སི་ཁྲོན་ཞིང་ཆེན་རིག་གནས་ཁང་དང་ཞིང་ཆེན་སྒྱུ་རྩལ་ཞིབ་འཇུག་ཁང་གི་འགོ་གཙོ་ཚེ་རིང་མགོན་པོའི་གཏམ་བཤད།

སི་ཁྲོན་ཞིང་ཆེན་རིག་གནས་ཁང་དང་ཞིང་ཆེན་སྒྱུ་རྩལ་ཞིབ་འཇུག་ཁང་གི་འགོ་གཙོ་ཚེ་རིང་མགོན་པོ།

ཡི་གེ་པ་འདན་སངས་རྒྱས།
       ཐོག་མར་འདིར་མཁས་དབང་དམ་པ་གོང་དུ་བྱོན་པའི་ཁོང་རྣམས་ཀྱི་གླེང་མོལ་གྱི་ཁྲོད་དུ་ཕྲན་ཡང་འདིར་གོ་སྐབས་ཤིག་ལྡན་པ་དེ་ཧ་ཅང་གི་རྟེན་འབྲེལ་བཟང་བསམ་གི་ཡོད།     ཁྱད་པར་དུ་རང་མི་རིགས་ལ་དངོས་གནས་ལྷག་བསམ་རྣམ་དག་གི་དགའ་ཞེན་དང་བརྩོན་སེམས་རང་གི་སྐད་དང་ཡི་གེ་འདི་ལ་མཐོང་ཆེན་ཡོད་པའི་གསར་བུ་ཉུང་ཤས་ཤིག་གི་རང་གི་སྐད་ཡིག་དོ་དམ་ཚོགས་པ་བཙུགས་ནས་ཡོད་པར་མ་ཟད་སྐུལ་སློང་གི་རེ་འདུན་ཞུ་འདུག    འདི་རྗེས་སུ་ཡི་རང་འོས་པའི་བྱ་བ་ཞིག་རེད།   དེ་ནས་སྐབས་སུ་བབ་པའི་གཏམ་སྤྱིར་འཛམ་གླིང་གི་ཆ་ནས་བཤད་ན་མཁས་དབང་མང་པོ་ཞིག་གི་འདི་འདྲ་གསུངས་ཀི་ཡོད།   མི་རིགས་ཤིག་ལ་མཚོན་ན་རང་ཉིད་ཀྱི་སྐད་དང་ཡི་གེ་ནི་མི་རིགས་དེའི་བླ་སྲོག་རེད།   སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་མཚོན་བྱེད་དང་མི་རིགས་ཤིག་གི་དགེ་མཚན་རེད།  མི་རིགས་ཤིག་གི་དགེ་མཚན་དང་བླ་སྲོག་དེ་སྲུང་བར་མི་རབས་ནས་མི་རབས་སུ་འབད་བརྩོན་བྱེད་དགོས་པ་ཞིག་རེད།   དེང་སང་ལྟ་བུ་ཡིན་ན་གོ་ལ་ཟླུམ་པོ་འདི་སྡེ་བ་གཅིག་ཙམ་དུ་གྱུར་པའི་དུས་ཚོད་ཅིག་ལ་ཐོན་དུས་སུ་འདི་ལ་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས།  ཁྱད་པར་དུ་ཚན་རིག་གི་དབང་གིས་འཛམ་གླིང་གཅིག་པོ་ཁྱིམ་ཚང་གཅིག་ལྟ་བུར་གྱུར་བཞིན་ཡོད།  དེའི་དབང་གིས་འཛམ་གླིང་གི་མཁས་དབང་མང་པོ་དང་ཤེས་ཅན་པ་ཐམས་ཅད་ཀྱིས་མི་རིགས་རང་རང་གི་སྐད་དང་ཡི་གེ་འདི་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་དང་འདིའི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད།  རྒྱལ་ཁབ་དང་རྒྱལ་ཁབ་ལ་ཡང་དེ་བཞིན་རེད།  ཐབས་ཇུས་ཀྱི་བཀོད་སྒྲིག་ཅིག་ལ་བརྟེན་ནས་འཆར་གཞི་དང་འཆར་འགོད་མང་པོ་ཡོད་པ་རེད། ང་ཚོའི་རྒྱལ་ཁབ་ཡིན་ན་དེ་བཞིན་རེད། དཔེར་ན་རྒྱལ་ཁབ་འདི་དབུ་བརྙེས་ནས་རྩ་ཁྲིམས་ཀྱི་ནང་དུ་ཐོག་མར་མི་རིགས་ལྔ་བཅུ་ང་དྲུག་པོ་འདི་ཚང་མ་འདྲ་མཉམ་བྱེད་པ་དང་མི་རིགས་ལྔ་བཅུ་ང་དྲུག་དེའི་སྐད་དང་ཡི་གེ་འདི་འདྲ་མཉམ་བྱེད་རྒྱུ་དང་།   མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་འདི་ལ་རྩི་འཇོག་བྱས་ན་དེ་ལ་རང་མོས་ཡོད་པ་དང་། མི་རིགས་ལྔ་བཅུ་ང་དྲུག་པོ་ཁྱིམ་ཚང་གཅིག་གི་ནང་དུ་རྒྱ་ཡིག་རྒྱ་སྐད་དེ་སྲིད་དབང་གི་སྤྱི་སྐད་ཡིན་ནའང་འདིའི་རྨང་གཞིའི་ཐོག་ཏུ་མི་རིགས་རང་རང་སོ་སོའི་སྐད་དང་ཡི་གེ་འདི་ལ་སྲུང་སྐྱོབ་བྱེད་རྒྱུ་དང་རྩི་འཇོག་བྱེད་པར་རང་མོས་དང་ཁེ་དབང་སྤྲད་ཡོད་པ་རེད། དེ་མ་ཚད་རྩ་ཁྲིམས་ཀྱི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་འདི་སྲུང་སྐྱོབ་དང་གོང་འཕེལ་དུ་བྱེད་པར་མི་རིགས་རང་གི་འོས་འགན་ཡིན་པར་མ་ཟད་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་དང་ལས་རིགས་ཁག་གིས་རྒྱབ་སྐྱོར་དང་ཤུགས་སྣོན་དགོས་པར་ཁྲིམས་ནས་བཀས་བཅད་ཡོད།  དེ་ནང་བཞིན་དུ་བཅང་གྲོལ་དང་ད་བར་དུ་སྤྱིར་བཤད་ན་མི་རིགས་ཀྱི་སྐད་དང་ཡི་གེ་ཁྱད་པར་དུ་ང་ཚོའི་བོད་རིགས་འདིའི་བོད་སྐད་དང་བོད་ཡིག་འདི་ལ་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་ཡོད། ད་སྔོན་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རེད་དེ་ད་ལྟ་གོང་དུ་བཤད་པ་བཞིན་འཛམ་གླིང་ཧྲིལ་པོ་འདི་འཕོ་འགྱུར་ཆེ་བའི་སྟོབས་ཀྱིས་དེང་སང་སྐད་དང་ཡི་གེས་མཚོན་པའི་མི་རིགས་ཀྱི་གཤིས་ཀ་དང་མི་རིགས་ཀྱི་སྲོལ་རྒྱུན་མང་པོ་ཙམ་ལ་གནོད་སྐྱོན་ཡང་ཐེབས་བཞིན་ཡོད། དེའི་ཆ་ནས་བཤད་ན་ངོས་ཟིན་ལེགས་པོ་ཡོད་པ་དེ་ཧ་ཅང་གལ་ཆེན་རེད། མི་རིགས་ཤིག་ཡིན་ན་རང་ཉིད་ཀྱི་སྐད་དང་ཡི་གེ་དེ་མེས་པོས་བཞག་པའི་ཁྱད་ནོར་ནང་གི་ཆེས་རྩ་བར་གྱུར་པའི་ནོར་བུ་གཅིག་དང་ཆེས་རྩ་བར་གྱུར་པའི་རྒྱུན་འཁྱོངས་བྱེད་དགོས་པའི་རང་གི་སྲོག་རྩ་ལྟ་བུ་ཡིན་པ་དེ་ནི་ཚང་མས་ངོས་ཟིན་ཡོད་པ་དེ་གལ་ཆེན་རེད། དེའི་ཆ་ནས་བཤད་ན་དེང་སང་དུས་ཚོད་འདི་འདྲ་ཞིག་ཡིན་དུས་རང་རང་གི་སྐད་དང་ཡི་གེ་འདི་ལ་འབད་བརྩོན་དང་།  སྲུང་སྐྱོབ།  གཅེས་སྤྲས།  བརྒྱུད་སྤེལ་བྱས་ན་གཅིག་ནས་མེས་པོ་རྣམས་ཀྱི་ཤུལ་བཞག་གི་རིག་གནས་འདི་རྒྱུན་སྐྱོང་གི་རྨང་གཞི་ཡིན་པ་དང་།  གཉིས་ནས་ཕྱི་རབས་པ་རྣམས་ཡར་སྐུལ་དང་འཕེལ་རྒྱས་འབྱུང་དགོས་ན་ང་ཚོ་དེང་སང་གི་མི་རབས་འདི་ལ་འོས་འགན་ཡོད།  དེ་བཞིན་དུ་ལོ་རྒྱུས་ཆོས་གཞུང་དང་སྔོན་སོང་བ་བཞིན་མ་འོངས་པའི་རིག་གནས་དེ་དང་དེ་སྤེལ་རྒྱུ་དེ་སྤྱིར་མི་རིགས་གང་ཡིན་རུང་གལ་ཆེན་པོ་རེད་དེ། ཁྱད་པར་དུ་གྲངས་ཉུང་མི་རིགས་དང་ལྷག་པར་དུ་སྒང་པ་བོད་འདི་ལ་བཤད་ན་གལ་ཆེན་པོ་ཞིག་གི་དུས་ལ་སླེབས་འདུག་སྙམ། དེ་གང་རེད་ཞུས་ན་དེང་སང་ང་ཚོ་རོང་འབྲོག་གང་ལ་སོང་ན་ལྟ་ས་ཉན་ས་ན་རང་ཉིད་ཀྱི་སྐད་དང་ཡི་གེ་འདི་ལ་མཐོང་ཆེན་དང་འདི་ལ་ངོས་ཟིན་མཐོ་པོ་མི་འདུག་སྙམ་པའི་བྱ་བ་མང་ཙམ་མཐོང་གི་འདུག