བོད་ཀྱི་སྲིད་དོན་ལོ་རྒྱུས་སྤྱི་བཤད། ༼༡༽

                                                                          སྦྲ་ནག་བློ་བཟང་།               

                                                      ལེའུ་དང་པོ། བསྐལ་བ་ཡ་ཐོག་གི་སྐོར།

ས་བཅད་དང་པོ། བོད་ཀྱི་ཡུལ་ཁམས་ཆགས་ཚུལ། 

    དེའང་བོད་ཀྱི་ཡུལ་གྲུ་ཆགས་ཚུལ་བཤད་པར་ཐོག་མར་ཡུལ་དེར་གནས་པའི་མི་རིགས་འདི་ལ་བོད་ཅེས་པའི་མིང་གི་བྱུང་ཚུལ་དང་གོ་དོན་ཅི་ཡིན་པ།  མི་རིགས་འདི་གནས་སའི་ཡུལ་འདི་ཇི་ལྟར་ཆགས་པའི་ཚུལ་བཤད་པའོ། ། 

                                            དོན་ཚན་དང་པོ། བོད་ཅེས་པའི་མིང་གི་བྱུང་ཚུལ་དང་གོ་དོན།

       བོད་ཅེས་པའི་མིང་ཐོགས་ཚུལ་ལ་རང་རེའི་མཁས་པ་རྣམས་ལ་བཞེད་ཚུལ་མི་འདྲ་བ་མང་དུ་ཡོད་དེ། གཙོ་བོ་བོད་ཅེས་པའི་མིང་དེ་རྗེས་གྲུབ་ཀྱི་ཐ་སྙད་དུ་འདོད་པ་དང་འདོད་རྒྱལ་གྱི་ཐ་སྙད་དུ་འདོད་པའི་ཕྱོགས་གཉིས་ཡོད། 

                                                                      དང་པོ། རྗེས་གྲུབ་ཏུ་འདོད་པའི་སྐོར། 

གཅིག བུད་པའམ་བྲོས་ཞེས་པ་ལས་ཐོགས་པར་བཞེད་པ།  

       འདོད་ཚུལ་འདིའི་ཁུངས་གཏུགས་ས་ནི་བྷང་འགོལ་གྱི་སློབ་དཔོན་ཤེས་རབ་གོ་ཆས་བརྩམས་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས། “རུ་པ་ཏི་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ། གནས་པའི་རིགས་ལ་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ་”ཞེས་པའི་ཚིག་དུམ་འདི་ཡིན་ཞིང་། གནའ་བོའི་རྒྱ་གར་གྱི་སྐྱབས་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་ཚེ། རྒྱལ་པོ་རུ་པ་ཏི་དཔུང་ཚོགས་ཁག་ཅིག་རང་ཡུལ་རྒྱ་གར་ནས་བུད་དེ་ཁ་བ་ཅན་གྱི་ཡུལ་དུ་བྱོན་པས་ན་བུད་དམ་བྲོས་ཞེས་པ་ལས་བོད་ཅེས་པའི་ཐ་སྙད་བྱུང་བར་འདོད་མོད།  རུ་པ་ཏི་སོགས་སྐྱབས་སེང་བུ་ལྔའི་དཔུང་ཚོགས་ཀྱི་གཡུལ་འགྱེད་དེ་ནི་གནའ་བོའི་རྩོད་དུས་ཀྱི་དུས་འགོར་བྱུང་བ་ཡིན་ལ། དུས་སྐབས་དེའི་སྔོན་གྱི་རྫོགས་ལྡན་དུས་སུ་བརྩམས་པའི་འཁོར་ལོ་སྡོམ་པའི་རྒྱུད་སོགས་ན་བོད་ཅེས་པ་ཡུལ་ཉེར་བཞིའི་ཡ་གྱལ་དུ་བརྩིས་ཏེ་གསུངས་ཡོད་པས་སྒྲུབ་བྱེད་གཅིག  གཞན་ཡང་བུད་དམ་བྲོས་ཞེས་པ་དང་བོད་གཉིས་གནའ་ནས་གོ་དོན་མི་འདྲ་བའི་ཐ་སྙད་གཉིས་ཡིན་པས། ཡིག་རྙིང་དང་རྡོ་རིང་སོགས་ལོ་རྒྱུས་ཀྱི་རྒྱུ་ཆ་གང་ནའང་དེ་དག་གདམ་ང་ཅན་དུ་བྱེད་པ་མཐོང་དཀོན་པས་སྒྲུབ་བྱེད་གཉིས། བོད་ཀྱི་ཡུལ་འདིའང་རྒྱ་གར་དང་འདྲ་བར་མིའི་འགྲོ་བ་འཇིག་རྟེན་དུ་ཐོག་མར་བྱུང་ཡུལ་ཞིག་ཡིན་པ་བཅས་སྒྲུབ་བྱེད་གསུམ་ལས་བུད་དམ་བྲོས་པ་ལས་བོད་ཅེས་པའི་ཐ་སྙད་བྱུང་བར་མི་འཐད་དོ། ། 

