ནུབ་བྱང་སློབ་ཆེན་གྱི་དགེན་སྟག་ལྷ་ཚེ་བརྟན། བསམ་ཚུལ་རྒྱུས་ལོན།


    དྲི་བ། 

       ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་སྟག་ལྷ་ཚེ་བརྟན་ལགས་ཁྱེད་ཀྱིས་བལྟས་ན་གླུ་བ་དང་གླུ་མའི་གཞས་ཚིག་དང་བརྙན་རིས་ཡི་གེ་དང་བཅས་པས་བོད་སྐད་གཅིག་གྱུར་དང་ཕ་སྐད་གཙང་མ་ཤོད་རྒྱུར་ཕན་ནུས་ཐོན་ནམ།

    ལན། 

       ཁྱོད་ཀྱི་དྲི་བ་འདི་ནི་ད་ལྟའི་འཕེལ་རྒྱས་འགྲོ་བཞིན་པའི་བོད་ཀྱི་གློག་བརྙན་འཕྲིན་རིག་གནས་ལ་འཕྲད་བཞིན་པའི་གནད་དོན་གལ་ཆེན་ཞིག་རེད་འདུག་སྙམ། དེ་ཡང་གློག་བརྙན་དང་བརྙན་འཕྲིན་གྱིས་མཚོན་པའི་རིག་གནས་དང་ཚན་རྩལ་དེ་དག་དང་བོ་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་དག་ནས་དར་གཞི་རྒྱས་ཤིང་། རིམ་གྱིས་རྒྱ་ཡུལ་ནས་བོད་ཡུལ་དུ་དར་འགོ་བརྩམས། དེ་རིང་བོད་མི་བྱིངས་ཀྱི་འཚོ་བའི་ཁྲོད་ལོངས་སུ་སྤྱོད་ཐུབ་པ་ལ་དོན་དངོས་ཐོག་ཚོད་ལྟའི་རང་བཞིན་གྱི་འགག་སྒོ་རབ་དང་རིམ་པ་ཞིག་བརྒྱུད་ཡོད་པ་རེད་ལ། ལྷག་པར་དུ་བོད་ལྗོངས་དང་མཚོ་སྔོན་སོགས་སུ་བོད་སྐད་ཀྱི་རིག་རྩལ་དགོངས་ཚོགས་བརྙན་འཕྲིན་ཁྲོད་བསྟན་པ་དེས་བོད་ཀྱི་གླུ་བ་གླུ་མ་རྣམས་ལ་སྒེར་གྱི་གླུ་སྡེར་དང་བརྙན་སྡེར་འདོན་པར་ལམ་ཁ་གསར་བ་ཞིག་ ཕྱེས། སྟོང་ལོ་གཉིས་པ་ཚུགས་པ་ནས་ད་ལྟའི་བར་གྱི་ལོ་བཅུའི་ནང་གླུ་བ་གླུ་མའི་མི་འབོར།གཞས་དང་བདུང་ལེན་གྱི་རྣམ་གྲངས་སོགས་འཕེལ་རྒྱས་ཀྱི་འགྲོས་ཧ་ཅང་མྱུར་བའི་སྣང་ཚུལ་ཐོན་ཡོད་ལ། སྒྱུ་རྩལ་ཁྱད་ཆོས་ཀྱི་སྟེང་ནས་ཀྱང་མངོན་སྟངས་མི་འདྲ་བ་དུ་མ་ཞིག་ཐོན་འདུག་པ་མ་ཟད། དེ་དང་འབྲེལ་བའི་གར་སྟེགས་མཛེས་རྩལ་དང་འཁྲབ་སྟོན་པའི་འཆམ་ལྭ་སོགས་ཀྱི་གསར་བསྒྱུར་ཇུས་འགོད་ཐད་ལའང་འཕེལ་འགྱུར་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་བཅས་གྲུབ་འབྲས་གང་ལ་གང་འཚམས་ཤིག་ཐོབ་འདུག་པ་ནི་སྨྲ་མ་དགོས་སོ། །