དཔེར་ན་དགོན་སྡེ་གྲྭ་ཚང་མ་གཏོགས་པའི་གཞན་ང་ཚོའི་གྲོང་ཁྱེར་ནང་གི་མི་ཚོས་སྤྱིར་ན་རིག་གནས་འདི་ལ་མཐོང་ཆེན་མི་བྱེད་སྒོས་སུ་རང་གི་སྐད་དང་ཡི་གེ་འདི་གལ་ཆེན་པོ་ཞིག་ཡིན་པ་དེའི་རང་བཞིན་དེ་ངོས་ཟིན་ལྟ་བུ་མེད་ན་སྤྱིར་སློབ་སྦྱོང་ལ་ཡང་དེ་ཙམ་ནན་ཏན་བྱེད་མི་ཐུབ་པ་ལྟ་བུ་དང་། ཁྱད་པར་དུ་བུ་རྒྱུད་གསོ་སྐྱོང་གི་ཕྱོགས་ལའང་སློབ་གྲྭའི་རིག་གནས་ཀྱི་འབོད་སྐུལ་གྱི་ཕྱོགས་ལ་དང་ལེན་མི་ཐུབ་པ་དང་འབད་བརྩོན་མི་ཐུབ་པ་དང་། དེ་ནས་རང་གི་ཁྱིམ་ཚང་གི་སློབ་གསོའི་ཕྱོགས་ལའང་བཤད་ན་ཡང་ཆེས་ཞེན་པ་ལྟ་བུ་ཞིག་མངོན་སུམ་དོད་པོའི་གནས་ཚུལ་ཞིག་རེད། དེས་ན་ཁྱིམ་ཚང་སོ་སོ་ལ་མཚོན་ནས་བཤད་ན་སློབ་གྲྭ་ཞིག་ལ་སློབ་ཕྲུག་ཅིག་བཏང་ན་སློབ་གྲྭས་དེ་ལ་ཅི་སློབ་ན་དེ་མ་གཏོགས་མི་ཚད་པར་རང་ཉིད་ཀྱིས་དེ་ལ་རིག་གནས་ཀྱི་སློབ་གསོ་དང་ཁྱད་པར་དུ་སྐད་དང་ཡི་གེའི་སློབ་གསོའི་ཕྱོགས་ལ་འགན་ཁུར་ཆེན་པོ་ཞིག་ཡོད་པར་མ་ཟད་ནུས་པ་ཆེན་པོ་ཞིག་ཐོན་ཆོག་ཀྱང་ཐོན་པའི་ཕྱོགས་ལ་འབད་བརྩོན་བྱེད་ཐུབ་ཀྱིན་མེད། དེ་མེད་པར་མ་ཟད་དཔེར་ན་ང་ཚོའི་རོང་འབྲོག་གང་ལ་སོང་རུང་རྒན་རབས་པ་རྣམས་ཀྱིས་གཟབ་ནན་མ་བྱས་ན་ཕྱི་རོལ་ཡུལ་གྱི་སྐད་ཆ་དང་མི་རིགས་རང་གི་རིག་གནས་གཉིས་ལ་དབྱེ་བ་མ་བྱས་པའི་སྐྱོན་གྱིས་རང་གི་སྐད་ལའང་སྐྱོན་མང་པོ་འབྱུང་གི་ཡོད།

      དེང་སང་གི་ཡོ་བྱད་འདི་དག་ལ་གསར་གྱི་མིང་ཞིག་མ་ཟད་སྔོན་ང་ཚོའི་དམངས་ཁྲོད་ན་ཡོད་པའི་སྐད་དེ་མང་པོ་འགྱུར་སོང་ན་བུ་རྒྱུད་ཚང་མ་ལ་དངོས་ནས་བཤད་ན་ཕ་སྐད་གཙང་མ་གཅིག་གི་སློབ་གསོ་ཙམ་ཡང་བྱེད་མི་ཐུབ་པ་ལྟ་བུ་དང་དེའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་མི་ཐུབ་པ་ལྟ་བུ་རེད། དཔེར་ན་འབྲོག་པ་ཞིག་སོང་པ་ཡིན་ན་རྒྱ་སྐད་ཚིག་གཅིག་མི་ཤེས་པའི་འབྲོག་པ་ཚོས་ཕྱི་རྒྱལ་དང་རྒྱ་སྐད་སོགས་བསྲེས་མ་ཞིག་གིས་ཐ་སྙད་མང་པོ་ཤོད་ཀྱིན་ཡོད་པ་རེད། དེ་ཚང་མ་བུ་རྒྱུད་ཚོའི་བསམ་ན་དེ་རང་གི་སྐད་ཡིན་རྒྱུ་རེད་བསམ་འདུག དངོས་གནས་བཤད་ན་སྐད་དེ་ཉོག་འགྲོ་གི་འདུག ཡང་ན་རང་གི་རྒྱ་སྐད་དག་མ་ཞིག་བཤད་དགོས་པའི་གོ་སྐབས་དང་ཁོར་ཡུག་ཅིག་ལ་འཕྲད་དུས་སུ། ཡང་རང་གི་སྐད་ཀྱང་བཤད་མི་ཤེས། རོགས་ཀྱི་སྐད་དེ་ཡང་བཤད་པར་དོ་སྣང་བྱེད་བཞིན་མེད། རྒྱ་སྐད་ཀྱང་དག་མོ་མི་ཤེས་གཞན་ཕྱི་སྐད་ཅིག་དེ་བས་ཀྱང་ཤེས་བཞིན་མེད། སྐད་ལ་སྐྱོན་ཞུགས་པ་མ་གཏོགས། དེ་ནས་རང་ཉིད་ཀྱི་ཡི་གེ་དེ་ཡང་རང་ཉིད་ཀྱི་ཡི་གེ་གལ་ཆེན་ཡིན་པར་མི་བྱེད་ནས། དཔེར་ན་སློབ་གྲྭ་ཞིག