མདོ་འཛིན་པ་འཆི་མེད་དབང་མོར་མདོ་འཛིན་པའི་བྱ་དགའ་ཐོབ།

   ཟླ10པའི་ཚེས12ཉིན། ཀྲུང་གོའི་གསེར་གྱི་བྱ་གླག་བརྙན་འཕྲིན་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བ་དང་ཀྲུང་གོའི་བརྙན་འཕྲིན་གསེར་གྱི་བྱ་གླག་རྟགས་མ་སྐབས་ཉེར་བདུན་པའི་བྱ་དགའ་གནང་བའི་མཛད་སྒོ་ཧུའུ་ནན་ཁྲང་ཧྲ་རུ་བསྡུས་ཤིང་། ཁམས་པ་བརྙན་འཕྲིན་གྱི་མདོ་འཛིན་པ་འཆི་མེད་དབང་མོར་མཆོག་གྱུར་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པའི་བྱ་དགའ་ཐོབ་པ་རེད།
  འཆི་མེད་དབང་མོ་ལགས་ནི་སྤྱི་ལོར2000ལོར་དར་མདོ་མི་རིགས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་ལ། ལོ་དེར་དར་མདོ་རྫོང་བརྙན་འཕྲིན་ཁང་དུ་ཕྱག་ལས་གནང་།  གཙོ་བོ་མདོ་འཛིན་དང་།  གསར་འགོད་པ། བོད་རྒྱ་སྐད་གཉིས་ལོ་ཙཱ་སོགས་ཀྱི་ལས་ཀ་གཉེར་ནས་སྨྱན་སྦྱོར་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས། 2009ལོའི་ཟླ9པ་ནས་ཁམས་པ་བོད་སྐད་བརྙན་འཕྲིན་དུ་ལས་གནས་སྤོར་ནས་གསར་འགྱུར་རྒྱང་སྒྲོག་པའི་འགན་བཞེས་ཀྱིན་ཡོད་པ་རེད།

ཐོག་མར་འདི་ནས་ངས་སྙིང་ཐག་པ་ནས་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུ།

      ང་རང་ནི་ཁམས་མི་ཉག་སྐྱ་གད་ལུང་པ་ནས་ཡར་སྐྱེས་པའི་ཞིང་པའི་བུ་མོ་ཞིག་ཡིན།ཕ་མ་དང་།དགེ་རྒན།ཁྱིམ་མི། སློབ་གྲོགས།ལས་རོགས། གཉེན་ཉེ། གྲོགས་པོ།ད་དུང་ངས་ངོ་ཤེས་པ་དང་ངོ་མི་ཤེས་པའི་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་འདི་འདྲའི་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མེད་ན།བརྙན་འཕྲིན་གྱི་བགྲོད་ལམ་འདིའི་ཐོག་འགྲོ་བའི་སྙིང་སྟོབས་དང་སྤོབས་པ་ང་ལ་ཡོད་མི་སྲིད།

       ཐེངས་འདིའི་རྒྱལ་ཡོངས་བརྙན་འཕྲིན་ལས་རིགས་ཀྱི་ཆེས་གཟབ་རྒྱས་ཆེ་བའི་སྤྲོ་ཚོགས་ཐོགཕྲན་ལ་ཕུལ་བྱུང་མདོ་འཛིན་པའི་གཟེངས་རྟགས་ཤིག་ཐོབ་པ་མ་ཟད། ད་རུང་རང་མི་རིགས་ཀྱི་རྒྱན་གོས་གྱོན་ནས།བོད་སྐད་ཚིག་གཅིག་གཉིས་བཤད་པའི་གོ་སྐབས་ཤིག་ཡོད་པར་སྤྲོ་སེམས་རབ་ཏུ་ཆེ།

       གཟེངས་བསྟོད་དགོང་ཚོགས་འདི་བརྙན་འཕྲིན་ནས་ཐད་གཏོང་བྱས་པ་དང་བསྟུན།   མི་མང་པོ་ཞིག་གིས་འཕྲིན་ཐུང་དང་།ཁ་པར། པོད་འཕྲིན།འཕྲིན་ཕྲན་ལ་སོགས་པ་བརྒྱུད་ནས་ང་ལ་རྟེན་འབྲེལ་དང་དགའ་སྤྲོ་གནང་བྱུང་བར་མ་ཚད་དུས་ནམ་ཡང་ཁྱེད་ཚོས་ང་ལ་རྒྱབ་སྐྱོར་ཡོད་པར་སེམས་འགུལ་ཆེན་པོ་ཐེབས་བྱུང་།

འདས་ཟིན་པའི་ལོ་ཟླ་ནང་ང་ལ་མི་འདང་ས་མང་པོ་ཡོད་ཀྱང་ཚང་མས་སྐུལ་སློང་གང་མང་གནང་བྱུང་།  མ་འོངས་པའི་མི་ཚེའི་བགྲོད་ལམ་ཐོག་ཏུ་རུང་འབད་བརྩོན་བྱ་དགོས་ས་མང་པོ་ཡོད་དེ།  ངས་ཀྱང་འབད་འབུངས་བྱས་དང་བྱེད་ངེས་ཡིན།

མཇུག་མཐར་ལྷན་རྒྱས་ལ་ལུས་ལ་ན་ཚ་མེད་པ་དང་སེམས་ལ་སྡུག་བསྔལ་མེད་པ།  བྱ་བ་ལམ་འགྲོ་ཡོང་བར་སྨོན།



རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/10/13 བལྟ་ཀློག (10765)