        འོན་ཏེ་གསར་བ་ཐམས་ཅད་བཟང་བ་ཡིན་པའི་ངེས་པ་སུ་ལའང་མེད་དེ། ལྷག་པར་དུ་དུས་བབས་འདི་འདྲ་ཞིག་ལ་མཚོན་ན། འཇིག་རྟེན་ཧྲིལ་བོ་གློག་རྩིས་དྲ་བས་བསྡམས་པའི་བར་གསེང་ནས་མི་མང་པོ་ཞིག་བོར་བརླག་དུ་འགྲོ་བཞིན་ཡོད་ཀྱང་། བོར་པ་མིས་མི་ཤེས། བརླགས་པ་རང་གིས་ཀྱང་མི་ཤེས། སོ་སོའི་མི་རིགས་ཀྱི་ལོ་རྒྱུས་དང་ཆོས་སྲིད་རིག་གནས་གང་ཡང་མི་ཤེས་པར་གཞན་ལ་ལད་མོ་ཁོ་ནས་དུས་འདའ་ཞིང་། ཁ་བ་གངས་ཅན་པའི་དྲི་མ་ཙམ་ཡང་མེད་པར་བོད་ཀྱི་གླུ་བ་དང་གླུ་མའི་མཚན་སྙན་བརྐུ་འཕྲོག་བྱས་ཏེ་རྒྱལ་སྐུག་ང་རྒྱལ་ཅན་འགའི་ལག་ཏུ་སྤྲེའུ་བཞིན་བགད་མོ་ཚེར་ཚེར་གྱིས་འཚོ་བ་དེ་དག་ནི་ཨེ་ཛིའི་ནད་ཡམས་བཞིན་འདོར་བར་རིགས་ཏེ། རྒྱ་ངོ་མས་རྒྱ་གོ་མི་ཆོད་པར་བོད་ལ་བརྫུས་ཏེ་བོད་གཞས་རྫུན་མ་ལེན་པ་དང་རྒྱ་བོད་གཉིས་ལ་མི་འཐུས་པ་ར་འགོ་ལུག་སྦྱར་གྱི་གླུ་བ་རྫུན་མ་དེ་དག་གིས། ཁུངས་ལུང་ཅི་ཡང་མེད་པའི་ཆ་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པའི་གཞས་ཚིག བོད་པའི་གཤིས་ལུགས་དང་རྒྱབ་ཀྱིས་ཕྱོགས་པའི་འཁྲབ་སྟངས་དེ་དག་གིས་ང་ཚོའི་པད་དཀར་ལྟར་འཇམ་པའི་ཕྱི་རབས་པའི་སེམས་རྒྱུད་ལ་དུག་གི་ས་བོན་འདེབས་བཞིན་པ་ངོ་ཤེས་དགོས་སོ། །

       རྒྱུ་མཚན་དེ་དག་དང་དེ་དག་གི་ཆེད་དུ། གླུ་བ་གླུ་མའི་གཞས་ཚིག་དང་བརྙན་རིས་ཡི་གེ་དང་བཅས་པས་བོད་སྐད་གཅིག་གྱུར་དང་ཕ་སྐད་གཙང་མ་ཤོད་རྒྱུར་ཕན་ནུས་ཐོན་ཐུབ་

པ་ནི་སྨྲ་མ་དགོས་པ་ཞིག་དང་།  དེ་ནི་རོལ་མོའི་ཕྱག་ལས་གནང་མཁན་གྱི་གླུ་བ་གླུ་མ་དང་དེ་ལ་དཔུང་གཉེན་དུ་གློག་བརྙན་དང་བརྙན་འཕྲིན་ཇུས་འགོད་ལས་སྣོན་ཐད་ཀྱི་ཆེད་ལས་སྒྱུ་རྩལ་བ་རྣམས་པས་ཕུགས་འདུན་ཡོད་པའི་སྒོ་ནས་རོགས་འདེགས་གང་ལེགས་གནང་བར་རིགས་སོ། །