                                                               གཉིས། འོད་དེ་ཞེས་པ་ལས་ཐོགས་པར་བཞེད་པ། 

སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཉིད་འོད་གསལ་ལྷའི་ཡུལ་ནས་ཆས་པའི་གདུང་རྒྱུད་ཡིན་པས། རྗེའི་མཚན་ལ་འོད་དེ་སྤུར་རྒྱལ་ཞེས་འབོད་པ་དེ་ཟུར་ཆག་ནས་ཁོང་གིས་དབང་སྒྱུར་བའི་ཡུལ་ལ་ཐོགས་པར་བཤད་ཅིང་། གཉའ་ཁྲི་བཙན་པོའི་ཡར་སྔོན་གྱི་དབང་མཛད་བཅུ་གཉིས་ཀྱི་དུས་ནས་བོད་ཅེས་པའི་ཐ་སྙད་བྱུང་ཡོད་པས་མི་འཐད། 

                                                             གསུམ། པུ་ཏེ་གུང་རྒྱལ་ཞེས་པ་ལས་ཐོགས་པར་བཞེད་པ།  

གཞན་ཡང་གྲི་གུམ་བཙན་པོའི་སྲས་བྱ་ཁྲི་བཙན་པོ་ཀོང་པོའི་ཡུལ་ནས་གདན་དྲངས་ཏེ། ཁོང་གི་ཡུམ་གྱིས་ངའི་བུ་འདི་གྲི་གུམ་བཙན་པོའི་བུ་ཡིན་ན་བོད་ཀྱི་ཆབ་སྲིད་བརྟན་པར་ཤོག་ཅེས་བཤད་པའི་ཚེ། ནམ་མཁའ་ནས་ཁྱོད་ཀྱི་བུ་འདི་ཀུན་ལས་རྒྱལ་བར་འགྱུར་རོ་ཞེས་སྒྲ་བསྒྲགས་ཤིང་། ཀུན་ལས་རྒྱལ་བ་ཞེས་པ་དེ་མི་རྣམས་ཀྱིས་འབོད་མ་ཤེས་པར་པུ་ཏེ་གུང་རྒྱལ་ཞེས་བོས་པ་དང་། མཚན་དེ་ཡུལ་ལ་ཆགས་ཏེ་པུར་རྒྱལ་བོད་ཅེས་པའི་མིང་འདི་བྱུང་བར་བཤད་ཚུལ་ཡང་ཡོད། བཞེད་ཚུལ་འདིའང་མི་འཐད་དེ་གྲི་གུམ་ཡར་སྔོན་དུ་བོད་ཅེས་པའི་མིང་ཡོད་པ་ནི་གོང་དང་མཚུངས་སོ། ། 

