འཆམ་མཐུན་སྤྱི་ཚོགས་གླེང་བའི་གཏམ།

༄༅། །འཆམ་མཐུན་སྤྱི་ཚོགས་གླེང་བའི་གཏམ།

 

༧སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེས་བརྩམས།

       དེ་ཡང་ནང་བའི་བསྟན་པ་ནི་འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ཡོངས་ན་མཚན་སྙན་ལྡན་ཞིང་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ།  འཛམ་གླིང་གི་ཤེས་རིག་ཁྲོད་དུ་གོ་གནས་ངེས་ཅན་ཟིན་པའི་རླབས་ཆེ་བའི་ཆོས་ལུགས་ཤིག་ཡིན་ལ།  མ་འོངས་འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་སྲུང་སྐྱོབ།  སྤྱི་ཚོགས་བདེ་འཇགས་བཅས་ལ་བླ་ན་མེད་པའི་ནུས་པ་འཐོན་ཞིང་སློབ་གསོའི་རིག་གནས་ཆེས་གལ་ཆེན་ཞིག་ཀྱང་ཡིན།  ནང་བའི་བསྟན་པ་འདི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ལྷག་བརྒྱུད་པའི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་ཡུལ་གྲུ་མང་བོར་དར་རྒྱས་བྱུང་ཡོད་ལ།  ལྷག་པར་ཏུ་བོད་ལ་མཚོན་ན། མི་རིགས་དང་རིག་གནས། ལོ་རྒྱུས། འཚོ་བ།  གོམས་གཤིས་སོགས་དང་ཤ་ཁྲག་བཞིན་འདྲེས་ཡོད་པར་མ་ཟད།  མི་རིགས་དེ་དང་མཉམ་དུ་ཁོ་ལའང་བསྒྱུར་བཅོས་དང་འཕེལ་འགྲིབ་ཀྱི་ལོ་རྒྱུས་མང་པོ་བྱུང་ཡོད།

       ཁོས་འགྲོ་བ་མིའི་རིགས་ཀྱི་བསམ་བློ་རིག་གནས་དང་གཞིའི་ཚན་རིག་སྲོག་ཤིང་དུ་བཟུང་ནས་རྒྱུ་འབྲས་ཀྱི་རིམ་པ།  སྐྱེ་བ་སྔ་ཕྱི།  བདེན་བཞིའི་བླང་དོར་སོགས་ལས་བརྩམས་ཏེ། གཞུང་བཀའ་པོད་ལྔ་དང་།  སྔགས་རྒྱུད་སྡེ་བཞིས་མཚོན་པའི་གཞུང་ལུགས་རྒྱ་ཆེན་པོ་ཁྱབ་སྤེལ་གནང་ཡོད་ལ།  དུས་མཚུངས་དགོན་སྡེ་འཛུགས་སྐྲུན་དང་། ཡང་ན། གསར་བཞེངས་བྱས་ཏེ་ནང་བསྟན་རིག་གནས་འཛིན་སྐྱོང་སྤེལ་བའི་ལྟེ་གནས་བཙུགས་པར་མ་ཟད།   སྤྱི་ཚོགས་དང་མཐུན་པ།   དུས་རབས་དང་མཐུན་པ།  མིའི་བསམ་བློ་དང་མཐུན་པར་གོང་འཕེལ་རྒྱ་ཆེན་པོ་བྱུང་ཡོད།

      གཞན་ཡང་།  མི་དང་མིའི་བར།  མི་དང་དུད་འགྲོའི་བར།  རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་བར་སྲུང་སྐྱོང་དང་བརྩེ་སེམས།  བདག་གཉེར་དང་དོ་དམ་བཅས་བྱས་ཏེ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལའང་བླ་ན་མེད་པའི་བྱས་རྗེས་བཞག་ཡོད།  དེས་ན་ངས་འདི་ནས་ནང་བསྟན་དང་དགོན་སྡེ།  ཆོས་བྱེད་མི་སྣ་བཅས་ཀྱིས་ཇི་ལྟར་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་སྐོར་རོབ་ཙམ་གླེང་བར་བྱ།

     གཅིག   དགོན་སྡེས་ཇི་ལྟར་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ།

     ༡ དུས་རབས་ཀྱི་འགྲོས་དང་བསྟུན་པ།

     དུས་རབས་ཀྱི་ཐད་ནས་བལྟས་ན། གནའ་རབས་དང་དེང་རབས་གཉིས་དུས་རབས་དང་སྤྱི་ཚོགས་མི་འདྲ་བའི་དབང་གིས་མིའི་བསམ་བློའི་གོ་རྟོགས་མི་འདྲ་བར་མ་ཟད།  དཔལ་འབྱོར་འཛུགས་སྐྲུན་དང་འཚོ་བའི་ཐབས་ལམ་ཀྱང་མི་འདྲ་བ་རེད།

དེས་ན་ནང་བསྟན་དང་ནང་བསྟན་དགོན་པ་ལ་མཚོན་ནའང་དུས་རབས་དང་མཐུན་པའམ་སྤྱི་ཚོགས་དང་མཐུན་པར་བྱེད་ན།   སློབ་གསོ་དང་ཡིག་རིགས།   འཚོ་བའི་ཐབས་ལམ་སྟེང་བསྒྱུར་བཅོས་དང་བྱེད་ཐབས་གསར་བ་མང་བོ་དང་ལེན་བྱས་ན་འགྲིག་གི་རེད་སྙམ།  དཔེར་ན།  གྲྭ་བཙུན་གྱིས་འཕྲུལ་རྟ་བཞོན་པ་དང་ཁ་པར་བཀོད་སྤྱོད་བྱེད་པ་འོས་མེད་ཀྱིས་དང་ལེན་བྱེད་དགོས་པ་ལྟ་བུ་རེད།