མི་རིགས་ཤིག་འབྱོར་ཕྱུག་དང་དཔལ་ཡོན་ལྡན་པའི་སྤྱི་ཚོགས་སུ་སླེབས་ཡོད་མེད་ཀྱི་ཚད་གཞི་གཅིག་ནི་མི་རིགས་དེའི་མི་རེར་དངུལ་ལོར་ཅི་ཙམ་ཡོད་མེད་ལ་རག་མི་ལུས་པར་རིག་གནས་དང་སྒྱུ་རྩལ་ཤེས་བཞིན་ལོངས་སུ་སྤྱོད་པའི་ཚད་དམ་གོ་རྟོགས་ཀྱི་སྟེང་ནས་འཇོག་གི་ཡོད་པ་རེད།  དེས་ན་མི་རིགས་གང་ཞིག་འདས་པའི་དུས་སུ་དར་མྱོང་བ་ནི་མི་རིགས་དེའི་སྲོལ་

རྒྱུན་སྒྱུ་རྩལ་ལས་ཤེས་ཐུབ་ལ། མ་འོངས་པར་དར་རྒུད་ཅི་ཞིག་འབྱུང་རྒྱུ་ཡིན་མིན་ནི་ད་ལྟ་ལོངས་སུ་སྤྱོད་བཞིན་པའི་རིག་གནས་སྒྱུ་རྩལ་གྱི་རྨང་གཞིའི་སྟེང་ནས་ཤེས་ཐུབ་པ་ཞིག་རེད་སྙམ།  རྒྱུ་མཚན་དེའི་དབང་གིས་ད་ལྟ་ང་ཚོའི་མིག་ཡིད་རྣ་བའི་སྤྱོད་ཡུལ་དུ་གྱུར་བའི་གླུ་བ་གླུ་མ་དང་གློག་བརྙན་འཁྲབ་སྟོན་པ་འདི་དག་ནི་ཕྱོགས་གཅིག་ནས་དུས་རབས་འདིའི་རིག་གནས་སྒྱུ་རྩལ་བྱ་བཞག་གོང་སྤེལ་དུ་གཏོང་མཁན་གྱི་བྱེད་པོ་ཡིན་ལ་དུས་མཉམ་དུ་ཁོང་ཚོའི་འཁྲབ་སྟོན་དང་འཁྲབ་སྟོན་མ་ཡིན་པའི་འཚོ་བ་དངོས་ཁྲོད་ཀྱི་སྤྱོད་ལམ་མཐའ་དག་ཀྱང་དུས་རབས་འདིའི་རིག་གནས་སྒྱུ་རྩལ་གྱི་ཐོན་དངོས་ཤིག་ཡིན་ཆོག་ན། ཁོང་ཚོའི་འགྲོ་འདུག་སྤྱོད་སྟངས་ཀྱིས་ཁོར་ཡུག་གི་མི་རྣམས་ལ་མངོན་ལྐོག་གཉིས་ནས་ཤུགས་རྐྱེན་ཆེན་པོ་ཞིག་རྒྱ་ཁྱབ་ཏུ་ཐེབས་བཞིན་ཡོད་འདུག དེའི་ཕྱིར་ཁོང་རྣམ་པ་ཚོས་སོ་སོའི་སྐད་ངག་དང་སྒྱུ་རྩལ་འཁྲབ་སྟོན་ལ་དོ་སྣང་བྱེད་རྒྱུ་ནི་མི་སྒེར་སོ་སོའི་མཛེས་ཉམས་ངོམ་པ་ཙམ་དང་ཡང་ན་སོ་སོའི་སྙན་གྲགས་རྒྱས་ཕྱིར་ཙམ་མ་ཡིན་པར། དེ་ནི་མི་རིགས་ཤིག་གི་ཕྱིའི་སྤྱོད་ལམ་དང་ཆ་ལུགས་ཀྱི་མཛེས་པ་དང་ནང་མི་གཤིས་ཀྱི་མཛེས་པའི་ཡོན་ཏན་ཕྱི་རུ་མངོན་པའི་ནུས་རྩལ་ཁྱད་པར་བ་ཞིག་སྟེ། དེ་ལྟ་བའི་འཇོན་ནུས་དེ་ལྷན་སྐྱེས་སམ་སྦྱང་སྟོབས་གང་ལས་བྱུང་ཡང་མི་རིགས་ཤིག་གི་ཤེས་རིག་ཡུན་དུ་གནས་པར་འགན་བབས་རླབས་པོ་ཆེ་ཡོད་པ་ཅིས་ཀྱང་མཁྱེན་དགོས་སོ། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/3/23 བལྟ་ཀློག (37470)