་ལ་སོང་ན་རྒྱ་ཡིག་ཅིག་ཤེས་ན་གཅིག་ཆོག་ཡིན་པ་ལྟ་བུ་དང་། དེ་མིན་གཞན་ཤེས་མི་དགོས་པ་ལྟ་བུ་རྒྱ་ཡིག་དང་བོད་ཡིག་གཉིས་ཡོད་ན་བོད་ཡིག་དེ་གལ་ཆུང་ཞིག་གི་ས་ལ་མ་གཏོགས་འཇོག་མི་འདུག་པའང་ཡོད་པ་ལྟ་བུ་དེ་ཚོ་ལ་ངོས་ཟིན་ཀྱི་ཕྱོགས་ནས་མི་འདང་བ་རེད་མ་གཏོགས་གོང་དུ་ཞུས་པ་བཞིན་དུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་ལའང་ཡོད་པ་དེ་གྲངས་ཉུང་མི་རིགས་ཤིག་ཡིན་ནས་བཟུང་རྒྱ་སྐད་གཙོ་བྱས་པའི་རིག་གནས་འདི་སློབ་དགོས་པ་འོས་འགན་ཞིག་རེད་དེ། རང་ཉིད་ཀྱི་སྐད་དང་ཡི་གེ་འདི་རྩི་སྲུང་བྱེད་པར་འོས་འགན་དང་། འཕེལ་རྒྱས་ལ་གཏོང་བའི་འོས་འགན་ཡོད། རྩ་ཁྲིམས་ན་དེ་མ་ཟད་མི་རིགས་གཞན་དག་གི་སྐད་དང་ཡི་གེ་འདི་སྦྱོང་ན་གུས་བཀུར་དང་བསྟོད་བསྔགས་ཐེབས་ཀྱིན་ཡོད། དེ་ཚོའི་ཕྱོགས་ནས་བཤད་ན་ང་ཚོས་སྲིད་ཇུས་ཀྱང་ལག་ལེན་བྱེད་ཀྱིན་མེད་པ་ལྟ་བུ་རེད། དེ་ནས་རྒྱབ་ཁབ་ཀྱི་དོན་གཉིས་པ། ལས་ཁུངས་དང་རྫོང་རིམ་པ་དང་རྫོང་ཡན་ཆད་ཀྱི་ཆ་ནས་བཤད་ན་ཕ་མ་ཚོ་ཚང་མ་བོད་ཡིན་རུང་བུ་རྒྱུད་ཚང་མས་བོད་སྐད་གཅིག་ཀྱང་མི་ཤེས་བོད་ཡིག་དེ་བས་ཀྱང་མི་ཤེས་པ་ཧ་ཅང་མང་པོ་རེད། དེ་ཡང་དངོས་གནས་བཤད་ན་ཕ་མས་ཀྱང་རྒྱ་སྐད་དག་མོ་ཞིག་བཤད་མི་ཤེས་པ་དང་། རང་གི་བུ་རྒྱུད་ལ་བོད་སྐད་སློབ་པ་མ་དགོས་ཕ་སྐད་ཀྱི་འབོད་སྐུལ་ཙམ་ཡང་མི་བྱེད་པའི་དབང་གིས་དེང་སང་བོད་ཡིན་རུང་བོད་སྐད་ཕལ་ཆེར་བཤད་མི་ཤེས་པ་དང་། བོད་ཡིག་རང་གི་མིང་ཙམ་ཡང་འབྲི་མི་ཤེས་པ་ལྟ་བུའི་གནས་ཚུལ་མང་པོ་ཡོད་པ་རེད། དེའི་ཆ་ནས་བཤད་ན་རྒྱལ་ནང་གི་མི་རིགས་ལྔ་བཅུ་ང་ལྔ་དེ་གྲངས་ཉུང་མི་རིགས་གཞན་ཞིག་དང་བསྡུར་ན་ང་ཚོ་བོད་རིགས་འདིའི་ཕྱོགས་ནས་ཀྱང་ངོས་ཟིན་ཡང་རྗེས་ལུས་དང་། བྱ་སྤྱོད་ཀྱང་རྗེས་ལུས་རེད་བསམ་གི་འདུག གཞན་པའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ཡོད་པའི་ས་ཁུལ་གྱི་རང་སྐྱོང་ལྗོངས་མང་པོ་བཤད་ན་ད་དུང་བོད་ཁུལ་དང་བསྡུར་ན་ཁོང་ཚོས་རང་ཉིད་ཀྱི་སྐད་དང་ཡི་གེར་མཐོང་ཆེན་བྱས། སྐད་དང་ཡི་གེ་ཁྱབ་བརྡལ་གྱི་ཆེད་དུ་སློབ་གྲྭ་ཁོ་ན་མིན་པས་དེ་ནས་སྤྱི་ཚོགས་ཀྱི་ཁྱིམ་ཚང་ཐམས་ཅད་ཀྱིས་འབད་བརྩོན་བྱེད་དགོས་པའི་གནས་ཚུལ་དེ་འདྲ་རེད། དེས་ན་དེ་ཚོའི་ས་ཆའི་མི་རབས་རྗེས་མ་ཚང་མས་སྐད་གཉིས་ཤེས་ཀྱིན་འདུག