      དགོན་སྡེ་ཁག་གམ་བླ་སྤྲུལ།   དགེ་འདུན་པ་རྣམས་ཀྱིས་ཀྱང་དེང་རབས་ཀྱི་དངོས་ཡོད་འཚོ་བ་དང་མཐུན་པའི་རྣམ་པ་ཚན་རིག་སོགས་བེད་སྤྱད་ནས་རྒྱལ་ཁབ་དང་སྤྱི་ཚོགས།  མི་སྒེར་བཅས་ཀྱི་བྱ་བའི་ནུས་ཤུགས་འདོན་སྤེལ་བྱེད་དགོས་ལ།  བསྟན་པ་དང་རིག་གནས་ཀྱང་དུས་རབས་དང་མཐུན་པ།  སྤྱི་ཚོགས་དང་མཐུན་པ།   མིའི་བསམ་བློ་དང་མཐུན་པར་བེད་སྤྱོད་གཏོང་བའི་ཐབས་ལམ་འཚོལ་དགོས་པ་རེད།

      སྤྱིར་སངས་རྒྱས་ཀྱི་དགོངས་པ་ནི་བསམ་པ་བཟང་བོ་བྱེད་པ་དང་གཞན་ཕན་ལས་ལ་བརྩོན་པ།   འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕ་མའི་འདུ་ཤེས་བཞག་སྟེ་བྱམས་སྐྱོང་དང་སྙིང་རྗེ་ལྡན་པ་བྱེད་དགོས་རྒྱུ།   ནམ་མཁའ་དང་མཉམ་པའི་སེམས་ཅན་དེ་དག་གི་ཆེད་དུ།   རང་ཉིད་ཀྱིས་ལམ་ཡང་དག་པར་སློབ་རྒྱུ་དང་གཞན་ལམ་དེ་ལ་ཁྲིད་དེ་སྡུག་བསྔལ་དང་འཁོར་བ་ལས་གྲོལ་རྒྱུ་དེ་ཡིན། དེ་ལ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།   སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ།   བསྡུ་བའི་དངོས་པོ་བཞིས་གཞན་རྗེས་སུ་འཛིན་པ་ཞེས་བཤད།

     འདི་འདྲ་བའི་བསམ་བློ་རྨད་དུ་བྱུང་བའི་གོ་རྟོགས་ནི་དུས་རབས་དང་སྤྱི་ཚོགས་གང་ལའང་མི་མཐུན་པ་མེད་ཀྱང་ངས་བཤད་པའི་ཐབས་ལམ་འཚོལ་བ་ནི་དེང་རབས་ཀྱི་ཆ་རྐྱེན་གསར་བ་དང་།  སྤྱི་ཚོགས་ཚན་རིག  རིག་གནས།  སྒྱུ་རྩལ།  སྟབས་བདེ་སོགས་ཀྱི་རྣམ་པ་འཚོལ་བསྡུ་བྱ་རྒྱུ་དེ་ཡིན།

     ༢ རླབས་ཆེན་གྱི་མིག་དཔེ་རྒྱུན་འཁྱོངས་བྱེད་པ།

     དེ་ཡང་པཎ་ཆེན་རིན་པོ་ཆེའི་མཆོག་གིས་རྒྱལ་གཅེས་ཁྲིམས་སྲུང་དང་ཆོས་གཅེས་སྡོམ་སྲུང་གི་སློབ་སྟོན་གནང་སྟེ་སློབ་གསོ་དང་བསམ་བློ་གཅིག་སྒྲིལ་གྱི་མདུན་ལམ་བསྟན་པ་དང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་ནས་གྲུབ་མཐའ་ཆེན་པོ་ས་དགེ་བཀའ་རྙིང་བཞི་དང་བོན་པོ་བཅས་ཀྱི་བསྟན་པ་འཛིན་པའི་མི་སྣ་བསྐྱེད་བསྲིངས་བྱས་པ།  མཚོ་ལྷོ་དགེ་འོས་སློབ་གྲྭ་སོགས་སློབ་གྲྭ་མང་པོ་བཙུགས་པ།   གངས་ཅན་ཀུང་ཟི་བཙུགས་ནས་བོད་གངས་ཅན་གྱིས་མཚོན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཛུགས་སྐྲུན་ལྟེ་གནས་བསྐྲུན་པ་བཅས་དེང་རབས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་སྦྱོར་བྱེད་པའི་ཐབས་ལམ་ཡང་དག་བསྟན་ཡོད།

      དེས་ན་ང་ཚོས་ཀྱང་ཁོང་གི་སློབ་སྟོན་དང་སྤྱི་ཚོགས་རིང་ལུགས་དང་མཐུན་སྦྱོར་བྱེད་པའི་ཐབས་ལམ་འདི་དག་ཡིད་ལ་བཟུང་ནས་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བའི་ཁ་ཕྱོགས་གསར་བ་བརྩོན་ལེན་བྱེད་དགོས་པར་མ་ཟད།   ས་གནས་མང་ཚོགས་ལ་འགོ་ཁྲིད་ནས་མ་འོངས་ཚན་རིག་འཕེལ་རྒྱས་ཀྱི་ཕྱོགས་ལ་འབད་བརྩོན་བྱེད་དགོས།