                                                                         བཞི། བོན་ཞེས་པ་ལས་ཐོགས་པར་བཞེད་པ།

        དེ་ཡང་“གཡུང་དྲུང་གི་བོན་བྱུང་སྔ་བ་དང་། རྒྱལ་མ་བྱུང་བའི་གོང་དུ་བོན་བྱུང་བ་དང་། རྒྱལ་ཁྲིམས་མེད་པའི་གོང་དུ་བོན་ཁྲིམས་ཡོད་པའི་དོན་གྱི་བོན་ཁམས་ཞེས་གྲགས་སོ་”ཞེས་གཡུང་དྲུང་གི་བོན་དེ་རྒྱལ་པོ་དང་རྒྱལ་ཁྲིམས་མེད་པའི་ཡར་སྔོན་དུ་བྱུང་ཞིང་།  གནའ་དུས་བོན་ཆོས་དེ་ཉིད་ཆེས་ཆེར་དར་བས་སྐབས་ཤིག་ལ་བོན་གྱི་ཡུལ་ཞེས་གྲགས་པ་དང་། “བོད་ཁམས་ཞེས་པ་ནི་བོན་ཁམས་ཞེས་པའི་སྒྲ་ཟུར་ཆག་ཏེ་བོད་ཁམས་ཞེས་གྲགས་པར་སྔ་རབས་པས་བཞེད་”ཅེས་པ་ལྟར་རིམ་གྱིས་བོན་གྱི་ཡུལ་ཟེར་བའི་བོན་དེ་བོད་དུ་འགྱུར་ཏེ་བོད་ཀྱི་ཡུལ་ལམ་བོད་ཡུལ་ཞེས་གྲགས་པར་བཞེད་ལ། བོན་དང་བོད་ནི་སྒྲ་ཉེ་བའི་སྒོ་ནས་བོན་དེ་བོད་དུ་སྒྲ་ཟུར་ཆག་པར་བཞེད་པ་ལགས་མོད། འགའ་རེས་བོན་དང་བོད་གཉིས་དོན་གཅིག་པར་གོ་ནས་འགྲེལ་མཁན་ཡང་ཡོད། བོན་ཞེས་པའི་ཐ་སྙད་དེའི་གོ་དོན་ནི་གནའ་རབས་ཡིག་ཚང་རྙིང་བ་དག་ལས་གསོལ་བའམ་བཤད་པའི་དོན་སྟེ་“རྒྱལ་བོའི་སྙན་དུ་བོན་ཏེ་”ཞེས་འབྱུང་བ་དང་། ད་དུང་བོན་ཞེས་པ་བཟླ་བ་དང་གྱེར་བའི་དོན་ཡིན་ཞེས་འགྲེལ་མཁན་ཡང་ཡོད་ལ། བཟླ་དང་གྱེར་ཞེས་པ་ནི་གནའ་བོའི་ཞང་ཞུང་གི་བརྡ་ཆད་ཅིག་ནས་ཞང་བོད་ཐུན་མོང་གི་བརྡ་རྙིང་ངམ་ཐ་སྙད་ཅིག་ཏུ་ཆགས་པས། བོན་གྱི་དཔེ་རྙིང་མང་བོར་ཆོ་གའི་སྐོར་སོགས་ཡང་ཡང་གྱེར་བ་སྟེ་བཀླག་པའི་དོན་ཡིན་ཞེས་པས་བོན་དང་བོད་གཉིས་དོན་ནི་མི་གཅིག་མོད། གལ་ཏེ་གནའ་དུས་སུ་བོད་ཁམས་ལ་བོན་ཁམས་ཞེས་གྲགས་པ་ཡིན་ཚེ། བོན་ཡུལ་དང་བོན་ཆོས་ཞེས་པའི་ཐ་སྙད་འདི་གཉིས་ནི་བོད་མིའི་ལོ་རྒྱུས་ཀྱི་གསང་བའི་སྒོ་མོ་འབྱེད་པའི་ལྡེ་མིག་གལ་ཆེན་ཞིག་ཡིན་ན་ཐང་། དེའང་ཐོག་མར་བོན་ཞེས་པ་ཡུལ་མིང་ཡིན་ནམ་ཆོས་མིང་ཡིན། ཡུལ་མིང་བོན་དེ་ཡུལ་དེའི་དད་མོས་བྱ་ཡུལ་གྱི་ཆོས་ལ་ཐོགས་པ་ཡིན་ནམ། ཆོས་མིང་བོན་དེ་དད་མོས་བྱེད་མཁན་གྱི་ཡུལ་གྲུར་ཐོགས་པ་ཡིན། ཡང་ན་དེ་གཉིས་གང་ཡང་མིན་པར་ཆོས་ལ་བོན་དང་ཆོས་བྱེད་མཁན་ལ་བོན་པོ་ཙམ་ལས་བོན་ཁམས་ཞེས་པའི་ཐ་སྙད་ཅིག་བྱུང་མེད་པར་ངེས་སོ། །  

