འོད་སྙེག་མཐུན་གྲོས་འོས་སྦྱོར།

  མགོ་ལོག་རྭ་རྒྱའི་འོད་སྙེག་མཐུན་གྲོས་ནི་སྤྱི་ལོ༢༠༡༡ལོའི་ལོ་མཇུག་ཏུ་ཁ་ཕྱོགས་དང་དམིགས་ཡུལ་གཅིག་པའི་གྲོགས་པོ་སྐོར་ཞིག་སྟེ་གྲྭ་གྲོང་བདུན་ལས་གྲུབ་པའི་ཚན་ཆུང་ཞིག་ཡིན་ལ། རང་ས་གནས་ཀྱི་སློབ་གསོའི་གནས་བབ་དང་ཆུང་འབྲིང་སློབ་མའི་དགོས་མཁོར་དམིགས་ཏེ་༼ཟབ་སྦྱོང་༽དང་༼བགྲོ་གླེང་།༽  རིག་གཞུང་འཆད་ཁྲིད། ༽༼ སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་ ༽༼ སློབ་གྲྭ་ཆེ་འབྲིང་གི་གསར་རྩོམ་འགྲན་བསྡུར་  ༼ནང་ཆོས་དང་རྩོམ་རིག་ཤེས་བྱའི་འགྲན་གླེང་ ༽སོགས་སློབ་རའི་སྐྱེད་ཚལ་ན་ཤེས་རིག་གི་སྦྲང་རྩི་ལ་ངོམས་མེད་དུ་རོལ་བཞིན་པའི་སློབ་ཕྲུག་གཞོན་ནུ་དག་གི་ཕུགས་བསམ་གསེར་གྱི་ཁོ་ལག་རྒྱས་ཕྱིར་བརྩོན་མུས་སུ་ཡོད་ལ། ད་ལྟའི་བར་དབྱངས་གསལ་ལ་འཁྱུད་པའི་རྣམ་ཤེས་ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་ཐེངས་གཉིས་དང་ལོ་རེ་རེའི་སྐར་འོད་གསབ་སྦྱོང་འཛིན་གྲྭ་སྟེ་༼ བློ་རིག་དང་གྲུབ་མཐའ་། ༽༼ དབྱིན་ཡིག ༽༼ ཡིག་གཟུགས་འཛིན་གྲྭ ༽སོགས་འཛིན་གྲྭ་བཅུ་ཕྲག་ལྷག་བསྒྲུབས་པ་དང་། མི་སྒེར་དང་སློབ་སྦྱོང་། ན་གཞོན་དང་ཕུགས་བསམ། ཤེས་རབ་ཀྱི་འོད་སྣང་སོགས་འཆད་ཁྲིད་དང་རང་མོས་བགྲོ་གླེང་སོགས་རིགས་མི་འདྲ་བ་ཐེངས་དུ་མར་སྤེལ་མྱོང་།



    ད་ལོར་ཡང་ཕྱི་ནང་གི་དཀའ་ཁག་གང་མང་ཞིག་ལ་གདོང་གཏད་ནས་མི་རིགས་སློབ་གསོ་འཕེལ་རྒྱས་དང་རིག་གནས་བསམ་བློ་ཡར་སྐུལ་ལ་ཅུང་ཙམ་ཕན་པའི་རེ་སྨོན་ཙམ་འཆང་སྟེ་སྐབས་དང་པོའི་༼དུས་ཀྱི་སྨྲ་ལྕེ་༽རིག་གཞུང་བགྲོ་གླེང་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས་པ་ཡིན་ལ། ཐེངས་འདིའི་རིག་གཞུང་བགྲོ་གླེང་སྟེང་བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་འཇིགས་མེད་རྒྱལ་མཚན་མཆོག་དང་སྙན་ངག་སྨྲ་བའི་དེད་དཔོན་འཇུ་སྐལ་བཟང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་བཤད་སྒྲུབ། བོད་རིག་པའི་ཆེད་མཁས་པ་ལྡོང་ནོར་སྡེ། དགེ་བཤེས་བསོད་ནམས་བཟང་བོ།  དགེ་བཤེས་བློ་བཟང་ཡར་རྒྱས། གྱི་ལིང་འཇིགས་མེད། སྙན་བཟང་བ་དགེ་འདུན་སོགས་བོད་ཁམས་ན་མིང་དུ་གྲགས་པའི་མཁས་པ་དང་། དགེ་བཤེས། དགེ་རྒན་ཆེན་མོ། སློབ་གསོ་བ། ཞིབ་འཇུག་སློབ་མ། སློབ་ཆེན་སློབ་མ་སོགས་མི་སྣ་ཉིས་བརྒྱ་ལ་ཉེ་བ་ཞིག་ཚོགས་འདུར་ཞུགས་ཤིང་། ཆེད་མཁས་པ་ཉི་ཤུ་ལྷག་གིས་ཕྱོགས་དང་ཟུར་མི་འདྲ་བའི་སྒོ་ནས་གསུང་བཤད་གནང་ཞིང་། ཕྱི་དྲོར་དུས་ཚོད་གཅིག་ལྷག་གི་ཡུན་ལ་རང་མོས་བགྲོ་གླེང་གི་སྒོ་ནས་དྲི་བ་དྲིས་ལན་བྱས་ཏེ་མཐར་རྒྱལ་ཁའི་ངང་ནས་མཇུག་བསྒྲིལ། །

འོད་སྙེག་མཐུན་གྲོས་ཚོགས་པ་ནས།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/12/30 བལྟ་ཀློག (35250)