 ༼༡༽ཚན་རིག་འཕེལ་རྒྱས་ཆེ་ཞིང་དཔལ་དང་སྟོབས་འབྱོར་ལྡན་པའི་མི་རིགས་སྔོན་ཐོན་ལ་སློབ་སྦྱོང་བྱེད་པ་དང་།  འབྲེལ་ལམ་འཛུགས་རྒྱུ།

 ༼༢༽བསྟན་པ་དང་རིག་གནས་སྤེལ་བ་ལ་སྟབས་བདེ་བ་དང་ནུས་པ་ཆེ་བའི་དེང་རབས་ཚན་རིག་འཕྲུལ་ཆས་དང་གློག་ཀླད་དྲ་རྒྱ་སོགས་བེད་སྤྱོད་གཏོང་རྒྱུ།

 ༼༣༽སྤྱི་ཚོགས་སྟེང་གི་སློབ་གསོ་བ་དང་རིག་གནས་པ།   ཞིབ་འཇུག་པ། ཡང་ན།   ཆེད་ལས་གཞན་དག་མང་བོ་གདན་དྲངས་ནས་བགྲོ་གླེང་བྱེད་པ་དང་སྤྱི་ཚོགས་སྟེང་གི་ཤེས་རིག་ཉེར་མཁོ་བསྡུ་ལེན་བྱེད་པ།  དུས་མཚུངས་སུ་རང་གི་བསམ་བློའི་ལྟ་བ་དང་རིག་གནས་མི་རིགས་གཞན་དང་ས་ཁུལ་གཞན་ལ་ཁྱབ་བསྒྲགས་བྱ་རྒྱུ།

 ༼༤༽ སྤྱི་ཚོགས་སྟེང་ལ་ཁེ་ཕན་ཆེ་བ་དང་དོ་གལ་ཆེ་བའི་བྱ་བའི་རིགས་ལ་ཧུར་བརྩོན་གྱིས་ཞུགས་རྒྱུ།

 ༼༥༽ས་གནས་མང་ཚོགས་ཀྱི་སྐྱིད་སྡུག་ལ་རྒྱུས་ལོན་ཐེ་གཏོགས་བྱེད་པ་དང་།  དབུལ་སྐྱོར་དང་དྭ་ཕྲུག་གསོ་བ་སོགས་བྱམས་སྙིང་རྗེའི་ལྟ་བ་སྤྱི་ཚོགས་ཁྲོད་འདོན་སྤེལ་བྱེད་རྒྱུ།

 ༼༦༽བུད་མེད་དང་བྱིས་པའི་བདེ་ཐང་ལ་དོ་སྣང་བྱེད་པ་དང་ནད་ཡམས་སྔོན་འགོག་སྐོར་དམངས་ཁྲོད་དུ་འཆད་སྤེལ་བྱ་རྒྱུ།

 ༼༧༽ ས་བཅུད་ཉམས་པ་གསོ་བ་དང་རྩི་ཤིང་ནགས་ཚལ་སྲུང་སྐྱོབ་བྱེད་པ་སོགས་ཁོར་ཡུག་བདག་གཉེར་དོ་དམ་དང་གཙང་སྦྲ་སོགས་ཀྱི་སྐོར་དམངས་ཚོགས་ལ་ཁྱབ་བསྒྲགས་ལག་བསྟར་བྱས་ཏེ་སྔོན་ཐོན་མི་རིགས་དང་མཐུན་པ་བྱ་རྒྱུ།

 ༼༨༽དམངས་ཁྲོད་ཀྱི་འཁོན་འཛིང་དང་ཕྱོགས་རིས་ཀྱི་རྩོད་པ་སོགས་ལ་ཆོས་ལུགས་དང་སློབ་གསོའི་ནུས་པ་བཏོན་ནས་འདུམ་པར་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་དང་སྤྱི་འབངས་བདེ་འཇགས་ལ་བྱ་བ་བསྒྲུབ་རྒྱུ།

 ༼༩༽དཔལ་འབྱོར། བཟོ་གྲྭ།  ཐོན་སྐྱེད།  སྨན་རྫས་སོགས་ཚན་རིག་དང་མཐུན་པའི་དངོས་པོ་གསར་གཏོད་བྱས་ཏེ་དམངས་ཚོགས་ཀྱི་དགོས་མཁོ་སྐོང་བ་དང་རང་གི་ས་གནས་ཀྱི་ཐོན་རྫས་རང་གི་སྤེལ་ཐུབ་པ་བྱ་རྒྱུ་སོགས་མདོར་ན།   ནང་བསྟན་གཞུང་ལུགས་དང་རིག་གནས་འདི་དགོན་སྡེ་དང་གྲྭ་བཙུན་ཁོ་ནས་ཡིན་པ་ལྟ་བུའི་གུ་དོག་མི་མཛད་པར་དམངས་ཁྲོད་དང་རྒྱལ་ཁབ་ཀྱི་ཆོས་ལུགས་དང་རིག་གནས་སུ་བསྒྱུར་ཅི་ཐུབ་བྱེད་དགོས།