                                                      ལྔ། བོད་ཀ་གཡག་དྲུག་ཅེས་པ་ལས་ཐོགས་པར་བཞེད་པ།

          དེའང་བོད་ཀྱི་རྒྱལ་པོ་ཐོག་མར་འབོད་པ་གཉའ་ཁྲི་བཙན་པོས་ཡུལ་ཡར་ཀླུང་ཁོག་གི་བོད་ཀ་གཡག་དྲུག་ཅེས་པའི་ཚོ་ཁག་རྣམས་ལ་དབང་བསྒྱུར་ཞིང་།  རིམ་གྱིས་གཉའ་ཁྲི་བཙན་པོའི་གདུང་རྒྱུད་དེ་སྤུ་རྒྱལ་གདུང་རབས་ཀྱི་སྲིད་དབང་ཡུལ་གྲུ་གཞན་པ་མངའ་རིས་དང་དབུས་གཙང་གི་ཕྱོགས་སུ་རྒྱ་བསྐྱེད་པ་དང་།  ཡུལ་བྱེ་བྲག་པ་བོད་ཀ་གཡག་དྲུག་གི་བོད་ཅེས་པའི་མིང་དེའང་ཁྱབ་རྒྱ་ཇེ་ཆེར་སོང་སྟེ།  མཐར་སྤུ་རྒྱལ་བོད་ཀྱི་ཆབ་འོག་ཏུ་འདུས་པའི་བོད་རིགས་སྤྱིའི་མིང་དུ་ཆགས་པར་བཞེད་ཅིང་། བོད་ཀ་གཡག་དྲུག་ཅེས་པའི་ཚིག་ཟུར་བོད་ཅེས་པའི་དོན་ནི་ཞིང་ལས་ལ་འཇུག་པར་བཤད་དེ།  ཡར་ཀླུང་གི་འཕྱོངས་རྒྱས་ལ་སོགས་པའི་ཡུལ་རྣམས་སུ་ཞིང་ལས་གཙོ་བོ་ཡིན་པ་དང་། དེང་སང་ཡང་གཙང་གི་ཞིང་བ་དག་ལ་གཙང་བོད་ཅེས་འབོད་པ་དང་། རོང་མ་འབྲོག་ཅེས་པར་བོད་མ་འབྲོག་ཅེས་འབོད་ཀྱིན་ཡོད་པ་སོགས་སྒྲུབ་བྱེད་དུ་བཀོད་དེ་བཤད།  