རབ་ན་སྐད་གསུམ་རེ་ཤེས་བཞིན་ཡོད། དེ་ཡིན་ན་ཧ་ཅང་ལེགས་པོ་རེད། སྐད་གཉིས་ཀྱང་ང་ཚོ་བོད་ཁུལ་ཞིག་ཡིན་ན་བོད་སྐད་དང་རྒྱ་སྐད་ཡང་ན་དབྱིན་སྐད་དེ་འདྲ་ཞིག་ཤེས་ན་ཕུན་སུམ་ཚོགས་པ་རེད། རེད་དེ་ང་ཚོ་མི་རིགས་ཤིག་ལ་མཚོན་ནས་བཤད་ན་རྒྱ་སྐད་ཤེས་དགོས་པ་སློབ་གྲྭ་བ་ཞིག་ཡིན་ན་སྨྲོས་མ་དགོས་པ་རེད་དེ་རང་ཉིད་ཀྱི་སྐད་ཤེས་དགོས་པ་དེ་ཐོག་མའི་རྩ་བ་ཞིག་ཡིན་པ་རེད། དེ་ཡང་ཕ་སྐད་མ་སྐད་ཅེས་པ་དེ་ཕ་མས་གཙོ་བོ་བརྒྱུད་དགོས་པའི་གནས་ཚུལ་དང་ཕ་མ་ནས་བརྒྱུད་ན་དེ་བས་ཀྱང་དམ་པོ་ཞིག་དང་དག་མ་ཞིག་འོང་བ་ཡིན་པས་དེའི་ཕྱོགས་ནས་རང་གི་ལྟ་ཚུལ་སྤྱི་ཚོགས་ང་ཚོ་ཚང་མ་ལ་འོས་འགན་ཆེན་པོ་ཞིག་ཡོད་པ་རེད་བསམ་གྱིན་འདུག  དེ་ནས་འཛམ་གླིང་སྟེང་ན་རྒྱལ་ཁབ་ཉིས་བརྒྱ་ལྷག་དང་མི་རིགས་བརྒྱ་ཕྲག་ཁ་ཤས་རེད།  དེའི་ནང་ན་རིག་གནས་དང་སྐད་ཡིག་ཆེས་ཕུན་སུམ་ཚོགས་པ་ཞིག་དང་ཁྱད་པར་ཅན་གྱི་མིང་ཙམ་ཞིག་ཡོད་པ་རེད། དེའི་ཆ་ནས་བཤད་ན་བོད་མི་རིགས་འདི་ཡང་འཛམ་གླིང་སྟེང་ན་གདེང་འཇོག་མཐོ་པོ་བྱེད་བཞིན་ཡོད། བོད་ཀྱི་སྐད་དང་ཡི་གེ་འདི་ལ་ཡང་འཛམ་གླིང་གི་ཆེས་ཡང་རྩེར་ཐོན་པའི་སྔོན་ཐོན་གྱི་སྐད་ཡིག་ཅིག་གི་ཁྲོད་དུ་བགྲང་བཞིན་ཡོད་དེ་ཡང་ཚན་རིག་པ་རྣམས་ཀྱིས་སྐད་དང་ཡི་གེའི་འབྱུང་གནས་དང་སྐད་དང་ཡི་གེའི་ནུས་པ་སྐད་དང་ཡི་གེའི་ཁྱབ་ཁོངས་སོགས་ཕྱོགས་མང་པོ་ཞིག་གིས་ཞིབ་འཇུག་བྱས་དུས་བོད་ཀྱི་སྐད་དང་བོད་ཀྱི་ཡི་གེ་དེ་ཆེས་བཟང་ཤོས་དང་ཆེས་ལེགས་ཤོས་ཤིག་གི་སྟེང་ལ་ཐོན་བཞིན་པ་རེད། གཞན་གྱིས་མི་རིགས་འདི་གལ་ཆེན་ལ་བཞག་ནས་མཐོང་ཆེན་བྱེད་བཞིན་ཡོད། མི་རིགས་ལ་འདི་ལྟ་བུའི་རིག་གནས་ཞིག་ཡོད་པ་དེ་ལ་མཐོང་ཆེན་དང་བསྟོད་བསྔགས་གནང་བཞིན་ཡོད། རང་ཉིད་ཀྱིས་རང་གི་སྐད་དང་ཡི་གེ་འདི་གལ་ཆེན་དང་། བེད་སྤྱོད་དགོས་པ་མ་ཟད་འཛམ་གླིང་སྟེང་ལ་བཤད་རུང་ང་ཚོའི་མེས་པོ་ནི་འདི་འདྲའི་བཀའ་དྲིན་ཆེན་པོའི་ང་ཚོ་ལ་འཛམ་གླིང་སྟེང་དེང་སང་ངོམ་ཆོག་པ་མ་འོངས་པ་ལ་ཡང་སྤྱོད་ནའམ་མི་རབས་ནས་མི་རབས་བར་དུ་ངོ་གནོང་མི་དགོས་པའི་ནོར་བུ་ཞིག་ཡོད་དུས་འདི་ལ་སྲུང་སྐྱོབ་བྱེད་པ་དེ་ང་ཚོའི་འོས་འགན་ཡིན་པར་ཤེས་དགོས་པ་མ་ཟད།
     ད་ལྟའི་ཁོང་རྣམ་པ་ཇི་བཞིན་དུ་ཚང་མས་རང་ནུས་ཅི་ཡོད་རང་གི་བསམ་བློ་དཀར་པོ་རེ་རེའམ་སྤྱོད་པ་བཟང་པོ་རེའམ་འདི་དག་ལ་ཆེད་དུ་འབད་བརྩོན་བྱས། ཁྱད་པར་དུ་མཁྱེན་དཔྱོད་ཡངས་པའི་མཁས་པ་རྣམས་དང་བྱམས་སེམས་ལྡན་པའི་སྐྱེས་ཆེན་རྣམས་ལྷག་བསམ་དཀར་བའི་མི་མང་ཚང་མས་རང་ཉིད་ཀྱི་ནོར་བུ་སྐད་དང་ཡི་གེ་འདི་ལ་འབད་བརྩོན་ལྷོད་མེད་ཀྱིས་དར་རྒྱས་གོང་འཕེལ་གྱི་ཆེད་དུ་ཚང་མས་བྱ་བའམ་བསམ་བློའམ་འབད་བརྩོན་རེ་བྱས་ན་ང་ཚོའི་མེས་པོའི་རེ་བའང་བསྐོང་ཐུབ་རྒྱུ་རེད། ང་ཚོའི་བྱ་བའང་འགྲུབ་ཐུབ་རྒྱུ་རེད། མ་འོངས་པ་ལ་མདུན་ལམ་ཡང་ཆེ། དེ་བཞིན་དུ་ཁོང་རྣམ་པའི་བྱ་བ་འདི་ཧ་ཅང་བཟང་གི་འདི་དག་ཆེས་འབོད་སྐུལ་དགོས་པ་དང་རྗེས་སུ་ཡི་རང་འོས་པའི་བྱ་བ་ཞིག་རེད་བསམ་ནས་རྣམ་འགྱུར་ཙམ་ཡིན་མ་གཏོགས་ང་རང་ཤེས་ཅན་དང་བསམ་བློ་ཅན་ཞིག་མ་རེད་དེ། འདི་དག་ང་ཚོ་ལ་འོས་འགན་ཆེན་པོ་ཞིག་རེད་བསམ་པ་ཡིན། དེ་ནས་ལས་ཁུངས་སམ་ལས་ཁུངས་ཀི་མི་སྣའམ་གང་ཡིན་ན་འདྲ་འདྲ་རེད། རང་རྒྱུད་ཀྱི་བུ་ཕྲུག་གམ་གཞན་ལ་སློབ་གསོ་སྤྲད་ནའམ་རང་ཉིད་ཀྱི་ལས་ཀའམ་གང་གི་ཕྱོགས་ནས་བཤད་ནའང་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྩི་སྲུང་དང་རྩ་ཁྲིམས་གཅེས་སྤྲས་ཀྱི་རྨང་གཞིའི་སྟེང་དུ་རང་ཉིད་ཀྱི་བྱ་བ་དེ་ཡང་རྩ་ཁྲིམས་ཇི་བཞིན་བྱེད་ན་སྐད་གཉིས་ཤེས་དགོས་པ་དང་སྐད་གཉིས་དང་ཡིག་རིགས་གཉིས་ཀྱི་སྟེང་ནས་བྱ་བ་དེ་བསྒྲུབ་ན་རྒྱལ་ཁབ་ཀྱི་ལས་ཀ་དེ་ལེགས་པོ་ཞིག་འགྲུབ་རྒྱུ་དང་། མི་མང་ལ་ཞབས་ཞུ་ཡང་ལེགས་པོ་ཞིག་དང་རང་གི་ནུས་པ་དེ་མཐོར་འདེགས་དང་ལེགས་འགྲུབ་ཅིག་ཡོང་བར་ཁག་ཐག་ཡིན། དེ་མེད་པ་ཡིན་ན་སྐད་གཅིག་པོ་ཁོ་ན་ལ་བརྟེན་ནས་དཔེར་ན་རང་མི་རིགས་ས་ཁུལ་བོད་ཁུལ་ཞིག་ཡིན་ཀྱང་རྒྱ་ཡིག་རྒྱ་སྐད་ཁོ་ནས་བོད་ཁུལ་གྱི་མི་མང་ལ་ཞབས་ཞུ་ཞིག་ཞུ་དགོས་ན་བོད་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་འདི་ལ་ཞབས་ཞུ་ལེགས་པོ་ཞིག་ཡོང་དགོས་ན་དཀའ་མོ་ཞིག་ཡིན་སྲིད། དེས་ན་དེ་གལ་ཆེན་པོ་རེད་བསམ་གྱིན་ཡོད། དེའི་ཕྱོགས་ནས་བཤད་ན་ས་ཆ་ལ་ལ་ན་ཆེས་ལེགས་པོའི་གནས་ཚུལ་དང་བྱ་འགུལ་མཐོང་རྒྱུ་འདུག ལོ་འགའི་སྔོན་ལ་ང་རང་མགོ་ལོག་ཁུལ་ལ་ལྟ་སྐོར་ཞིག་སོང་བ་ཡིན། སྐབས་དེར་མགོ་ལོག་ཁུལ་གྱི་འགོ་གཙོའི་གཙོ་བྱས་པའི་རང་སྐྱོང་ཁུལ་གྱི་ལས་ཁུངས་ཆེ་བཞིའི་གཞི་བྱས་ནས་སྐད་གཉིས་ཀྱི་སློབ་གསོ། ལས་བྱེད་པ་ཡོངས་ལ་འབོད་སྐུལ་དང་ཁྱད་པར་དུ་ལས་ཁུངས་ན་ཡོད་པའི་ཏང་གི་གཙོ་བོ་རྒྱ་ཡིག་དང་རྒྱ་སྐད་ཀྱི་སྟེང་ནས་ལས་ཀ་སྒྲུབ་ཞོར་དུ་བོད་ཡིག་དང་བོད་སྐད་སྦྱོང་བ་དང་བོད་ཡིག་དང་བོད་སྐད་སྒོ་ནས་ལས་ཀ་སྒྲུབ་པའི་འབོད་སྐུལ་དང་འཆར་འགོད་མ་ཟད་ཁོང་ཚོ་རང་གི་ས་གནས་ཀྱི་ཡུལ་སྲོལ་ཞིག་དང་ཁྲིམས་སྲོལ་ཞིག་དུ་བགྲང་ནས་ཁྱབ་བརྡལ་བྱས་ནས་མི་རིགས་ཀྱི་རིག་གནས་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ཁོའི་དམིགས་ཡུལ་དེ་རང་སྐྱོང་ཁུལ་གྱི་ཕལ་ཆེར་བ་དེ་བོད་རིགས་རེད། དེའི་ནང་གི་ཕལ་ཆེར་མི་སེར་རེད། ཚང་མས་བྱ་བ་གཅིག་བྱེད་དགོས་ན་སྐད་དང་ཡི་གེའི་འབྲེལ་ཐག་འདི་དང་བརྩེ་དུང་འདི་ལ་བརྟེན་ན་འབྲས་བུ་ལེགས་པོ་ཞིག་འཐོབ་པར་སེམས་སོ།།

