མགོ་ལོག་འཇམ་ཚང་བཟའ་གཡང་སྐྱིད་ལགས་ཀྱིས་དཔལ་ལྡན་རྒྱུད་བཞི་ཧྲིལ་བོ་བློ་རྒྱུགས་ཕུལ་བ།
ཕྱི་ལོ་༢༠༡༥ལོའི་ཟླ་༡པའི་ཚེས་༢ཉིན་མདོ་ཁམས་མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ། ཕུལ་བྱུང་མཛངས་མ་མགོ་ལོག་འཇམ་བཟའ་གཡང་སྐྱིད་ལགས་ཀྱིས། ལོ་མང་གི་ཧུར་བརྩོན་བརྒྱུད། གངས་ཅན་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ། དཔལ་ལྡན་གསོ་བ་རིག་པའི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་སྟེ། རྩ་བ་ཐུགས་ཀྱི་རྒྱུད་དང་། བཤད་པ་སྐུ་ཡི་རྒྱུད། མན་ངག་ཡོན་ཏན་གྱི་རྒྱུད། ཕྱི་མ་ཕྲིན་ལས་ཀྱི་རྒྱུད་བཅས་ཤོ་ལོ་ཀ་ལྔ་སྟོང་དགུ་བརྒྱ་སུམ་ཅུ་རྩ་ལྔ་དང་ཕྱེད་དུས་གཅིག་ལ་མཁས་མང་འདུས་པའི་དབུས་སུ་བློ་རྒྱུགས་ཕུལ་བས།
བོད་རིགས་བུད་མེད་འཚོ་བྱེད་མའི་སྡེ་ལས་དཔལ་ལྡན་རྒྱུད་བཞི་ཧྲིལ་བོ་དུས་གཅིག་ལ་ཚོགས་མང་འདུས་པའི་དབུས་སུ་བློ་རྒྱུགས་ཕུལ་མཁན་རང་རེའི་གསོ་དཔྱད་ལོ་རྒྱུས་ཐོག་སྔར་མ་གྲུབ་པར་སྨྲ་དཀའ་ཡང་། ཡོངས་སུ་མ་གྲགས་པ་ཞིག་མིན་ནམ་སྙམ་པས། དེ་ལྟ་ན་མཚན་སྙན་གྱི་གཟི་བརྗིད་འདི་ནི་བོད་ལུགས་གསོ་བ་རིག་པའི་ལོ་རྒྱུས་ཟིན་ཐོའི་ཁྲོད་ཀྱི་བསྙེལ་བྱང་གསར་བ་ཞིག་ཏུ་ཆགས་པར་མི་རིགས་སམ།
ཐེངས་འདིའི་མཛད་སྒོའི་སྟེང་དུ། སྙིགས་དུས་ཀྱི་རྣལ་འབྱོར་བ་ཆེན་པོ་བྱ་བྲལ་ཆོས་དབྱིངས་རིན་པོ་ཆེ་དང་། རིག་པའི་གནས་ལྔ་དག་ལ་གཟིགས་པ་མཆོག་ཏུ་ཡངས་པའི་མཁས་པའི་དབང་པོ་དགེ་བཤེས་བདེ་ལེགས་རབ་རྒྱས། དེང་རབས་བོད་ཀྱི་སྙན་ངག་པ་གྲགས་ཆེན། ཞུས་ཆེན་གྱི་ལོ་ཙཱ་བ་ཆེན་པོ་འཇུ་སྐལ་བཟང་། མགོ་ལོག་བོད་སྨན་ཁང་གི་སྨན་སྤྱི་བ་དུང་གཅེས། གེ་སར་རིག་གནས་སྨྲ་བ་ཐུབ་བསྟན་དར་རྒྱས། མགོ་ལོག་བོད་སྨན་ཁང་གི་གླིང་གཙོ་གཞོན་པ་འབུམ་རམས་པ་དབལ་ཤུལ་བསང་བདག་ཚེ་རིང་སོགས་ཆེད་མཁས་མི་སྣ་དང་།སློབ་བུ་སུམ་བརྒྱ་ལྷག་ཚོགས་འདུར་ཞུགས།མཁས་དབང་སོ་སོས་གསུང་བཤད་གང་མང་གནང་ཞིང་།
ཁྱད་པར་དུ། མཁས་པའི་དབང་པོ་དགེ་བཤེས་བདེ་ལེགས་རབ་རྒྱས་ལགས་ཀྱིས་བོད་ལུགས་གསོ་བ་རིག་པའི་ཁྱད་ཆོས་དང་འབྲེལ། བོད་སྨན་པའི་ཀུན་སྤྱོད་དང་འབྱུང་འགྱུར་སོགས་ལས་འཕྲོས་ཏེ་བཀའ་སློབ་གང་མང་བསྩལ།
མཁས་དབང་འཇུ་སྐལ་བཟང་ལགས་ཀྱིས། བོད་ལུགས་སྲོལ་རྒྱུན་གསོ་རིག་གི་ཕྱི་མོ་དཔལ་ལྡན་འདི་ཉིད་ཆ་ཚང་བར་བློ་རྒྱུགས་ཕུལ་བ་ནི། ཆེས་ཡ་མཚན་ཞིང་གཟེངས་སུ་ཐོན་པའི་གྲུབ་འབྲས་རླབས་པོ་ཆེ་ཞིག་སྟེ། ཁོ་བོས་བསམ་ན་འདི་འདྲ་ནི་དེང་གི་ཆ་ལ་མཚོན་ན།ཕལ་ཆེར་འཛམ་གླིང་གི་ཟིན་ཐོ་ལས་ཀྱང་བརྒལ་བ་ལྟ་བུར་མི་འགྱུར་རམ། ཞེས་སོགས་ལས་འཕྲོས་ཏེ་གལ་ཆེའི་གསུང་བཤད་གནང་།

༼གླིང་འདི་ནས་རྒྱུད་བཞི་ཧྲིལ་བོ་ཐུགས་རྒྱུགས་ཕུལ་མཁན་གྱི་སློབ་མ།༽
གཡས། བླ་བྲང་བཀྲ་ཤིས་རྒྱ་མཚོ། གཡོན། བཱ་ཡན་འཇིགས་མེད་རྣམ་རྒྱལ།དབུས། མགོ་ལོག་འཇམ་ཚང་བཟའ་གཡང་སྐྱིད།

ཆེད་མཁས་མི་སྣ་དང་བློ་རྒྱུགས་ཕུལ་མཁན་གྱི་མཉམ་སྒྲོན་འདྲ་པར།

མཇུག་མཐར་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་སྤྱི་བ་སྨན་རམས་པ་ཚུལ་ཁྲིམས་དར་རྒྱས་ལགས་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་གི་བྱ་བ་སྤྱི་སྡོམ་དང་། བོད་ཀྱི་གསོ་བ་རིག་པའི་བསྟན་པ་ལ་ཐུགས་ཁུར་བླ་མེད་གནང་མཁན་གྱི་མཁས་དབང་རྣམས་ལ་བཀའ་དྲིན་ཞུས་ཏེ་མཇུག་ལེགས་པར་གྲུབ།