                                                             དྲུག འདོད་ཚུལ་བྱེ་བྲག་པ་འགའ་ཞིག

     གཞན་ཡང་གནའ་བོའི་རྒྱ་གར་བས་རང་རེའི་ཡུལ་འདི་ལ་བྷོ་ཊ་ཟེར་བ་དང་རྒྱ་གར་ནང་ཏ་མིལ་གྱི་ཡིག་རྙིང་དུ་ཐུ་རུ་པ་ཏིThriupathi། རྒྱ་ནག་གིས་ཧན་(汉朝སྤྱི་ལོ་སྔོན་གྱི་ལོ་221—སྤྱི་ལོ་220བར།གྱི་དུས་རབས་སུ་ནུབ་འཇང་དང་། ཐང་(唐朝618—907གི་དུས་རབས་སུ་ཐུ་སྦོ། ཡོན་(元朝1279—1368གྱི་དུས་རབས་སུ་དབུ་སི་གཙང་གནའ་དུས་ཀྱི་བཀླག་ཚུལ་ལ་དབུས་བརྗོད་ཚེ་དབུ་དང་ས་གཉིས་ཀའི་སྒྲ་ཐོན་པས་དབུས་གཙང་དེ་ག་རང་ཟུར་ཆག་པ་རེད།ཞེས་འབོད་ལ། ཕྱིས་སུ་ཏུའུ་ཕན་ལ་ལས་འདི་སོག་སྐད་ཐུ་བྷད་ཅེས་པ་ཟུར་ཆག་པར་བཤད།དང་ཐོས་པོ་(吐蕃)ཟེར་བ་དང་། ཨ་རི་དང་དབྱིན་ཇི་བས་ཁྲུས་བྷེ་ཁྲུ་Tibetཟེར་བ། སོག་པོའི་ཡིག་རྙིང་དུ་ཐུ་བྷད་ཟེར་བ། ཨ་རབ་(阿拉伯)ཀྱི་ཡིག་ཆ་རྙིང་བར་ཐུ་སྦག་ཏ་ཟེར་བ་བཅས་སྒྲ་འདྲ་བ་དང་ཉེ་བའི་འབྲི་ཚུལ་མང་བོ་ཞིག་བྱུང་མོད། དེ་ལས་རང་རེ་ལ་ཡོ་རོབ་གླིང་དང་སོག་པོ། ཨ་རབ། ཐའི་གིའི་འབོད་སྟངས་བཅས་ནི་བོད་དང་པོད། ཡང་ན་བྷོད་དང་བྷོ་ཊ་སོགས་ནས་ཕར་དེ་དག་གི་སྐད་ལ་ཟུར་ཆག་པ་དང་སྒྲ་སྦྱར་བ་ཞིག་ཡིན་པ་མངོན་གསལ་རེད། རང་ཅག་གིས་དེ་སྔ་ཤེས་གསལ་བྱུང་བའི་ལོ་རྒྱུས་ལྟར་ན།  བོད་གནའ་རབས་ཀྱི་ཤེས་རིག་དེ་ཐོག་མར་འབྲེལ་འདྲེས་དང་བརྗེ་རེས་བྱ་ཡུལ་ནི་རྒྱ་གར་ནག་གི་རིག་གནས་ཡིན་ཞིང་། དེ་ལས་ལོ་རྒྱུས་ཡིག་ཆ་ལྟར་ན་བོད་ཀྱི་གདོད་མའི་ཤེས་རིག་བོན་དེ་རྒྱ་གར་ནག་གི་ཤེས་རིག་དང་འབྲེལ་བ་ཆེར་མ་བྱུང་བ་འདྲ་མོད། རྒྱ་གར་གནའ་རབས་ཀྱི་མི་རིགས་ཨྰརྱ་ཎ་སྟེ་འཕགས་པའི་ཤེས་རིག་དང་རིག་བྱེད་བཞིའི་ནང་སྙིང་ལྷ་གཙོ་བོ་དག་ནི་གངས་ཏི་སེའི་རི་ལ་ཕོ་བྲང་བྱས་ཡོད་པར་བསྟན་པ་དང་། བཤད་ཚུལ་ལ་རྒྱ་གར་ཤེས་རིག་གི་འབྱུང་ཡུལ་གཙོ་བོའང་གངས་ཏི་སེ་ཉིད་ཡིན་པར་ངེས་པ་བཅས་ལས་བོད་ཀྱི་གདོད་མའི་ཤེས་རིག་བོན་དང་འབྲེལ་འདྲེས་ནི་བྱུང་ལོས་ཡོད་སྙམ་པ་དང་།  