༣ ནང་བསྟན་སློབ་གསོའི་ནུས་པ་ཁྱབ་བརྡལ་དུ་གཏོང་དགོས།

    ནང་བསྟན་གཞུང་ལུགས་ནི་སངས་རྒྱས་ཀྱིས་ཐོག་མར་གསུངས་དུས་གདུལ་བྱ་རབ་འབྲིང་ཐ་གསུམ་ཡོད་པའི་དབང་གིས་གསུངས་པའི་གཞུང་ལུགས་ངོས་ནས་གོ་དོན་ཟབ་ཁྱད་མི་འདྲ་བར་མ་ཟད།  ལྟ་བ་སྣ་མང་འཛོམས་པ་ཞིག་ཡིན་པས་ཕྱོགས་གཅིིག་ཁོ་ན་ནས་མཁྲེགས་འཛིན་བྱེད་པ་དང་།  ཡང་ན།  ཕྱོགས་གཅིག་ཁོ་ནས་འགྲེལ་བཤད་རྒྱག་མི་རུང་། ཅིའི་ཕྱིར་ཞེ་ན།  ནང་བསྟན་གཞུང་ལུགས་ཀྱི་ལྟ་བ་ནི་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་དམངས་གཙོའི་ལྟ་བ་དང་།   མི་དང་མིའི་བར་ལ་མཚོན་ན་འདྲ་མཉམ་གྱི་ལྟ་བ།  མི་སྒེར་ལ་མཚོན་ན་རང་དབང་གི་ལྟ་བ།   གཟུགས་དཔྱད་རིག་པ་ལ་མཚོན་ན་རྡུལ་ཕྲན་གྱི་ལྟ་བ།ཐར་བ་འདོད་པ་ལ་མཚོན་ན་གཟུང་འཛིན་གཉིས་མེད་ཀྱི་ལྟ་བ་དང་བདག་མེད་པའི་ལྟ་བ།རང་བཞིན་མེད་པའི་ལྟ་བ་བཅས་ལྟ་བ་སྣ་མང་འཛོམས་པ་ཞིག་ཡིན་པས།   རང་ཉིད་ཀྱིས་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དང་།   གང་ལ་གང་འཚམ་གྱིས་ལྟ་བ་དེ་དག་བེད་སྤྱད་ནས་འཛམ་གླིང་གི་ཞི་བདེ་ལ་ཕན་ནུས་འདོན་པ། ཚན་རིག་དང་གནས་ལུགས་མཐུན་སྦྱོར་བྱེད་པ།མི་རིགས་བར་མཐུན་སྒྲིལ་བྱེད་པ།  སྤྱི་ཚོགས་བདེ་འཇགས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་བཅས་ནི་ངས་ཁྱེད་རྣམ་པར་ཞུ་འདོད་པའི་ཁ་ཕྱོགས་ཤིག་ཡིན།

     དེ་ལྟར་བྱས་ན་ང་ཚོའི་ནང་བསྟན་རིག་གཞུང་འདི་རྩ་བ་རབ་ཏུ་བརླན་པའི་ལྗོན་ཤིང་བཞིན་རྒྱས་ཏེ།   ཡལ་ག་དང་ལོ་མ།  མེ་ཏོག་དང་འབྲས་བུ།  དྲི་བཟང་དང་གྲིབ་བསིལ་སོགས་འཛམ་གླིང་འགྲོ་བ་མིའི་རིགས་ལ་ཤིན་ཏུ་ཕན་པར་འགྱུར།

     དེ་ནི་ནང་བསྟན་གྱིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རིགས་ལ་གནང་བའི་བྱིན་རླབས་དང་ཕན་ནུས་འདོན་ཚུལ་ཡིན་པས།   ང་ཚོ་རབ་ཏུ་བྱུང་བའི་དགོས་པའང་འགྲུབ་པ་ཡིན་ཞིང་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པ་དང་སངས་རྒྱས་པའི་ཕྱོགས་ལའང་རླབས་ཆེན་གྱི་བྱ་བ་བསྒྲུབས་པ་ཡིན།

    ང་ཚོས་སྤྱི་ཚོགས་དང་མཐུན་སྦྱོར་བྱེད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་སྤྲད་པའི་འོས་འགན་ཡིན་ལ་ས་གནས་མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་།  མི་རིགས་ཀྱི་ཆོས་ལུགས་རིིག་གནས་འཕེལ་རྒྱས་དང་སྲ་བརྟན་ཡོང་བའི་སྲིད་ཇུས་བཟང་བོའང་ཡིན།

   དེས་ན་ང་ཚོ་བླ་སྤྲུལ།  དགེ་བཤེས།  མཁན་པོ།  དགེ་འདུན་པ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་དགོས་མཁོ་དང་གོ་གནས་ཙམ་ལ་རེ་ནས་མི་འདུག་པར་ས་གནས་མང་ཚོགས་ལ་དཔལ་འབྱོར་དང་འཛུགས་སྐྲུན་ཀྱིས་རོགས་རམ་བྱེད་རྒྱུ།   དབུལ་བོ་དང་དྭ་ཕྲུག་སོགས་ལ་རྒྱབ་སྐྱོར་བྱེད་པ།   སློབ་གྲྭ་དང་སློབ་གསོའི་ཕྱོགས་ལ་ནུས་པ་འདོན་པ་སོགས་ས་གནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་འགོ་ཁྲིད་རྣམ་པའི་སློབ་སྟོན་དང་ལེན་བྱས་ཏེ།  རྒྱལ་གཅེས་ཆོས་གཅེས་ཕ་ཡུལ་ལ་གཅེས་པའི་ཆོས་ཀྱི་རྗེས་འབྲང་ཚད་ལྡན་ཞིག་བྱེད་པར་ཧུར་ཐག་གིས་འབད་བརྩོན་བྱེད་དགོས།

     གཉིས།  ཆོས་བྱེེད་མི་སྣས་ཇི་ལྟར་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ།

