐང་ཆགས་ཡོད་མེད་ལབ་དུས།  སློབ་གསོ་ཟེར་བ་དུས་ནམ་ཞིག་ནས་དར་བ་གསལ་བོར་ཤེས་དགོས་ཏེ།  ཁ་ཅིག་གིས་བོད་ཀྱི་སློབ་གསོ་ཉེ་བའི་དུས་རབས་ཀྱི་སློབ་གྲྭའི་སློབ་གསོ་ནས་དར་བར་ཚད་ཐིག་ཅིག་གི་ར་བསྐོར་རྒྱབ་ཡོད་ནའང་། བོད་ཀྱི་སློབ་གསོ་ནི་བོད་ཀྱི་རིག་གནས་བྱུང་བ་དང་ལྷན་དུ་བྱུང་བ་ལུང་རིགས་གཉིས་ཀྱིས་འགྲུབ་ལ་སློབ་གསོ་ནི་ངེས་པར་དུ་འདིའོ་ཞེས་པའི་མཁར་ཞིག་བརྩིགས་ཡོད་པ་དེའི་ནང་ལ་འཚང་དགོས་དོན་ཀྱང་ཆེར་མེད།  གནའ་བོའི་བོད་ཀྱི་སློབ་གསོ་ནི་དགོན་པའི་སློབ་གསོ་རྟེན་གཞི་བྱས་ཡོད་ལ། འདོད་བློ་མི་ཚིམ་ས་ཞིག་ནི་གནའ་བོའི་བོད་ཀྱི་སློབ་གསོ་ནི་མི་མ་ཡིན་པའི་མི་མངོན་པའི་གནས་ཤིག་ལ་སིམ་ཡོད་པ་དེ་རེད། 

  སྤྱིའི་ཆ་ནས་མིའི་རིགས་ཀྱི་བསམ་བློ་ལ་འཕོ་འགྱུར་བྱུང་བ་དང་འབྲེལ་རྒྱལ་ཁབ་དང་མི་རིགས་གང་ཞིག་ལ་མཚོན་ན་ཡང་སློབ་གསོའི་བྱེད་སྟངས་དང་སློབ་གསོའི་ལམ་ལུགས་ལ་ཡང་འགྱུར་བ་འབྱུང་བཞིན་ཡོད་མོད། རང་རེའི་སློབ་གསོས་གནའ་དེང་མ་དགོན་པའི་སློབ་གསོའི་རྟེན་གཞི་བྱས་ཏེ་མི་མངོན་པའི་རིག་གནས་ཀྱིསེམས་ཁམས་ཤིག་བསྐྲུན་པ་རེད་ལ།  ད་ལྟའི་སློབ་གསོའི་ལམ་ལུགས་ཀྱི་དམིགས་པ་འགྲོ་བ་མིའི་རིགས་ལ་ཁ་ཕྱོགས་ཏེ་མི་དམིགས་ཡུལ་བྱེད་པ་དང་མིའི་རིག་གནས་ཀྱི་རིན་ཐང་ལྟ་ཚུལ་སོགས་གཙོ་སྙིང་དུ་བཞག་ཡོད་ཅེས་དར་ཆ་ཞིག་བཟུང་ཡོད་མོད།དེ་ཡང་མི་རིགས་རང་གི་སྐད་ཡིག་དང་རིག་གནས། སེམས་ཁམས། ཡུལ་སྲོལ།  གོམས་གཤིས་སོགས་དང་ཧེ་བག་གིས་བཀྱེད་ཡོད་པས། དེས་བཞེངས་སྐྲུན་བྱས་ཡོད་པའི་ མི་ཡང་ཕུང་གསུམ་པ་ཞིག་གི་ངོ་བོར་འགྱུར་བཞིན་ཡོད། དཔེར་ན། རང་རེའི་སློབ་ཆེན་པ་མང་པོ་ཞིག་ལ་མཚོན་ན། ལག་ནས་ཤིག་མི་འཆོར་ཡང་།  མང་ཚོགས་ནི་རྨོངས་མུན་རྗེས་ལུས་དང་རང་ཉིད་ནི་སྔོན་ཐོན་ཡ་མེད་ཅིག་ཏུ་འདོད་པའི་སེམས་ ཁམས་ཡ་མ་བརླ་ཆགས་ཡོད་ལ།མི་ཞིག་གི་སློབ་གསོའི་སྤུས་ཚད་ནི་འཛིན་བྱང་སྤར་མོ་གང་གིས་འབྱེད་པའི་ལྗན་ལྗུན་རིག་གནས་ཤིག་གི་གྲིབ་གཟུགས་ཐད་ཀར་ཕོག་ ཡོད།དེ་གཉིས་ནི་ངས་བལྟས་ན་བོད་ཀྱི་སློབ་གསོའི་གནའ་དེང་གི་ཕམ་ཁ་རེད་འདོད།


