གླུ་དབྱངས་སྒྱུ་རྩལ་སྐོར་གྱི་བསམ་ཚུལ་རྒྱུས་ལོན།


  དྲི་བ།

       རིག་གནས་ཡར་སྤེལ་དུས་དེབ་རྩོམ་སྒྲིག་པ་རྫ་ཤུལ་བློ་བཟང་རྒྱ་མཚོའམ་རྨ་ཡུལ་སྨེ་བདུན་ལགས་ཁྱེད་ཀྱིས་བལྟས་ན་མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་ལ་མཚོན་ན་གླུ་དང་བདུང་ལེན་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན་ནམ།

 ལན།

      མི་རིགས་ཤིག་ལ་མཚོན་ན་གླུ་དང་བདུང་ལེན་ནི་ཆེས་གལ་འགང་ཆེ་བ་ཞིག་ཡིན་མིན་ནི། གཙོ་བོ་མི་རིགས་དེས་གླུ་དང་བདུང་ལེན་ལ་བཅངས་པའི་འདུ་ཤེས་འཛིན་སྟངས་དང་བསམ་བློའི་འཁོར་ཕྱོགས་བཅས་ལ་ཐུག་འདུག ཁོ་ཚོས་ངོས་ནས་བཤད་ན་སྒྲ་བདུང་ཤེས་པ་དང་གླུ་ལེན་ཐུབ་པ་ཙམ་གྱིས་མི་ཆོག་པར། སྤྱི་ཚོགས་ཀྱི་བདེ་སྡུག་དང་དུས་རབས་ཀྱི་འཕོ་འགྱུར་སོགས་ལ་ཁ་ཕྱོགས་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་གླུ་དང་བདུང་ལེན་བྱས་ན་ད་གཟོད་མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་ལ་མཚོན་ན་གླུ་དང་བདུང་ལེན་དེ་ཡང་གལ་འགངས་ཆེ་བ་ཞིག་ཏུ་བརྩི་ཆོག་ཆོག་རེད་སྙམ།

      སྤྱིར་ན་མི་རིགས་ཤིག་ལ་མཚོན་ན།  རིག་གནས། ཆབ་སྲིད། དཔལ་འབྱོར། ཡུལ་སྲོལ་གོམས་གཤིས་སོགས་ཡོད་ཚད་གལ་འགངས་ཆེ་བའམ་རྩ་ཆེན་ཡིན་པ་སྨོས་མ་དགོས་པ་ཇི་བཞིན། གླུ་དང་བདུང་ལེན་དེ་ཡང་གལ་ཆེན་ཞིག་ཏུ་བརྩི་དགོས་པར་གདོན་མི་ཟའོ། །

      ༡ གླུ་དང་ལ་གཞས། མགུར་གླུ་སོགས་ནི་དར་ཡུན་སྔ་བར་མ་ཟད། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཏེ། དཔལ་དོན་གྲུབ་རྒྱལ་གྱིས། གདོད་མའི་དུས་སུ་བྱུང་བའི་གླུ་དེ་དག་ནི་བོད་གངས་ཅན་གྱི་ཡུལ་དུ་འཚོ་བ་རོལ་བའི་གདོད་མའི་མི་རྣམས་ཀྱི་ཐུན་མོང་གི་བློ་གྲོས་ལས་བྱུང་བ་ཞིག་ཡིན་ལ། ཁོ་ཚོ་ཐུན་མོང་གིས་གསར་དུ་བསྐྲུན་པའི་ངག་ཐོག་གི་སྙན་ངག་ཀྱང་རེད། ངག་ཐོག་གི་སྙན་ངག་དེ་དག་ནི་བོད་གདོད་མའི་སྤྱི་ཚོགས་ཀྱི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང༌།དེས་གདོད་མའི་མི་རྣམས་ཀྱི་འདུ་ཤེས་དང༌། བསམ་བློ། དད་མོས་སོགས་མཚོན་ཡོད་པ་རེད། ཅེས་བཤད་པ་བཞིན། གླུ་ནི་གདོད་མའི་བོད་རིགས་མི་དམངས་ཀྱི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་རྣམ་པ་ཕྱིའི་ངག་ལ་གྱེར་ནས་བླངས་པའི་ངག་ཐོག་སྙན་ངག་ཅིག་ཡིན་པ་དང༌། ངག་ཐོག་སྙན་ངག་དེ་དག་ནི་སྤྱི་ཚོགས་དེའི་རྩོམ་རིག་གི་གྲུབ་ཆ་ཆེས་གལ་འགངས་ཆེ་བ་ཞིག་ཏུ་ངོས་འཛིན་དགོས་ཏེ། གླུ་ལེན་སྐབས་ཀྱང་དམིགས་ཡུལ་ངེས་ཅན་ཞིག་གི་འོག་ནས། སྤྱི་ཚོགས་དེའི་འཕོ་འགྱུར་སོགས་སྣང་ཚུལ་ལམ་མཐོང་ཚུལ་འདྲ་མིན་སྣ་ཚོགས་ལ་སྦྱར་ནས་བླངས་པ་ཞིག་ཡིན་པ། སྔོན་ཆད་བླངས་པའི་གླུ་དང་ལ་གཞས། མགུར་གླུ་སོགས་ཀྱི་ཚིག་ལ་བརྟག་ན་ཤེས་གསལ་ལྟར་ཡིན།

