བོད་མིའི་མནའ་བསྐྱལ་བའི་སྲོལ།


ཚེ་རིང་དོན་གྲུབ།

      མནའ་ནི་ནམ་ཞིག་ལ་དར་བ་བདག་ལྟ་བུའི་བློ་ཚོད་དམན་པ་ཞིག་གིས་བཤད་དཀའ་ཡང་།   མནའ་བསྐྱལ་བའི་སྲོལ་འདི་ནི་བོད་མི་ཆེ་མ་ཆུང་གསུམ་ཀུན་ལ་ཆེས་ཆ་རྒྱུས་ཡོད་པ་ཞིག་རེད།       གཞུང་དུ་སྤྱིར་རྟེན་གསུམ་སོགས་དཔང་དུ་བཙུགས་ནས་དམ་བཅས་པ་མནའ་ཞེས་བྱ་ཞིང་།   མནའ་ཞེས་པའི་ཐ་སྙད་དེའི་གོ་དོན་གང་ཡིན་ཐད་མཁས་དབང་འགའ་ཤས་ཀྱིས་རང་གི་གདོང་ལ་དྲང་པོར་གནས་པ་སྣ་ཡིན་པ་ན།   ཐོག་མར་སྣ་ཡིན་མིན་གྱི་བསྙོས་བྱུང་ལ།   བདེན་རྫུན་འབྱེད་པའི་དྲང་ཐིག་གི་ནུས་པ་ཐོན་གྱི་ཡོད་པས།   གདོད་མའི་མི་རྣམས་ཀྱིས་མིའི་གདོང་ན་དྲང་པོར་གནས་པའི་སྣ་ལ་དཔེ་བཞག་ནས་བཏགས་པ་དེ་རིམ་པས་མནའ་ཞེས་འཕོ་འགྱུར་བྱུང་བ་ཡིན་ཞེས་གསུངས་འདུག  
       མནའ་སྐྱེལ་བའི་གོམས་སྲོལ་གྱི་འབྱུང་ཁུངས་དེ་ལ་ལས་གདོད་མའི་བོན་ཆོས་དང་འབྲེལ་བ་ཡོད་པར་འདོད་ཅིང་།   ཅིའི་ཕྱིར་ཟེར་ན།  སྔར་ནས་མནའ་སྐྱེལ་དམ་བཅའ་བྱེད་སྐབས་སྲོག་ཆགས་བསད་ནས་དམར་མཆོད་ཕུལ་བ་དང་།  ཁྲག་ཁ་ལ་བྱུག་པ་བཅས་ནི་མནའ་སྐྱེལ་དམ་བཅའ་བའི་ཆ་རྐྱེན་ཞིག་ཏུ་བརྩི་བས་རེད།    སྔོན་ཆད་ཀྱི་སྤྱི་ཚོགས་ནང་ཁྲིམས་ལུགས་ཆ་ཚང་ཞིག་ཡོད་དཀའ་བས་ནམ་རྒྱུན་གྱི་འཚོ་བའི་ནང་ལྷགས་པའི་གནད་དོན་རྣམས་ལ་བདེ་རྫུན་དབྱེ་འབྱེད་དང་།   དྲང་བདེན་གྱི་ཐག་གཅོད་བྱེད་ཐབས་གཞན་མེད་སྟབས།   མནའ་སྐྱེལ་དམ་བཅའ་བའི་བྱ་ཐབས་དེ་བེད་སྤྱད་ནས།   མི་དང་མིའི་བར།   ཁྱིམ་ཚང་དང་ཁྱིམ་ཚང་བར།   ཐ་ན་སྡེ་བ་དང་སྡེ་བའི་བར་གྱི་འགལ་ཟླ་དང་།   གནད་དོན་རྣམས་ཐག་གཅོད་བྱེད་བཞིན་ཡོད།  