      ༡ རང་ཉིད་ཡོན་ཏན་འཛོམ་པ་བྱེད་རྒྱུ།

     ཆོས་ལུགས་གྲུབ་མཐའ་དང་དགོན་སྡེ་ནི་ཆོས་བྱེད་མི་སྣས་རྩ་འཛུགས་ཀྱི་སྒྲིག་གཞི་དང་བླང་བྱ་བཏོན་པ་ལས་གྲུབ་པ་ཡིན་པས།  གཙོ་བོ་ཆོས་བྱེད་མི་སྣའི་བསམ་བློ་དང་ལྟ་བ་སྤྱི་ཚོགས་དང་མཐུན་སྦྱོར་ཡོང་དགོས་ན།   གནའ་དེང་ཟུང་གི་སློབ་གསོ་ཡང་དག་འཐོབ་དགོས་ལ།  དེ་ཡང་གནའ་དེང་ཟུང་གི་རིག་གནས་སློབ་སྦྱོང་ལེགས་པོ་བྱེད་དགོས་པ་རེད།

    དེ་ལྟ་མ་ཡིན་པར་སྤྱི་ཚོགས་རྙིང་བའི་ལུགས་བཞིན།  དགོན་སྡེ་དང་བླ་སྤྲུལ་ཁག་ལ་གནས་པའི་ཤུགས་རྐྱེན་གྱི་དབང་གིས་དགོན་སྡེ་འཛུགས་སྐྲུན་དང་བླ་མའི་གཟིམ་ཁང་བཞེངས་པ་སོགས་དགོན་པའི་འཕེལ་རྒྱས་དང་འཛུགས་སྐྲུན།  བླ་མའི་ནང་ཆེན།   ཐ་ན་གྲྭ་བའི་རྒྱུན་ལྡན་གྱི་འཚོ་བའང་ས་གནས་མང་ཚོགས་ཁོ་ན་ལ་བརྟེན་ནས་ཡོང་དགོས་ན་འགྲིག་གི་མ་རེད།  གཞན་ཡང་།  ཁ་ནས་མ་ཎི་བཏོན་ཏེ་བྱམས་སྙིང་རྗེ་བཤད་ཀྱང་སེམས་ལ་མང་ཚོགས་བསྡུ་ཐབས་དང་དཔལ་འབྱོར་ཡོང་སྒོ་ལ་བརྩོན་པའང་ཡོད།  ང་རང་གི་བསམ་ཚུལ་ལ་དེ་ལྟར་བྱས་ན་གཏན་ནས་འགྲིག་གི་མ་རེད་སྙམ།

    འོ་ན་ཇི་ལྟར་བྱ་ཞེ་ན།   རྟོགས་པ་ལྷ་དང་མཉམ་ཀྱང་སྤྱོད་པ་མི་དང་བསྟུན་དགོས་ཟེར་བ་ལྟར།  བླ་སྤྲུལ་དང་གྲྭ་བཙུན་སུ་ཡིན་ཀྱང་ཆ་ལུགས་ཆེ་མཐོའི་ཚུལ་དུ་མི་སྡོད་པར་ཆུང་དུས་ནས་འབད་བརྩོན་དང་ལེན་བྱས་ཏེ་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རིག་གནས་དང་བཅས་ལ་སློབ་སྦྱོང་གང་ལེགས་ཤིག་བྱེད་རྒྱུ་འདི་མི་ཚེ་གང་གི་མདུན་ལམ་མམ་སྙིང་བོ་ཡིན་ཏེ།  ང་ཚོས་ཆོས་སྒྲུབ་སྟེ་བྱང་ཆུབ་ཀྱི་གོ་འཕང་ཡང་འདི་ནས་འཚོལ་དགོས།  རྗེ་བཙུན་བྱམས་པ་མགོན་པོས།  རིིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན།  འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།།དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་།།རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།།ཅེས་གསུངས་པ་ཡིན།  མིང་ལ་བླ་མ་དང་སྤྲུལ་སྐུ་ཞེས་བཏགས་ཀྱང་ཡོན་ཏན་མ་སྦྱངས་པར་ཐ་ན་རང་གི་མིང་ཙམ་ཡང་འབྲི་དཀའ་བར་བྱུང་ན།  དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས།  ཡོན་ཏན་མེད་པའི་ཁ་དེ་ནི།།ས་ཡི་བུ་ག་དག་དང་མཚུངས།  ཞེས་གསུངས་པ་བཞིན། དེས་སྤྱི་ཚོགས་དང་དགོན་སྡེ་ལ་ཕན་ཐོགས་སྒྲུབ་མི་ནུས་ལ་དེང་རབས་ཀྱི་བསམ་བློ་དང་མཐུན་སྦྱོར་དཀའ་བས་མང་ཚོགས་ཀྱི་ལྟ་ཚུལ་ཀྱང་ངན་པ་འབྱུང་སླ་བ་རེད། འདི་འདྲའི་བླ་མ་དེང་སང་ཇེ་མང་ནས་ཇེ་མང་རེད།

དེས་ན་བླ་སྤྲུལ་རྣམས་ཀྱིས་དཔལ་འབྱོར་དང་གོ་ས་རྩོད་ལེན་བྱེད་པ་བསྐྱུར་ནས་ཐོག་མར་རིག་གནས་དང་ཡོན་ཏན་རྩོད་ལེན་བྱེད་རྒྱུ་འདི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་ཆེས་ཐོག་མའི་བསམ་བློའི་རྨང་གཞི་ལྟ་བུར་ཆགས་ཡོད།