     དེས་ན་ང་ཚོ་ཚང་མས་དེ་བཞིན་དུ་སེམས་ཁུར་ཡོད་པ་དང་འོས་འགན་ཡོད་པ་དེ་གོ་སྐབས་དམ་འཛིན་བྱས་ནས་ང་ཚོ་ལ་ལེགས་པོ་ཞིག་འོང་བསམ་པ་དང་གཉིས། གསུམ་པ་རིམ་པ་སོ་སོའི་སློབ་གྲྭར་བརྒྱུད་བཞིན་པའི་སློབ་མ་ཚང་མས་གཞན་མི་རིགས་ཀྱི་སྔོན་ཐོན་གྱི་ཡི་གེ་དང་སྐད་ཡིག་སྦྱོང་བའི་རྨང་གཞིའི་སྟེང་དུ་རང་ཉིད་ཀྱི་ཕ་སྐད་དང་མ་སྐད་འདི་མི་བརྗེད་འདིས་བརྒྱུད་པའི་རིག་གནས་འདི་ལ་མཐོང་ཆེན་བྱས་ན་རང་ཉིད་ཀྱི་རིག་གནས་ཀྱི་ཆུ་ཚད་དང་ཡོན་ཚད་ཆེས་མཐོར་འདེགས་སུ་ཡོང་ནས་མ་འོངས་པའི་བྱ་བ་ལ་ཕན་པ་ཧ་ཅང་ཆེན་པོ་འཐོབ་ངེས། སྔོན་གྱི་རྒྱུ་མཚན་མང་པོ་ལ་བརྟེན་ན་དེ་བཞིན་རེད་བསམ་སོང་། རྒྱལ་ཕྱི་ནང་གང་ཡིན་རུང་གཅིག་མཚུངས་ཀྱི་སྤྱིར་རྒྱལ་ཁབ་གཅིག་གི་སྤྱི་སྐད་ཀྱི་རྨང་གཞིའི་ཐོག་ཏུ་གྲངས་ཉུང་མི་རིགས་མང་པོའི་རང་རང་གི་སྐད་དང་ཡི་གེ་འདིའི་སྟེང་ནས་འབད་བརྩོན་བྱས་ནས་དེའི་མཆོག་ཏུ་གྱུར་པའི་མཁས་པའི་སར་སོན་ནས་རྒྱལ་ཁབ་དང་ས་གནས་ཐ་ན་འཛམ་གླིང་གང་ཕྱོགས་ན་ཕྱི་རྗེས་ཡོད་པའི་དཔེ་མང་པོ་ཡོད་པ་དེའི་ནང་བཞིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མས་འདི་ལ་འབད་བརྩོན་བྱེད་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།  རྒྱུ་མཚན་གང་རེད་ཅེ་ན་མི་རིགས་ཤིག་གི་མཚོན་ཚུལ་དེ་སྐད་དང་ཡི་གེ་རེད། མི་རིགས་ཤིག་གི་རྟགས་མཚན་ཡང་སྐད་དང་ཡི་གེ་རེད། ང་ཚོའི་སྐད་དང་ཡི་གེ་ལ་འབད་བརྩོན་མ་བྱས་ན་གཞན་མི་རིགས་ཤིག་རེད་ཅེས་བཤད་དགོས་པ་དང་། ཡང་ན་སྐད་ཆ་ཞིག་བཤད་དགོས་ཀྱང་མི་རིགས་རང་ཉིད་ཀྱི་ནང་ཁུལ་དུ་བརྡ་མི་འཕྲོད་པ་ལྟ་བུ་དང་། ཡང་ན་མི་རིགས་རང་ཉིད་ཀྱི་རིག་གནས་གསུང་རབ་ཞིག་ལག་ཏུ་སྤྲད་ན་དེའི་མགོ་མཇུག་ཙམ་ཡང་མི་ཤེས་པ་དེ་འདྲ་ཡིན་ན་མི་རིགས་ཤིག་གི་མིང་བཏགས་པ་དང་གྲངས་ཉུང་མི་རིགས་ཤིག་གི་གྲལ་རིམ་ཙམ་ཡིན་ཟེར་བ་ཙམ་མ་གཏོགས་མིང་དོན་མཚུངས་པ་ཞིག་ཡིན་པར་མི་འདུག དེས་ན་མེས་པོ་རྣམས་ཀྱིས་དཔེར་ན། ཕྱིར་མཐོང་བ་ཡིན་ན་ཁོང་ཚོ་ཐུགས་སྐྱོ་འདུག་པ་ལྟ་བུ་དང་། བུ་ཕྲུག་ཕྱི་རབས་པ་རྣམས་ལ་ཡང་སློབ་གསོ་དགོས་ན་ང་ཚོ་མ་འོས་པ་ལྟ་བུ་དང་། དེང་སང་ཡང་རང་གི་རིག་གནས་ཀྱི་རྗེས་མ་ཆོད་པ་ལྟ་བུ་དང་། ཁྱད་པར་དུ་མི་རིགས་གཞན་དང་ཤེས་ཡོན་པ་ཆེན་པོ་སྐད་རིགས་མང་པོ་མཁྱེན་པའི་འདི་ཚོ་ཡང་རང་མི་རིགས་ཀྱི་སྐད་དང་ཡི་གེ་ཙམ་ཡང་ཤེས་མེད་ན་ཤེས་པ་ཆུང་ཆུང་ཡིན་པ་ལྟ་བུའི་ངོས་ཟིན་ཞིག་ཡོད་ནས་ཚང་མས་འབད་བརྩོན་ཞིག་བྱས་ན་ལེགས་པོ་འདུག་བསམ་པ་ཡིན། མདོར་བསྡུས་ནས་བཤད་ན་