  དྲི་བ།༽མི་རིགས་སློབ་གསོ་གླེང་དུས་མི་རིག་བློ་སྦྱོང་གི་ངོས་ནས་ལྟ་དགོས་པ་དང་། དེ་ཡང་མི་རིག་ཤེས་བྱ་ལས་གལ་ཆེན་ཞིག་རེད་སྙམ།དེས་ན་ཁྱེད་ཀྱིས་སློབ་གསོ་དང་། བློ་སྦྱོང་། ཤེས་བྱ་གསུམ་གྱི་བར་ཁྱད་དེ་གླེང་ན་ཨེ་ཆོག       


ལན། བརྡ་ཆད་བཀོལ་སྟངས་ཀྱི་ཧེ་བག་གིས་ལན་པའམ་ང་རང་གི་ཆུ་ཚད་ཀྱིས་མ་འདང་བ་གང་ཡིན་མི་ཤེས་མོད།   དྲི་བ་འདིའི་དོན་གསལ་བོ་ཞིག་གོ་མ་སོང་བས། ཁྱེད་ལ་ལན་འདེབས་ཐུབ་རྒྱུ་མ་རེད།

 

དྲི་བ།༽དམིགས་རྩེ་ཉག་གཅིག་གིས་སློབ་གསོའི་རྐང་འཛུགས་ཐབས་ལ་ཁྱོད་ཀྱིས་ལས་འགུལ་ཞིག་མྱུར་མར་འགོ་རྩོམ་ཤོག་ཟེར་ན། ཐོག་མར་གང་འདྲ་ཞིག་ནས་རྩོམ་དགོས་རྒྱུ་རེད།


ལན།༽ ཐོག་མར་ལས་གང་འདྲ་ཞིག་རྩོམ་དགོས་པ་མི་ཤེས་མོད།  བོད་ཀྱི་སློབ་གསོའི་ངོ་བོ་གོང་འཕེལ་དུ་འགྲོ་དགོས་ན། ཐོག་མར་ཐམ་ཀ་དཔར་བའི་འཛིན་ཡིག་དང་རྣམ་དཔྱོད་ཀྱི་ཉིང་ཁུ་ལས་ཐོན་པའི་ནུས་པ་གཉིས་ལས་ནུས་པ་གཙོ་བ་དང་། སློབ་གྲྭ་འགྲིམ་པ་ནི་གཞུང་ཕྱོགས་ཀྱི་ལས་ཀའི་ཆེད་དུ་མིན་པ་བག་ཆགས་ཀྱི་ངོས་ ནས་ཡལ་བ། ཡང་ན་རྒྱུགས་ཀྱི་ཆེད་དུ་རྒྱུགས་སྤྲོད་པ་དང་། མི་འདོད་པ་བཙན་གྱིས་སློབ་པའི་ལུགས་དེ་དོར་བ། གང་ལ་གང་འདོད་དང་དེ་ལ་དེ་འཚམ་གྱིས་སྣ་མང་རིག་ གནས་ལ་རང་མོས་ཀྱིས་འཇུག་ཐུབ་པའི་ཉིན་མོ་ནི། ཁོ་བོ་ལྟར་ན།  རང་རེའི་སློབ་ གསོའི་རེ་བ་དང་རྨི་ལམ་རྙེད་པའི་ཉིན་མོ་ཡིན་སྲིད།

 

དྲི་བ།༽བོད་ལ་མི་རིགས་སློབ་གསོ་དར་རྒྱས་མ་ཐུབ་པའི་གནད་འགག་གང་ལ་ཐུག་པ་དང་སློབ་གསོའི་ཁ་དབུགས་ཧ་ཅང་མག་མོག་ཅིག་ཡིན་དོན་ཅི་རེད།


ལན།༽ཧེ་ཧེ། དེ་གསལ་བོ་མི་ཤེས། ཕལ་ཆེར་གནས་གཤིས་ཀྱི་དབང་གིས་ ཨེ་ཡིན་ནམ།


དྲི་བ།༽ཀྲུང་ཕྱིའི་སློབ་གསོ་དང་བསྡུར་ཏེ་བོད་ཀྱི་སློབ་གསོའི་དགེ་སྐྱོན་གླེང་རོགས།


ལན།༽དགོངས་དག དྲི་བ་འདི་ང་ལ་མཚོན་ན་ཆེ་དྲགས་སོང་། ཡང་ན་ལག་ལེན་དང་མྱོང་བ་མེད་པར་དཔེ་ངོས་སུ་བསྡུར་བ་བྱས་པ་ཙམ་གྱིས་ཤེས་འགྲོ་བ་ཞིག་ཀྱང་མ་རེད། བོད་ཀྱི་སློབ་གསོའི་སྐོར་ནས་གོང་གི་དེ་ལས་ལྷག་པ་ཞིག་བཤད་རྒྱུ་ཅང་མེད།



མཇུག་མཐར་ཁྱེད་ལ་བཀའ་དྲིན་ཞུ།

ཡ། ཁྱེད་ལ་ཡང་བཀའ་དྲིན་ཞུ།



རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/5/7 བལྟ་ཀློག (9935)