ཁམས་སྟོང་སྐོར་གནས་རི་ངོ་སྤྲོད་མདོ་བསྡུས།

ཁམས་སྟོང་སྐོར་གནས་རི་ངོ་སྤྲོད་མདོ་བསྡུས།


       དེ་ཡང་གནས་འདི་ཡོད་སའི་ས་ཆ་ནི་ཁམས་དཀར་མཛེས་ཁུལ་དཀར་མཛེས་རྫོང་དང་གསེར་རྟ་གཉིས་བར་གྱི་ལམ་དཀྱིལ་ཙམ་དུ་ཧོར་སྟོང་སྐོར་ཞེས་པའི་ས་ཆ་ན་ཡོད།   གནས་འདིའི་ལོ་རྒྱུས་སྟོང་སྐོར་ཞབས་དྲུང་གོང་མ་ལྔ་པ་ཆེན་པོ་ངག་དབང་བསོད་ནམས་རྒྱ་མཚོས་མཛད་པའི་སྟོང་སྐོར་གནས་རིའི་དཀར་ཆག་འཛམ་གླིང་བདེ་ཆེན་ཉི་མ་ཞེས་པ་ལས་ཇི་ལྟར་བྱུང་བ་བཞིན་ཡུལ་སྐོར་བ་གཙོས་ཆ་རྒྱུས་མེད་པ་རྣམས་ལ་གོ་བདེ་བའི་ཆེད་དུ་ཉེར་མཁོའི་དོན་རྣམས་ཁོལ་དུ་ཕྱུང་སྟེ་མདོ་ཙམ་འགོད་པ་ལ།