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སྟེང་ན་དཔེར་ན་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་འདི་ལ་རྩ་ཁྲིམས་ཀྱིས་སྲུང་སྐྱོབ་དང་དེའི་སྒོ་ནས་ཚང་མ་ལ་རང་མོས་དང་ཁེ་དབང་སྤྲད་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ནང་ན་རབ་དང་རིམ་པ་བཞིན་དུ་མི་རིགས་ཀྱི་སྐད་ཡིག་འདི་ལ་སྲུང་བྱེད་པར་སྲིད་ཇུས་དང་འབོད་སྐུལ་བྱེད་བཞིན་ཡོད། དེ་བཞིན་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་ཆེད་དུ་རྩ་ཁྲིམས་རིམ་པ་བཞིན་དུ་སྤེལ་བཞིན་ཡོད།
      དེ་བཞིན་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་ཆེད་དུ་རྩ་ཁྲིམས་རིམ་པ་བཞིན་དུ་སྤེལ་བཞིན་ཡོད། དེ་ནས་ང་ཚོ་ལ་ཐུག་དུས་རང་ཉིད་ཀྱིས་ཀྱང་འདི་ལ་ཕ་མེས་ཟུངས་ཁྲག་ཞིག་འདི་ན་འདྲེས་ཡོད། རང་ཉིད་ཀྱི་མི་རིགས་ཀྱི་བླ་སྲོག་ཅིག་རེད་བསམ་པ་འདི་རང་མི་རིགས་ཀྱི་མཚོན་ རྟགས་དང་མཚོན་བྱེད་ཅིག་རེད་བསམ་ཐུབ་ན་དེ་ལས་ཀྱང་རང་ཉིད་མི་རིགས་ཤིག་ཡིན་པའི་ཆ་ནས་ངོ་མི་ཚ་བའི་ཕྱིར་དང་། རང་ཉིད་མི་རིགས་ཤིག་ཡིན་པའི་ཆ་ནས་སྔོན་བྱོན་གོང་མ་རྣམས་ཀྱི་རེ་བ་མི་སྟོང་བ། མ་འོངས་པ་རྣམས་ཀྱི་སྣེ་ཁྲིད་མི་རྫོད་པ་ཞིག་བྱེད་པར་འབད་བརྩོན་ལྷོད་མེད་ཅིག་བྱེད་པར་ཧ་ཅང་གལ་ཆེན་པོ་རེད་བསམ་འདུག དེ་ནས་ལས་རིགས་ཁག་དང་ཡུལ་ཁག་སོ་སོ་ཚང་མས་འབད་བརྩོན་རེ་བྱས་ན་ཆེས་འོས་པར་འདུག དེའི་ཆ་ནས་བཤད་ན་ད་ལྟའི་འདི་རྣམས་སྐད་ཡིག་དོ་དམ་ཚོགས་པས་འདི་ལྟ་བུའི་བྱ་བ་ཞིག་སྤེལ་གྱིན་ཡོད་པ་དེ་ལ་རྗེས་སུ་ཡི་རང་དང་འབོད་སྐུལ་ནང་བཞིན་ཁོང་མཁས་པ་རྣམས་ཀྱིས་འདིར་སྐད་ཆ་རེ་འགའ་ཞིག་ཤོད་གསུང་དུས་རྟེན་འབྲེལ་མ་འཆུག་པ་ཙམ་དང་ཚང་མ་ལ་ཕྲན་གྱི་ལྟ་ཚུལ་ལ་ཤིན་ཏུ་གལ་ཆེན་པོ་རེད།  འདི་ལྟ་བུ་ཞིག་བྱས་ན་དངོས་ནས་རང་ཉིད་ཀྱི་མི་རིགས་ལ་དགའ་ཞེན་དང་། རང་མི་རིགས་ཀྱི་རྒྱུད་འཛིན་ཞིག་དང་འདིའི་སྟེང་ལ་བསམ་བློ་ཡོད་པ།  དེ་ནས་རང་གི་རང་ཚུགས་མ་ཤོར་བ་ཞིག་དང་།  ཕ་མའི་དྲིན་ལན་དང་།  བུ་ཕྲུག་ལ་ཕྱི་རྗེས་ཡིན་པ་དེ་ཤིན་ཏུ་ནས་ཀྱང་རང་ལ་ངོས་ཟིན་ཏོག་ཙམ་ཡོད་པས་ཁོང་རྣམ་པའི་བྱ་བ་འདི་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཞིག་རེད་ཅེས་བརྗོད་པའི་ཚུལ་ལྟ་བུ་ཞིག་ཏུ་སྐད་ཆ་འདི་ལྟ་བུའི་རེ་འགའ་ཞིག་ཁྱེད་རྣམས་ལ་ཞུས་པ་ཡིན་ལགས།
ཞི་བདེ་ཆོས་ཚོགས་ཆེན་མོའི་སྐད་ཡིག་དོ་དམ་ཚོགས་པའི་སྐད་ཡིག་སློབ་གསོའི་ཟེར་སྡེར་ལས་བཤུས།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/9/24 བལྟ་ཀློག (11624)