རྒྱ་གར་བའི་བྷོ་ཊ་ཟེར་བ་དེའང་རང་རེའི་སྐད་ཀྱི་བོད་དང་པོད་ཅེས་པ་ཕར་ཟུར་ཆག་པར་བཞེད་པ་ནི་ལེགས་པར་བཤད་པའི་གཏམ་ཞིག་ཡིན་ལ། གཞན་ཡང་རྒྱ་ནག་གི་འབོད་སྟངས་ལས་དང་པོ་ཧན་གྱི་དུས་སུ་འཇང་ནི་ནུབ་བྱང་དུ་གནས་པའི་མི་རིགས་རྣམས་ཀྱི་སྤྱི་མིང་ཡིན་པས།  བོད་ལའང་ནུབ་ཕྱོགས་སུ་གནས་པའི་འཇང་རིགས་ཞེས་བཏགས་པ་རེད། གཉིས་པ་ཐང་རྒྱལ་རབས་ཀྱི་དུས་སྐབས་སུ་བོད་ཀྱི་ཆབ་སྲིད་མཐའ་བཞིར་བསྐྱེད་ཅིང་།    བོད་མི་རྣམས་ཀྱིས་རང་ཉིད་ལ་བོད་ཆེན་པོ་ཞེས་བོས་པ་དང་། དེ་ཉིད་རྒྱ་སྐད་དུ་ཏྰ་བྷོད་ཅེས་བྲིས་པ་ཕྱིས་སུ་ཏྰ་(大)སྟེ་ཆེན་པོ་ཞེས་པའི་དོན་ལ་ཁོང་ཚོའི་ཡུལ་སྐད་དུ་ཐུ་ཞེས་བརྗོད་པས་མིང་དེ་ཏྰ་བྷོད་(大蕃)མི་ཟེར་བར་ཐུ་བྷོད་(吐蕃)ཅེས་བྲིས་པ་མཁས་པ་ཕལ་ཆེར་གྱིས་བཞེད།  སྔོན་རྒྱལ་བོ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱེད་སྐབས་དབུས་གཙང་ལ་བོད་ཅེས་འབོད་པ་དང་། མདོ་སྨད་ཕྱོགས་སུ་སྐབས་དེར་སྟོབས་འབྱོར་ཆེས་ཆེ་བའི་རྒྱལ་ཕྲན་ནམ་ཚོ་བ་ནི་འ་ཞ་ཡིན་ལ། འ་ཞ་ལ་རྒྱ་སྐད་དུ་ཐོས་ཀོས་ཧྭོན་(吐谷浑)ཞེས་འབོད་པར་གྲགས་ཤིང་། དེའི་ཚིག་ཟུར་གྱི་ཐོས་(吐)དང་བོད་ཐོག་མར་ཡར་ཀླུང་ཁོག་ཙམ་ལ་གོ་བར་སྙམ་པ་དང་། བར་དུ་དབུས་གཙང་དང་བཅས་པར་གོ་བ། ཕྱིས་སུ་མདོ་དབུས་ཁམས་གསུམ་སྤྱི་ལ་གོ་བ་ཡིན།ཅེས་པའི་མིང་གཉིས་ལྷན་དུ་སྦྱར་བས་ཐོས་སམ་ཐུ་བྷོད་(吐蕃)ཐོགས་པར་བཤད་པ་དང་། དེང་སང་རྒྱ་སྐད་དུ་ཙང་ཙོས་(藏族)ཟེར་བ་ནི་དུས་ཕྱིས་སུ་ཡོན་རྒྱལ་རབས་ཀྱི་སྐབས་ནས་བོད་ཡུལ་ལ་དབུས་གཙང་ཞེས་འབོད་པའི་སྲོལ་བྱུང་བར་བརྟེན་ཏེ་རིམ་གྱིས་གཙང་གི་མིང་ལས་བོད་ཅེས་གྲགས་པ་རེད། དེ་མིན་གནའ་བོའི་རྡོ་རིང་ངོས་སུའང་ཏྰ་བྷོད་(大蕃)ཅེས་བྲིས་ཡོད་པ་སོགས་ལས་ཐང་རྒྱལ་རབས་ཀྱི་དུས་ནས་རྒྱ་ནག་གིས་བོད་ལ་བོད་ཆེན་པོ་ཞེས་འབོད་པ་ཤེས་ཐུབ། ཡང་ལ་ལས་བོད་སྐད་དུ་ལྷོ་བོད་དང་སྟོད་བོད་ཅེས་པའི་སྒྲ་ལས་བྱུང་བར་འདོད་པ་སོགས་ནི་རྟོག་བཟོ་འབའ་ཞིག་ལས་དོན་གྱི་སྙིང་པོ་ཅི་ཡང་མེད།