     འཛམ་བུ་གླིང་འདི་ཡི་གནས་ཆེན་ཉེར་བཞི་ཡི། །ནང་ནས་མཆོག་གྱུར་མཁའ་སྤྱོད་ཕོ་བྲང་སྟེ། །དེ་དང་མཚུངས་པ་བསྭོ་ཐོག་དབེན་གནས་ཡིན། །ཞེས་གསུངས་པ་ལྟར་ལུང་གསུམ་གྱི་མདོ་ལ་དབེན་གནས་ཀྱི་རི་བོ་དེ་ཉིད་ཆགས་ཡོད་ལ།  དེའི་མདུན་ངོས་སུ་ཕུག་པའི་ནང་དུ་བདེ་གཤེགས་སྨན་བླ་མཆོད་བརྒྱད་ཀྱི་དཀྱིལ་འཁོར་སོགས་མངོན་སུམ་དུ་བཞུགས་པ་དང་། འདོད་པ་འཇོ་བའི་བ་ཡི་ནུ་མ་ལས་འོ་མའི་རྒྱུན་འབྱུང་བ།  བྲག་གི་གསེབ་ནས་གྲིབ་ཆུ་འབེབས་པ། བྲག་ལས་གྲུབ་པའི་སེང་གེ་དང་གླང་ཆེན་དྲེའུ་སོགས་ཀྱི་གཟུགས་བརྙན་རང་བྱོན་དང་།  དབྱངས་གསལ་དང་ཡིག་དྲུག་སིདྡྷི་སོགས་གསུང་མཆོག་ཡི་གེའི་རང་བྱོན།  གནས་དེའི་གཙོ་བོའི་ཚུལ་དུ་བཞུགས་པ་ནི་རྡོ་རྗེ་ཕག་མོ་བཻཌཱུརྱ་ཡི་མདངས་ཅན་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པའི་རྣམ་པ་ལ་འཁོར་དུ་མཁའ་འགྲོ་མ་བྱེ་བ་འབུམ་གྱིས་བསྐོར་བ།   གཡུ་ཡི་མཚོ་མིག་ཤེལ་དཀར་ལྟར་དཀར་བ་དུ་མ་དང་།   དེ་དག་གི་མདུན་ན་སངས་རྒྱས་སྨན་བླའི་ལྷུང་བཟེད་ནས་བབས་པའི་སྨན་གྱི་ཆུ་མིག་སྟེ།   གང་གིས་འཐུང་བ་དང་ཁྲུས་བགྱིད་ན་ཉེས་སྒྲིབ་དང་ཤེས་སྒྲིབ་འདག  ནད་རིགས་བཞི་བརྒྱ་རྩ་བཞི་དང་། གདོན་གྲིབ་མི་གཙང་རིགས་རྣམས་སེལ། གསོལ་བ་གང་བཏབ་འགྲུབ། དེ་བཞིན་དུ་རྒྱལ་བ་ཚེ་དཔག་མེད་པའི་ཚེ་བུམ་ལས་ཐོན་པའི་ཚེ་ཆུ།  སྨེ་བ།  སྤར་ཁ།  རུས་སྦལ་ཕོ་མོ།  ལོ་རྒན་དྲུག་ཅུ།  ལོ་སྐོར་བཅུ་གཉིས། གཟའ་དང་རྒྱུ་སྐར། སྐྱེ་རྒ་ན་འཆིའི་རང་གཟུགས་སོགས་མངོན་སུམ་དོད་པ་ལྟ་བུའི་རང་བྱོན།  ཁྱེད་པར་དམ་ཅན་རྡོ་རྗེ་ལེགས་པ། རྗེ་དཔལ་བརྩེགས་རང་བྱོན་འབུར་མ།  རྗེ་བླ་མ་བློ་བཟང་གྲགས་པ་རང་བྱོན། ཞབས་དྲུང་རིམ་བྱོན་གྱི་སྒྲུབ་ཕུག    ཆོས་རྗེ་ཟླ་བ་རྒྱལ་མཚན་གྱི་ཕྱག་རྗེས།  གུ་རུ་པད་མ་སམབྷ་བྱིས་པ་ལོ་གཅིག་གི་ཚད་ཙམ་སྐུ་འབུར་མ། མཚོ་རྒྱལ། ལྷ་ལྕམ། གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ་སོགས་མངོན་སུམ་དུ་གསལ་བའི་རྣམ་པ། སངས་རྒྱས་སྟོང་དང་ཉེ་སྲས་བརྒྱད། འཇིགས་བྱེད། བདེ་མཆོག གསང་འདུས། དུས་འཁོར། ཀྱཻ་རྡོར། ཕྱག་དྲུག་པ། ཆོས་རྒྱལ། འདོད་ཁམས་ལྷ་མོ། གུར་མགོན། རྣམ་སྲས། ཛམ་ལྷ་སོགས་ཀྱི་སྐུ་བརྙན་དང་གཟུགས་སྔགས་དཔག་ཏུ་མེད་པའི་རྣམ་པ།  རྒྱ་ནག་རི་བོ་རྩེ་ལྔ་དང་མཚུངས་པའི་འཇམ་དཔལ་རིགས་ལྔའི་ལྷ་ཚོགས།  ལྕང་ལོ་ཅན་དང་མཚུངས་པའི་ཕྱག་རྡོར་སྒྲོལ་མ་ཉེར་གཅིག་རྡོ་རྗེ་ཕུར་པ་ལ་སོགས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལྷ་ཚོགས། སྔོན་ཚེ་སློབ་དཔོན་པད་མས་ཡུལ་དེ་ལ་རྒྱུ་བའི་སྲིན་མོ་གདུག་ཅན་བསྒྲལ་བའི་གློ་སྙིང་དང་མཚོན་ཆ། མདུན་དུ་ཐོད་པ་ལྟ་བུའི་ཕ་བོང་གི་འོག་ཏུ་གསུང་རབ་མང་པོའི་གཏེར་ཁ། དེའི་དཀྱིལ་དུ་གཡུ་སྒྲ་སྙིང་པོའི་ཆོས་གོས་དང་ཕུར་བུ་སོགས་གྲུབ་པའི་རྟགས་ཆས་དུ་མའི་མཚན་བྱེད་རྫོགས་པ། ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་དཔའ་བོ་དང་དཔའ་མོ་འདུ་བའི་དུར་ཁྲོད། གྲུབ་པའི་སྐྱེས་མཆོག་མང་པོའི་ཞབས་ཕྱག་གི་རྗེས། རྩ་ཤིང་རི་བྲག་དང་གཅན་གཟན་རི་དྭགས་བྱ་བྱེའུ་སོགས་ཀྱང་སངས་རྒྱས་བྱང་སེམས་ཀྱི་རྣམ་རོལ་ཏུ་ཤར་བའི་གནས་རི་འདི་ཉིད་མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང་ཡོན་ཏན་གྱི་ཕུང་པོ་བགྲང་དུ་མེད་པར་འབྱུང་བ་དང་། ཕྱག་དང་། སྐོར་བ་མཆོད་འབུལ་སོགས་ཀྱིས་བསོད་ནམས་བསགས་ན་ལེགས་ཚོགས་ཀྱི་འབྲས་བུ་ཡང་དག་པ་འབྱུང་བ།  དཔལ་རིགས་གསུམ་འདུས་པའི་གནས་འདི་ལན་གཅིག་མཐོང་བ་ཙམ་གྱིས་ཡོན་ཏན་ཡང་ངན་སོང་གསུམ་གྱི་སྐྱེ་སྒོ་ཆོད་པ་དང་། ལན་གཉིས་མཐོང་ན་ལྷ་དང་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་འཐོབ་པ་དང་། ལན་གསུམ་མཐོང་ན་དུག་གསུམ་རང་སར་ཞི་སྟེ་སྐུ་གསུམ་གྱི་སར་སྦྱོར་བ་ནུས་པའི་ཡོན་ཏན་འཐོབ་པ་དང་། ལྕེ་བརྒྱས་བསྐལ་བའི་བར་དུ་བརྗོད་ཀྱང་མི་ནུས་པའི་ཕན་ཡོན་འབྱུང་བ་སོགས་ཞིབ་གཟིགས་འདོད་ན་གནས་རི་འདིའི་དཀར་ཆག་རྒྱས་པ་ལས་ཤེས་པར་བྱའོ།། 