     ༢ བོད་ཀྱི་འབུད་བདུང་དཀྲོལ་གསུམ་གྱི་སྒྱུ་རྩལ་ལའང་ལོ་རྒྱུས་ཀྱི་བཤད་རྒྱུན་རིང་ཞིང༌། རིན་ཐང་ལྡན་པའི་རིག་གནས་རྩ་ཆེན་ཞིག་ཡིན། དེ་ནི་ཐོག་མར་དགོན་པ་ནས་དར་ཏེ། རིམ་གྱིས་དམངས་ཁྲོད་ལ་དར་ཁྱབ་བྱུང་བ་ཞིག་ཡིན་པ་ལོ་རྒྱུས་ཡིག་ཚང་ལས་ར་སྤྲོད་བྱེད་ཐུབ། དེ་ལས་བདུང་ལེན་སྒྱུ་རྩལ་དེ་ནི་སྟོད་མངའ་རིས་ནས་སྨད་ཨ་མདོའི་བར་ལ་རིམ་གྱིས་དར་བ་ཡིན་ཏེ། སྒྲ་སྙན་གྱི་མིང་ལ་ཡང་མངའ་རིས་སྒྲ་སྙན་ཞེས་པའི་འབོད་སྲོལ་འདི་གནའ་ནས་ད་བར་ཆགས་འདུག འདི་འབྱུང་ཁུངས་ཀྱི་ཆ་ནས་བཏགས་པ་ཡིན། གླུ་དང་བདུང་ལེན་གང་ཡིན་ཀྱང་བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་གོང་དུ་བཤད་པ་དེ་ལུགས་གནང་བཞིན་ནོ། །དེས་ན་ཚིག་རྩོམ་པ་བོ་དང༌། གླུ་ལེན་པ་བོ་གཉིས་ཀྱི་མཉམ་འབྲེལ་གྱིས་དོན་འདི་ལ་བསམ་གཞིགས་བྱས་ཏེ། འདས་སོང་གི་དོན་རྐྱེན་དང༌། ད་ལྟའི་གནས་ཚུལ། མ་འོངས་པའི་ཁ་ཕྱོགས་སོགས་དམིགས་ཡུལ་ངེས་ཅན་ཞིག་གི་སྒོ་ནས་དགའ་སྐྱོ་ཆགས་སྡང་གང་ཡོད་ཐམས་ཅད་ཕྱི་ངག་གི་རྣམ་པར་སྟོན་ཐུབ་པར་མ་ཟད། བོད་ཀྱི་དམངས་ཁྲོད་རིག་གནས་གླུ་དང་བདུང་ལེན་དེ་ཡང་ཉིན་རེ་ནས་ཉིན་རེར་ཡར་རྒྱས་གོང་འཕེལ་ཆེན་པོ་གཏོང་ཐུབ་ཀྱི་རེད་མ་གཏོགས་རི་བོ་མཐོ་ཚུལ་དང༌། ཆུ་བོ་དྭངས་ཚུལ་སོགས་རྐྱང་རྐྱང་བརྗོད་ནས་བསྡད་ན་དུས་རབས་ཀྱི་དགོས་མཁོ་དང༌། སྤྱི་ཚོགས་ཀྱི་བདེ་སྡུག་སོགས་གང་ཡང་མཚོན་ཐུབ་ཀྱི་མ་རེད་སྙམ།

      དོན་འདི་ལ་ཞིབ་འཇུག་བྱེད་མ་མྱོང་བའི་བདག་ལྟ་བུ་ལ་མཚོན་ན་ཅུང་བཤད་དཀའ་བའམ་འབྲི་མི་ཤེས་པའི་ཚོད་དུ་འདུག་ནའང་སྐྱ་རེངས་གློག་རིས་སྒྱུ་རྩལ་གཞུང་སྒྲུབ་ཁང་གིས་བཏོན་པའི་དྲི་བ་འདི་དང་དུ་བླངས་ཁུལ་བྱས་པའོ། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/3/25 བལྟ་ཀློག (38298)