                                                                   གཉིས་པ། འདོད་རྒྱལ་དུ་འདོད་པ། 

        མཁས་པ་འགའ་ཞིག་གིས་བོད་ཅེས་པ་ནི་རྒྱུ་མཚན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་གྱི་མིང་ཙམ་དུའང་སྲིད་ཅེས་བཞེད་མོད། མི་རིགས་དང་རྒྱལ་ཁབ་སོགས་རང་གཞན་སུ་ཞིག་གིས་ཐོག་མར་བོས་པ་གང་ཡིན་དང་། གོ་དོན་གཏིང་ཟབ་མིན་དང་བཟང་ངན་ཅི་ཡིན་ཡང་། རྒྱུ་མཚན་ངེས་ཅན་ཞིག་ལ་བརྟེན་ནས་བོས་པ་ནི་ཡིན་སྲིད།

                                                                  གསུམ་པ། འདོད་ཚུལ་དངོས།  

དེའང་བོད་ཅེས་པའི་ཐ་སྙད་འདི་ཐོག་མར་དུས་ནམ་ཞིག་ལ་བྱུང་བ་ནི་བཤད་དཀའ་མོད། གནའ་བོའི་ལོ་རྒྱུས་ཡིག་རྙིང་དག་ལ་བརྟག་དཔྱད་བྱེད་སྐབས་མཐོང་འོང་བ་ནི་གཉའ་ཁྲི་བཙན་པོའི་ཡར་སྔོན་གྱི་དབང་མཛད་བཅུའི་དུས་སྐབས་ཡིན་ཏེ།   རྒྱལ་བོའི་བཀའི་ཐང་ཡིག་ལས། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། །  ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། ། ཞེས་དང་།  གཞན་ཡང་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ལས། བོད་ཡུལ་མ་སངས་སྤུན་དགུས་དབང་བྱས་ཏེ། ། ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། ། ཞེས་པ་ལྟར་བོད་ཅེས་པའི་མིང་འདི་དབང་མཛད་བཅུའི་དུས་ཀྱི་མ་སངས་རུས་དགུའམ་སྤུན་དགུ་ཡིས་དབང་བསྒྱུར་བྱས་པའི་ཡུལ་གྲུ་དེ་ལ་བོད་ཁ་ཉ་དྲུག་གམ་བོད་ཁམས་གཡའ་དྲུག     ཡང་ན་བོད་ཁམས་གཞུང་དྲུག་ཅེས་བོས་ཤིང་།  རིམ་གྱིས་ཡུལ་སྡེ་ཚོ་བ་དེ་དག་གི་མིང་གཙོ་བོ་ཞིག་ཏུ་ཆགས་ཏེ་བཀོལ་སྤྱོད་བྱས་པ་ཡིན་ཞིང་། དེ་རྗེས་དུས་ཡུན་རིང་བོ་ཞིག་འདས་པ་ན་གཉའ་ཁྲི་བཙན་པོ་ཡུལ་གྲུ་དེ་རྣམས་ཀྱི་དཔོན་པོའམ་རྒྱལ་པོར་བྱོན་ཏེ་ཁོང་གི་སྲིད་དབང་གིས་ཁྱབ་པའི་ཡུལ་སྤྱི་ལ་ཐོགས་ཤིང་། དེ་ནས་བཟུང་སྤུ་རྒྱལ་བཙན་པོའི་གདུང་རྒྱུད་ཀྱི་སྲིད་དབང་རྒྱ་ཇེ་ཆེར་སོང་བ་དང་བསྟུན་ནས་བོད་ཅེས་པའི་མིང་གི་ཁེབས་རྒྱའང་དེ་ལྟར་ཇེ་ཆེར་སོང་བ་དང་། མཐར་སྲོང་བཙན་སྒམ་པོའི་སྐབས་ནས་མདོ་དབུས་ཁམས་སོགས་བོད་ཡུལ་སྤྱི་ལ་མིང་དེས་ཁྱབ་ཅིང་འབོད་པར་བྱེད་པ་ཡིན་ནོ། ། 