      རང་ཉིད་ཡོན་ཏན་འཛོམ་པ་དང་ནུས་པ་བེད་སྤྱོད་གཏོང་བའི་ལོ་ཚོད་རན་པ་ན།   ད་གཟོད་དགོན་སྡེ་དང་ནང་ཆེན།   དམངས་ཚོགས།   རྒྱལ་ཁབ་བཅས་ལ་རིག་གནས་སློབ་གསོ་དང་།  དཔལ་འབྱོར་འཛུགས་སྐྲུན།   དམངས་ཕན་བདེ་བསྲུང་གི་བྱ་བ་ཞིག་སྒྲུབ་ཨེ་ཐུབ་ལྟ་དགོས་པ་ཡིན།

      ༢ ཕན་སེམས་ཀྱིས་མང་ཚོགས་ལ་བྱ་བ་སྒྲུབ་དགོས།

      དེ་ཡང་ཆོས་ལུགས་དང་ལོ་རྒྱུས།   རིག་གནས།   བསམ་བློ།   ལྟ་བ་གང་ཡིན་ཀྱང་གཙོ་བོ་རྒྱལ་ཁབ་དང་སྲིད་ཀྱི་འགོ་ཁྲིད་འོག་ནས་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་ཏེ།   དེང་རབས་ཀྱི་ཚན་རིག་དང་དཔལ་འབྱོར།   རིག་གནས།  སྤྱི་ཚོགས་བཅས་ཀྱི་རྣམ་པ་དང་ངེས་པར་མཐུན་པའི་སྒོ་ནས་རང་གི་ཆོས་ལུགས་དང་རིག་གནས།   ལྟ་བ་བཅས་ཁྱབ་སྤེལ་བྱས་ནས་རྒྱལ་ཁབ་དང་མི་རིགས་ལ་ཕན་ཁེ་ཡོད་པ་བྱེད་དགོས།

     འོ་ན་ཁྱོད་ཀྱིས་ཇི་ལྟར་བྱས་པ་ཡིན་ཞེ་ན།   ང་ཡང་ཆུང་དུས་ནས་སློབ་གྲྭར་འགྲིམས་པ་དང་།   གསེར་ལག་ནས་རབ་ཏུ་བྱུང་རྗེས་བླ་བྲང་དུ་སོང་ནས་མི་ལོ་བཅུ་གཉིས་རིང་མདོ་སྔགས་རིག་གནས་དང་བཅས་པ་ཧུར་བརྩོན་གྱིས་སྦྱངས་པ་དང་།   དེ་ནས་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་པེ་ཅིན་སློབ་གྲྭ་ཆེན་མོ་རུ་མཐར་ཕྱིན་རྗེས།   ད་གཟོད་རང་གི་ཆོས་ལུགས་ཉམས་ལེན་དང་ཁྱབ་སྤེལ།ལྟ་བ་གསར་སྒྲོགས།   དགོན་པ་ཞིག་གསོ།   དམངས་ཕན་བདེ་བསྲུངས་སོགས་ལ་ནུས་པ་བཏོན་པ་ཡིན།

      དགོན་པ་ཞིག་གསོ་ལ་མཚོན་ན།   དཀར་མོ་ཕུག་དགོན་པ་ནི་འབའ་རྫོང་གི་དགོན་པ་བཅོ་བརྒྱད་ལས་དཀའ་ཁེགས་ཆེས་ཆེ་བ་དང་རླངས་འཁོར་ལམ་ཕར་ཟད།  ཐ་ན་འཕྲུལ་རྟ་བགྲོད་པའི་ལམ་བུ་ཞིག་ཀྱང་མེད་པས།   སྤྱི་ལོ་གོ་གསུམ་ལོ་ནས་ཉིས་སྟོང་གསུམ་བར་ཁུལ་དང་རྫོང་ཕར་ཟད།   ཐ་ན་ཞང་ཡན་ཆད་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་གཅིག་ཀྱང་ཡོང་མ་མྱོང་ལ་ཡིག་ཆ་གཅིག་ཀྱང་བསྒྲགས་མ་མྱོང་།   ཐ་ན་རྫོང་གི་འཐུས་མི་ཚོགས་ཆེན་ལའང་སྤྱི་ལོ་གོ་བརྒྱད་ལོར་ཁོ་བོ་ཐེངས་གཅིག་འགྲོ་མྱོང་བ་མ་གཏོགས་བརྡ་སྦྱོར་བྱེད་མ་མྱོང་བར་འཇང་ཆེན་ཆུ་བོའི་འགྲམ་རྒྱུད་རྨ་ཆུ་དང་ཉེ་བའི་ལུང་ཁུག་དབེན་གནས་ཤིག་ཏུ་ཁུ་སིམ་མེར་གནས་ཡོད།   ཡིན་ཀྱང་།   ང་ཚོ་མགོ་སྒུར་ནས་མ་བསྡད་པར་རྐང་ཐང་དུའང་བགྲོད་དཀའ་བའི་གནས་དེར་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་བཅིངས་ཏེ།  རང་རང་གིས་འཁུར་བ་དང་འདྲུད་པ་བཅས་ཀྱི་དཀའ་ཚེགས་ཁོ་ན་ལ་བརྟེན་ནས་འཛུགས་སྐྲུན་བྱས།

