སྒྱུ་འཕྲུལ་གྲོང་།

སྒྱུ་འཕྲུལ་གྲོང་།


གུ་དཔལ་ཤིས།  (ཡུལ་ཤུལ)

བདག་གི་ཟླ་བ་དོ་ནུབ་རྒྱང་ལ་ཡོད།།
སྤྲིན་པ་ལེབ་མོ་འགའ་ཡི་ཕག་ན་ཡོད།།
སྐར་མ་ཚོམ་ཚོམ་མང་སའི་ཟུར་ན་ཡོད།།
འཚོ་བ་ཆུང་ཆུང་ཞིག་གི་གྲིབ་ན་ཡོད།།
འཛུམ་ཆུང་གློ་ཁ་མ་ཞིག་གྲོལ་ནས་ཡོད།།
དྲན་པ་ནམ་ཟླ་རིང་རིང་བསྙལ་ནས་ཡོད།།
སྨག་རུབ་ནག་པོའི་ཀན་ཕྱོགས་ཁྱོད་རང་ཡོད།།

མུན་པ་ཟས་སུ་བསྒོམས་ནས་རྨི་ལམ་བཅག།
ལྷིང་འཇགས་རྣ་བ་སུན་ཏེ་འདུག་རྐྱ་བྱས།།
རྣམ་ཤེས་དྲོད་ཀྱིས་གསོ་བཞིན་དབུགས་རྩ་ལྷེམ།།
ཆང་ཕོར་ཁམ་ན་དུག་གི་ལོ་འདབ་ཅིག།
གཤོག་པ་འབྱར་ཞིང་འཕུར་ཙང་རྒྱག་སྙིང་གིས།།
མག་མོག་གྲིབ་ཡོར་འོབས་སུ་ཆང་དྲི་འཐུལ།།

གཞས་ཆུང་སྣང་བ་བཏེག་སྟེ་སྙན་ཞིག་བདུངས།།
རོལ་དབྱངས་ཁུད་པའི་བར་ནས་ཁྱེད་རང་འགུལ།།
གདངས་དེ་དྲོད་ལ་བསིལ་ཞིང་བསིལ་ལ་དྲོད།།
འཇེབས་པ་ཁུ་ཡུག་མ་རེད་དྲི་ཟ་མིན།།
རོལ་བྱ་མྱང་བྱ་ཡིན་པའི་གློ་ཁུག་ཏུ།།
ག་ལེར་བགྲོད་པའི་རྐང་གཉིས་རྟབ་རྟབ་རྩེན།།

༢༠༡༥ ༨ ༡༠


མག་མོག་དེའི་ཕ་གི

ན་ནིང་མྱི་ལ་སྐར་མ་བྲིས།།
སྐར་བའི་ནང་ན་ཅི་ཞིག་བྲིས།།
འོད་པོ་ཚེམ་ཚེམ་འཕྲོ་བར་བྱེད།།
ཚེམ་ཚེམ་འོད་ཟེགས་འཕྲོ་བར་བྱེད།།
ཁྱོད་ཉིད་ཡོད་པར་རྟོག་འཆར་བཟོས།།


མུན་ཁུང་ནང་དུ་ཁྱོད་ཉིད་སྦས།།
ཁྱོད་ཀྱི་ཁོག་ན་སུ་ཞིག་སྦས།།
སྟོང་འདང་ཆགས་པའི་རྣམ་ཤེས་ཟུང་།།
ནམ་ཞིག་གཤོག་ཟུང་ཐོགས་པ་རེད།།
གནམ་མཐའ་གང་ཞིག་འཕུར་བ་རེད།།

ཚོར་བའི་ཕག་ནས་སུ་ཞིག་ངུས།།
ངུ་མོའི་སྐྱོ་དབྱངས་སུ་ལ་འཐེན།།
ལས་ཀྱི་བྲིས་པའི་ཨ་ཡིག་ལ།།
སྣང་བ་ཐབས་ཀྱི་ཡི་ག་འཛུམ།།།
སྟོང་བ་ཤེས་རབ་རང་གདངས་གད།།

༢༠༡༥ ༦  ༡༠

ཚོར་བ་དང་གར།

སྐྲ་ལོ་གནག་སྣུམ་རླུང་ལ་སྤུར།།
ངུར་སྨྲིག་ཆོས་གོས་རེག་བྱ་བརླན།།
མལ་དུ་མྱགས་པའི་འཁྲུལ་གཤིས་སུ།།
སྣང་བའི་རང་སྒྲ་སིལ་ཞིང་སིལ།།

ཕག་ཏུ་ཉལ་བའི་གསང་བ་རུ།།
བརྡ་དང་རྟོག་པས་ཅི་ཞིག་སྦྲེལ།།
ཁྱོད་ཉིད་འཆར་བའི་མེ་ལོང་དུ།།
སྟོང་བ་དབྱངས་ཅན་ཞལ་ཕྱག་འཛུམ།།

རྟོག་འཆར་མོག་པའི་ཕར་ནང་དུ།།
རྣམ་ཤེས་གསལ་བའི་གྲིབ་རིས་འགུལ།།
འགུལ་གཟུགས་ནང་གི་འཆར་ཡན་ལ།།
ཚེ་སྲོག་མང་པོ་འཕུར་ཞིང་ལྡང་།།

ཡིག་འབྲུ་བཏབ་པས་ལྗང་མྱུག་ཚོགས།།
ང་ལ་ཅི་ཡང་བསྩལ་བ་བྱས།།
ང་ལ་ཅི་ཡང་མ་བསྩལ་བར།།
ཞི་བའི་ངང་དུ་མཉམ་པ་སྒོམ།།

སྣང་བ་ཕྱི་ཡི་གར་ཉམས་སུ།།
ལྷ་དང་ལྷ་མོས་བྲོ་དབྱངས་འཐེན།།
སྟོང་བ་ནང་གི་དབྱིངས་གཤིས་སུ།།
ཁ་དོག་བོར་བའི་ཚད་མ་འཕགས།།

ཙག་གིས་བཅུན་པས་ན་བཟའ་རུ།།
ང་ཡི་ཁྲག་ཐིག་རྡོག་གཅིག་འདྲིལ།།
དེ་ལ་ཆགས་པའི་མྱི་མོའི་གཟུགས།།
སྟོང་འདང་མིན་པའི་ཕྱག་རྒྱ་རྐྱང་།།

༢༠༡༥ ༦ ༢༣

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/1/6 བལྟ་ཀློག (3956)