       དེང་གི་འཚོ་བའི་ཁྲོད་དུའང་མནའ་ནི་རྒྱུན་དུ་བེད་སྤྱོད་བྱེད་བཞིན་ཡོད་པའི་སྐད་ཆ་ཞིག་ཏུ་གྱུར་ཡོད།   ཕ་རོལ་བ་རང་ཉིད་ལ་ཡིད་ཆེས་མེད་པའམ་མི་རློམ་དུས་མནའ་བསྐྱལ་བའི་གོམས་གཤིས་ཤིག་ཆགས་འདུག    མནའ་སྐྱེལ་སྟངས་ལ་རིགས་མི་མཐུན་པ་གང་མང་ཞིག་ཡོད་དེ།   སྤྱིར་བཏང་ཡིན་ན་ཡུལ་ལུང་སོ་སོའི་མནའ་བསྐྱལ་ཚུལ་ཅུང་མི་འདྲ་ཞིང་།    གཙོ་བོ་དཀོན་མཆོག་དང་།   དགོན་པ།    ཆོས།   རྟེན་བྱིན་རླབས་ཅན།    བླ་མ་དང་ཕ་མ།    ཉི་མ།    སྲུང་མ།   གསུང་རབ་སོགས་དཔང་དུ་བཞག་ནས་མནའ་བསྐྱལ་ཞིང་།    མནའ་ལ་ས་གནས་རང་གི་ཁྱད་ཆོས་ཀྱང་ལྡན་ཡོད།    དེའི་སྟབས་ཀྱིས་ས་གནས་མི་གཅིག་པའི་མི་སྣ་རྣམས་མཉམ་དུ་འཛོམས་དུས།    སྐད་ཆའི་བར་གསེང་ནས་མནའ་རེ་ཐོས་དུས།    མི་དེ་ནི་ཕལ་ཆེར་ས་ཕྱོགས་གང་ནས་ཡིན་པ་ཤེས་ཐུབ།    དཔེར་ན།   ལྷ་ས་བ་ཞིག་ཡིན་ན་ཇོ་བོ་རིན་པོ་ཆེ་ཞེས་མནའ་བསྐྱལ་བ་ལྟ་བུ་དང་།    ཨ་མདོ་བ་ཞིག་ཡིན་ན་དཀོན་མཆོག་གསུམ།    ཡང་ན།   ཡུམ་ཞེས་མནའ་བསྐྱལ།  དེའི་ནང་ནས་ཀྱང་བླ་བྲང་བ་ཞིག་ཡིན་ན།   བླ་བྲང་དགོན་པ་དང་།    རེབ་གོང་བ་ཞིག་ཡིན་ན།   རོང་བོ་དགོན་པ་ཞེས་མནའ་བསྐྱལ།     ཆབ་ཆ་བ་དང་ཐེམ་རྫོང་བ་མང་ཤས་ཀྱིས་གསེར་སྡོང་ཞེས་མནའ་བསྐྱལ་བ་རེད།    རང་རེའི་ཁམས་རྒྱལ་ཐང་ལ་མཚོན་ན།    སྲུང་མ་ཉི་མ་ཞེས་མནའ་བསྐྱལ་ཞིང་།   འདིས་ཕན་ཚུན་བར་གྱི་སྐད་ཆ་ཡིད་ཆེས་ཡོད་པ་མཚོན་ཡོད།      
       མནའ་ཡིས་རང་རེའི་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་ཡོད་ལ།  སྔོན་ཆད་ཡིན་ན།   ཕན་ཚུན་བར་ཚོང་རྒྱག་པའམ།  གན་རྒྱ་འཇོག་པ།   བར་འདུམ་བྱེད་པ།   གྲོས་ཆད་བྱེད་པ་གང་རུང་ལ་།  ཕན་ཚུན་བར་གྱི་ཡིད་ཆེས་མི་འགྱུར་བའི་ཆེད་དུ།      དཔང་ཡིག་ལ་སོགས་འབྲི་མི་དགོས་པར་ངག་ལ་གཞི་བཅོལ་ནས།    མནའ་ཡིས་དཔང་ཡིག་གི་གོ་ཆོད་པར་བྱེད་ཅིང་།   མནའ་ལས་འགལ་མཁན་མེད།    བོད་མིའི་ཁྲོད་དུ་མནའ་སྐྱེལ་དམ་བཅས་ཀྱི་བག་ཆགས་གཏིང་ཟབ་ཡོད།   