མཆན།  ①རྩོད་ལྡན་དུས། བསྐལ་བ་འདི་ལ་དུས་བཞི་སྔ་མ་དང་ཕྱི་མ་གཉིས་ཡོད་ཅིང་། དེང་སང་དུས་བཞི་སྔ་མ་ཡིན་ཟེར་སྲོལ་ཡོད།  དུས་བཞི་ནི་མི་དགེ་བཅུ་དང་འཐབ་རྩོད་མུ་གེ་སོགས་མེད་པ་རྫོགས་ལྡན་དུས་དང་། མི་དགེ་བཅུ་ལས་གཉིས་ཙམ་བྱུང་བ་གཉིས་ལྡན་གྱི་དུས་དང་། དེ་ལས་གསུམ་ཙམ་བྱུང་བ་གསུམ་ལྡན་གྱི་དུས་དང་། མི་གསོད་བྱེད་ཀྱི་མཚོན་ཆ་དར་ནས་དམག་འཁྲུག་གི་ལས་ཀ་བྱུང་བ་ནས་རྩོད་ལྡན་གྱི་དུས་འགོ་ཚུགས་པ་ཡིན།

ལས་རྣམ་པར་དག་པའི་རྒྱུད་ལས། 

ལེགས་བཤད་མཛོད་ལས།

འདི་ནི་རྒྱ་ཡིག་གི་“吐蕃”ཞེས་པའི་སྒྲ་བསྒྱུར་པ་ཡིན་ཡང་།  དག་པར་མ་མཐོང་སྟེ། “”ཞེས་པའི་རྒྱ་ཡིག་འདིར་ཧྥན་དང་བྷོ་ཞེས་སྒྲའི་ངོ་བོ་གཉིས་ཡོད་པ་ལས། སྐབས་འདིར་བྷོ་ཞེས་ཀློག་པ་ལས་ཧྥན་ཞེས་བཀླགས་ན་མི་འགྲིག  རྒྱུ་མཚན་ནི། བྷོ་ནི་བོད་ཀྱི་སྒྲ་རྒྱ་ནག་སྐད་དུ་ཟུར་ཆག་པ་ཞིག་ཡིན་ཞེས་དཔལ་དོན་གྲུབ་རྒྱལ་གྱིས་བཞེད། 


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/7/16 བལྟ་ཀློག (39867)