     འདུ་ཁང་།   རུང་ཁང་།  ནང་ཆེན།   མཆོད་རྟེན།   མགོན་ཁང་།  མཆོད་ཁང་བདེ་ཆེན་ལྷུན་གྲུབ།   འཁོར་ཁང་།  ཆུ་རྐ་ལས་པ།  སྡོང་འཛུགས་ནགས་སྐྲུན།   ལྕགས་རྭ་བསྐོར་བ་སོགས་འཛུགས་སྐྲུན་བྱས་ལ།   དེ་ལ་ས་གནས་མང་ཚོགས་ཀྱིས་སེམས་ཀྱིས་མ་བཟོད་དེ་རང་འདོད་ཀྱི་དཀར་ཐིགས་ཁྲི་བཅུ་ལྷག་འདུས།  དཔལ་འབྱོར་ནི་དཔལ་འབྱོར་རང་ཡིན་མོད།   དེང་དུས་བླ་གྲྭ་སུ་ཡིན་ཀྱང་འདི་འདྲ་བའི་བརྩོན་སེམས་དང་མཐུན་སྒྲིལ་ནི་ཉིན་མོའི་སྐར་མ་ལས་དཀོན་པས།   རྗེ་མི་ལ་རས་པའི་བསེ་མཁར་དགུ་ཐོག་བཞེངས་པའི་རྣམ་ཐར་ཡང་འདི་ན་ཡོད་ལ།  སྒྲ་བསྒྱུར་མར་བ་ལྟ་བུའི་ཚེ་མཚམས་རི་ཁྲོད་པ་རྗེ་ལྕང་སྐྱ་རིན་པོ་ཆེ་ཡང་འདི་ན་བཞུགས།   ཞེས་ཁོ་བོས་སྙན་རྩོམ་བྲིས་ཡོད་པའང་ངེས་དོན་དུ་བསམ།

     ཉིས་སྟོང་བཞི་ལོར་ཁོ་བོས་དམངས་སྒོར་ཁྲི་བརྒྱ་དང་སུམ་ཅུ་ལྷག་བཀོལ་ནས་གཞུང་ལམ་གསར་བ་བཟོས།  དེས་སྡེ་བ་བརྒྱད་དང་དགོན་པ་གཅིག་བཅས་དམངས་ཚོགས་ཁྲི་གཉིས་ལྷག་གི་ལོ་རྒྱུས་ཐོག་ཆད་མ་མྱོང་བའི་རྔུལ་ཆུའི་བཞུར་རྒྱུན་ཆད་ལ་ཕོག་མ་མྱོང་བའི་དཀའ་སྡུག་གི་ཁུར་བོ་ཕོག

   སྤྱོད་འཇུག་ལས།   མུ་གེ་བསྐལ་བ་བར་མའི་ཚེ།  བདག་ནི་ཟས་དང་སྐོམ་དུ་གྱུར།  ཅེས་སྨོན་ལམ་གནང་བ་ལྟར་བདག་གིས་ཀྱང་།  གཟིངས་དང་ཟམ་པ་ཉིད་དང་ནི།།གཞུང་ལམ་དག་ཏུ་འགྱུར་བར་ཤོག །ཅེས་ཉམ་ཆུང་བའི་མང་ཚོགས་ལ་ཕན་པའི་སླད་དུ་བསྔོས་པས་རྒྱ་ཆེ་བའི་ཆོས་གཞུང་དང་མཐུན་ལ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་སྦྱིན་པའི་གྲངས་སུའང་བགྲངས་ཆོག

      སྤྱོད་འཇུག་ལས།  བདོག་པ་ཐམས་ཅད་འབྲས་བཅས་ཏེ།  །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས།  །སྦྱིན་པའི་ཕ་རོལ་ཕྱིན་གསུང་སྟེ།  །ཞེས་གསུངས་པའི་ཕྱིར།

      གཞན་ཡང་།   ས་གནས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་གི་ཆེད་དུ་ཉིས་སྟོང་ལྔ་ལོར།  དམངས་སྒོར་ཁྲི་བདུན་ཅུ་ལྷག་གི་སྨན་སྦྱིན་བཏང་།  དུད་ཁྱིམ་སྟོང་ཕྲག་ལྔ་དང་དྲུག་བརྒྱ།   ཁྱིམ་རེར་སྒོར་བརྒྱ་དང་ལྔ་བཅུའི་སྨན་སྦྱིན་བཏང་།   མི་གྲངས་ཁྲི་གསུམ་ལྷག་ཡིན།

      དགོན་སྡེ་ཁག་གིས་ནམ་ཡང་ལྟོ་རྒྱབ་མང་ཚོགས་ལ་རེ་ན་ཤིན་ཏུ་མི་འགྲིག་པར་བསམ་ནས།  རྫོང་ཐོག་ཏུ་བོད་ཕྱི་ཟུང་འབྲེལ་གྱི་སྨན་ཁང་བཙུགས་ནས་དགོན་པས་རང་ཁ་རང་གསོ་གཉེར།   ཞོར་དུ་སྤོས་སྦྱོར།མནོལ་བསངས།   བསྲུང་འཁོར།  གཏེར་བུམ།  དར་ལྕོག   སྐུ་གསུང་ཐུགས་རྟེན་སོགས་ཚོང་ལས་གཉེར་བཞིན་ཡོད་ལ།  འདི་ཡང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ཡིན་བསམ་ཡོད།