      གཞན་ཡང་སྤྱི་ལོ༡༩༨༦ལོར༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གནས་འདིར་ཕེབས་སྐབས། ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་ནས། 

དུང་དཀར་རིགས་གསུམ་མགོན་པོ།།

བཀྲ་ཤིས་གནས་ལ་ཆགས་ཡོད།།

པཎ་ཆེན་སྣང་བ་མཐའ་ཡས།།

མི་འཇིགས་གདན་ལ་བཞུགས་ཡོད།།

     ཅེས་བསྔགས་བརྗོད་བྱེད་སའི་གནས་ཁྱད་པར་ཅན་དང་། སྐྱེས་ཆེན་ཁོང་སོགས་དམ་པ་དུ་མས་ཞབས་ཀྱི་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་འདིར་ཐོས་བསམ་སྒོམ་གསུམ་བྱེད་ནས་གྲུབ་པ་ཐོབ་པའི་ལོ་རྒྱུས་ཀྱང་ཡོད།  ད་རུང་བཤད་འདོད་པ་ཞིག་ནི་སྤྱི་ལོ ༢༠༡༧ལོར་གནས་ཆེན་འདི། གནས་འདུས་སམ་གནས་འཁོར་བའི་དུས་ཆེན་ཁྱད་པར་ཅན་ཡིན་པས་མདོ་དབུས་ཁམས་གསུམ་ནས་སྐུ་འགྲོན་རྣམས་གནས་འདིར་ཕེབས་ན་སྟོང་སྐོར་ཡུལ་དགོན་གཉིས་ཀྱིས་དགའ་སྤྲོས་ངང་ནས་ཕེབས་བསུ་ཡོད།     གནས་འདིའི་ལོ་རྒྱུས་རྒྱས་པ་མཁྱེན་འདོད་ཡོད་ན་སྟོང་སྐོར་གནས་རིའི་དཀར་ཆག་འཛམ་གླིང་བདེ་ཆེན་ཉི་མ་ལ་ཞིབ་གཟིགས་གནང་རོགས་ཞུ།

   ད་རུང་ངེད་སློབ་གཉེར་ཁང་གིས་བོད་རྒྱ་གཉིས་ཀའི་ཐོག་ནས་དེབ་དང་དྲྭ་ཚུགས་སོགས་དད་ལྡན་ཁྱེད་ཅག་གི་སྤྱན་ལམ་དུ་མྱུར་དུ་འབུལ་རྒྱུ་ཡིན།

ཞེས་ཧོར་ཞོགས་སྤྲིན་གྱིས་སོ།།

                   (སྨྲས་པ)

ནོར་འཛིན་སྒེག་མོའི་མཛེས་བྱེད་སྙིང་པོ་ཁམས།།

སྣ་ཚོགས་ངོ་མཚར་སྣོད་ཀྱི་བཀོད་པ་མཆོག།།

ཚངས་ཆེན་ཡིད་ལས་འགོངས་པའི་སྒྱུ་འཕྲུལ་འདི།།

མཐོ་རིས་གནས་སུ་མ་ལགས་སྟོང་སྐོར་ལྗོངས།།

ཁ་བའི་འདབ་མ་མངོན་མཐོར་བརྩེགས་པའི་རི།།

མིག་དབང་བསླུ་བའི་ནགས་ཚལ་མཛེས་སྡུག་ཅན།།

ཉམས་དགའི་དཔལ་ལྡན་བདུད་རྩི་རང་བྱུང་ཆུ།།

ཕྱོགས་དང་མཚམས་སུ་དལ་གྱིས་མདའ་ལ་བཞུར།།

ལྗོན་ཤིང་ཡལ་འདབ་ནོར་བུའི་རླུང་གཡབ་སྤུན།།

ལྷུག་པོར་གྲོལ་བའི་མེ་ཏོག་དབང་པོའི་གཞུ།།

འདབ་ཆགས་དབྱངས་སྙན་དྲི་ཟའི་རྒྱུད་མངས་སྒྲར།།

གཅིག་མིན་འཁྲུལ་སྐྱེད་ངོ་མཚར་གཏམ་རྒྱུད་མང་།།

ལྷུན་པོའི་བང་རིམ་རྒྱན་བྱེད་ཐིག་ལེ་ལ།།

དཀར་ནག་ཕྱུགས་རིགས་སྣ་ཚོགས་ཕྲ་བཏབ་པ།།

འབའ་ངུར་མཚེར་སྐད་མཆེད་པའི་རོལ་དབྱངས་ནི།།

བསྐལ་བཟང་དུས་སྟོན་འབོད་པའི་ངག་དང་མཚུངས།།   དགེའོ།  །



རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/11/28 བལྟ་ཀློག (36288)