ངག་རྒྱུན་དུའང་མནའ་ཆུང་ཡང་བ་མོ་ཙམ།  །   བ་མོ་ཆུང་ཡང་ལྷམ་སྦངས།  ཞེས་པ་ལྟར་མནའ་ཟོས་པའི་ཉེས་དམིགས་ཤིན་ཏུ་ལྕི་བར་བཤད་པས།    དམ་ཚིག་ལྡན་པའི་མི་རྣམས་མནའ་དང་འགལ་མི་ཕོད།   གཞན་ཡང་མིས་མི་བཟའ་མནའ།   ཁྱིས་མི་བཟའ་ལྕགས་ཞེས་པ་ལྟར།     མནའ་ནི་ཡིད་ཆེས་ལས་འགལ་མི་རུང་བ་ཞིག་ཡིན་པ་ཤེས་ཐུབ།    གལ་ཏེ་མནའ་དང་འགལ་ན།   དེ་ནི་མི་ཐ་ཤལ་ཞིག་ཏུ་བརྩི་བ་རེད།  
       དེང་སྐབས་སྤྱི་ཚོགས་ལ་འགྱུར་ལྡོག་བྱུང་བའི་དབང་གིས།   མནའ་ལའང་དེ་བསྟུན་གྱི་འགྱུར་ལྡོག་བྱུང་ཡོད་པ་དང་།    རྒན་རབས་པ་རྣམས་སྔར་བཞིན་ངག་གི་དམ་བཅས་ཏེ་མནའ་བསྐྱལ་བ་བདེན་པའི་དཔང་དུ་འཇོག་པ་ལས།    ན་གཞོན་རྣམས་ནི་ཚིག་གི་བར་དུ་མནའ་བསྐྱལ་ཡང་།    མནའ་ལ་དེ་འདྲའི་ཡིད་ཆེས་བྱེད་ཀྱི་མེད།    ལྷག་ཏུ་སྤྱི་ཚོགས་ཐོག་རྐུན་མ།   འཕྲོག་བཅོམ་མཁན།   རྫུན་རྐྱབ།   ལབ་རྐྱལ་རྣམས་ནི་ལྷག་ཏུ་མནའ་བསྐྱལ་རྒྱུ་དགའ་ཞིང་།    མནའ་བཙན་པོའི་ཚིག་བཤད་ནས་ཕ་རོལ་བར་རློམ་པར་བྱས་ཏེ་མགོ་སྐོར་ནས་གྱོང་གུད་སྣ་ཚོགས་ཐེབས་པའང་མིག་མཐོང་ལག་ཟིན་གྱི་སྣང་ཚུལ་དུ་གྱུར་ཡོད།     དེ་བས་མནའ་ཁོ་ནར་ཡིད་མི་ཆེས་པར།   དེང་སྐབས་ཡིན་ན་རྒྱལ་ཁབ་དང་ས་གནས་སོ་སོར་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཆ་ཚང་ཡོད་པས།    ཕན་ཚུན་བར་ཉོ་འཚོང་བརྗེ་རེས་དང་།   གཏའ་མ་འཇོག་པ།   གྲོས་ཆད་བྱེད་པ་སོགས་ལ་ཁྲིམས་དང་མཐུན་པའི་སྒོ་ནས།    སྤྱིའི་འགྲོ་ཕྱོགས་ལྟར་ཤོག་བུ་དཀར་བོའི་སྟེང་སྨྱུ་གུའི་ཡི་གེ་ནག་པོ་བྲིས་ཏེ་བདེན་དཔང་བཟོས་ན།   གནད་འགག་ལ་ཐུག་པའི་སྐབས་སུ་རང་གཞན་ཀུན་ལ་ཕན་ཞིང་།    གྱོང་གུད་ཀྱང་ཐེབས་མི་སྲིད་པ་རེད།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/8/3 བལྟ་ཀློག (32374)