     ནང་བསྟན་རིག་གནས་དང་སློབ་གསོའི་ཕྱོགས་ལ་མཚོན་ན།  སྤྱིར་ང་རང་ཉིད་བསྟན་པ་དང་རིིག་གནས།  སློབ་གསོ་ལ་ཞེན་ཆགས་ཆེ་བ་ཞིག་ཡིན་པའི་ཆ་ནས་ཡོད་ཚད་དེ་གསུམ་གྱི་ཕྱོགས་སུ་བཏང་ཡོད་ཀྱང་།  བྱེ་བྲག་ཏུ་དགར་ན།  ཁོ་བོས་དབང་གནང་བ་སོགས་ཀྱི་རྣམ་པ་དང་དུས་ཚོད་བེད་སྤྱད་དེ།   རྒྱ་ཆེ་བའི་ཆོས་དད་མང་ཚོགས་ལ་དེང་རབས་སྤྱི་ཚོགས།   སློབ་གསོ་རིག་གནས།  དཔལ་འབྱོར་སྒྲུབ་སྟངས།   ཁོར་ཡུག་བདག་གཉེར་གཙང་སྦྲ།  ཐ་ན་ཟ་མ་ཟ་ལུགས།  རྒྱན་ཆ་འདོགས་ལུགས་སོགས་དུས་རབས་དང་མཐུན་པ།  རྒྱལ་ཁབ་དང་མཐུན་པ།  སྤྱི་ཚོགས་དང་མཐུན་པར་གཏམ་བཤད་མང་དུ་བྱས།   གཞན་ཡང་།   སློབ་གྲྭ་དང་སློབ་མ་སྐྱོངས་དགོས་པའི་ཁ་བརྡ་བྱས་པར་མ་ཟད།  དྭ་ཕྲུག་དང་ཁྱིམ་ཚང་དབུལ་བོའི་བུ་ཕྲུག་ཉིས་བརྒྱ་ལྷག་ལ་སློབ་ཡོན་སྤྲད་ནས་སློབ་གྲྭར་མངགས་པར་མ་ཟད།   འབའ་རྫོང་མི་རིགས་ཆ་ཚང་སློབ་གྲྭར་སོགས་སློབ་གྲྭ་ཆེ་ཆུང་བརྒྱད་ལ་མ་དངུལ་བྱིན་ནས་ལོ་རེར་རྒྱུགས་འབྲས་བཟང་བའི་སློབ་མར་༼སྐུ་ཕྱོགས་ཨོའུ་རྒྱའི་སློབ་བརྩོན་བྱ་དགའ༽ཟེར་བའི་དགའ་རྟགས་གཏན་འཁེལ་བྱས།

      སློབ་བརྩོན་བྱ་དགའ་འདིས་དགེ་སློབ་ཁྱིམ་བདག་དང་བཅས་ལ་སྐུལ་སློང་དང་།  ཡང་ན།  སློབ་གྲྭའི་ཁོར་ཡུག་ཏུ་འགྲན་རྩོད་ཀྱི་འཕེལ་རྒྱས་གསར་བ་ཞིག་བྱུང་ཡོད་པས་ཕན་ཐོགས་རེ་བྱུང་སོང་སྙམ། 

      འགོ་ཁྲིད་རྣམ་པ། བླ་སྤྲུལ་རྣམ་པ། གྲྭ་བཙུན་རྣམ་པ།  ངས་རང་གི་དཀའ་སྡུག་གིས་མང་ཚོགས་ལ་བྱ་བ་ཉུང་ཙམ་སྒྲུབ་ཚུལ་དྲང་བོར་བཤད་པ་འདི་རང་ཉིད་ཁེ་འདོད་གྲགས་འདོད་མིན་ལ།ང་གཟི་བརྗིད་ཆེ་བསམ་པ་དེ་ལས་ཀྱང་མིན།  གང་ཡིན་ཟེར་ན།  རང་གི་ཡོན་ཏན་འཕེལ་རྒྱས་དང་དཔལ་འབྱོར་ཡོད་ཚད།  ཐ་ན་མིང་ཙམ་གྱིས་འཇིག་རྟེན་འདིར་འཚོ་བའང་དགེ་རྒན་རྣམ་པའི་བཀའ་དྲིན་དང་ཕ་མའི་གཉོར་སྐྱོང་།  རྒྱལ་ཁབ་ཀྱིས་ང་ཚོར་གནང་བའི་རང་དབང་ཡིན་པས།   ཡོད་ཚད་ཕྱིར་རྒྱལ་ཁབ་དང་སྤྱི་ཚོགས་ལ་སྤྲོད་བསམ་པ་དེ་ཡིན།  དུས་ཚོད་ཀྱི་དབང་གིས་འདི་ཙམ་གྱིས་ཆོག་པར་བྱ།  དེ་རིང་བཤད་པ་འདིར་ཕན་པའི་ཆ་འགའ་རེ་སྲིད་ན།  ཆོས་རིག་སློབ་གསོ་འཕེལ་བའི་རྒྱུར་འགྱུར་བར་སྨོན་ལ།   འགལ་བ་དང་འཁྲུལ་བ་ཅི་མཆིས་ན་དགོངས་འགལ་མེད་པར་ཞུ།

      མཇུག་མཐར།

      ཁྱེད་རྣམ་པའི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ།

      བཀྲ་ཤིས་བདེ་ལེགས།

      མཚོ་ལྷོ་ཁུལ་ནང་བསྟན་དགོན་སྡེའི་ལས་རིགས་མི་སྣ་མང་རྫོང་དུ་འཚོགས་པའི་སྟེང་གི་གཏམ་བཤད།     ཉིས་སྟོང་བཅུ་གཅིག་ལོའི་ཟླ་བདུན་པར།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/9/7 བལྟ་ཀློག (6746)