༄༅། ། རྨ་འགྲམ་ལོ་རྡོ་རྗེ་བྲག་དགོན་པའི་གནས་ཡིག་བསྡུས་པ།
ལོ་རྡོ་རྗེ་བྲག་ནི་གཅན་ཚ་རྫོང་མཁར་ནས་ནུབ་ཕྱོགས་ཀྱི་སྤྱི་ལེ ༤ ཡས་མས་ཀྱི་ས་མཚམས་སུ་ཡོད་ལ། མིང་གཞན་ལ་རྣམ་དག་ཚུལ་ཁྲིམས་གླིང་དང་ཏུན་ཧོང་ཆུང་བ་ཞེས་ཀྱང་འབོད།
སྤྱི་ལོ༨༤༡ ལོར་བོད་ཀྱི་བཙན་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་དུས་སུ། བོད་ཀྱི་མཁས་པ་མི་གསུམ་གསང་སྟབས་ཀྱིས་གནས་འདིར་བྲོས་ཡོང་སྟེ་བཞུགས་མྱོང་ལ། ཕྱིས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་ཀྱི་བཙན་པོ་འུ་དུམ་བཙན་ནམ་གླང་དར་མ་མདའ་ཡིས་བཀུམ་རྗེས། གནས་འདིར་བྲོས་ཡོང་སྟེ་གསང་བའི་སྒོ་ནས་སྒོམ་སྒྲུབ་ཉམས་ལེན་བྱེད་པའི་སྐབས་དེར། བཙན་པོ་བཀུམ་བྱེད་ཀྱི་ལྕགས་མདའ་ལྕགས་གཞུ་གཏེར་དུ་སྦས་ཤིང་སྟེང་དུ་རྡོ་སྤུངས་མཛད་དེ་བཞག འཇམ་དབྱངས་བླ་མ་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་མཆོག སྤྱི་ལོ ༡༢༤༤ལོར་ཡོན་རྒྱལ་རབས་ཀྱི་རྒྱལ་བོ་གོ་དན་གྱིས་ལང་ཅུར༼甘肃武威༽གདན་འདྲེན་དུས། ལམ་བར་དུ་གནས་འདིར་ཞབས་ཀྱིས་བཅགས་ཤིང་། སངས་རྒྱས་གླང་བོའི་རིང་བསྲེལ་ཕོར་བ་གང་ནང་བཞུགས་ཀྱི་འབུམ་ཁང་མཆོད་རྟེན་ཡང་བཞེངས། འདི་ལ་འབུམ་ཁང་འཇའ་འོད་མ་ཞེས་གྲགས་ལ། ལོ་རྡོ་རྗེ་བྲག་གི་ནང་རྟེན་གཙོ་བོའང་ཡིན། ལོ་རྡོ་རྗེ་བྲག་ལ་བསྡོམས་པའི་ལྷ་ཁང་བཅུ་གཉིས་ཡོད་ཅིང་། དེ་དག་ལས་གཙོ་བོ་ནི། སྒོམ་ཆེན་ལྷ་ཁང་དང་བྱམས་པའི་ལྷ་ཁང་། རྒྱལ་བ་རྡོ་རྗེ་འཆང་གི་ལྷ་ཁང་། རིགས་གསུམ་མགོན་པོའི་ལྷ་ཁང་། སྒྲོལ་མའི་ལྷ་ཁང་། ཨོ་རྒྱན་ལྷ་ཁང་། མི་ལའི་ལྷ་ཁང་། སྨན་བླའི་ལྷ་ཁང་། མི་འཁྲུགས་པའི་ལྷ་ཁང་། ཚེ་དཔག་མེད་ཀྱི་ལྷ་ཁང་བཅས་ཡིན།
གཞན་ཡང་གནས་འདིར་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེ། འཇམ་མགོན་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་ལས་གཞན། གྲུབ་ཆེན་ལོ་ཁོག་ཐོག་འཛིན་དང་སྒོམ་ཆེན་སྤྲེལ་ནག་པ་འཕྲིན་ལས་ཕུན་ཚོགས། ཀུན་མཁྱེན་འཇིགས་མེད་དབང་བོ། ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ། བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། དུང་དཀར་བློ་བཟང་འཕྲིན་ལས་སོགས། མདོར་ན་དུས་རབས་རིམ་བྱུང་གི་སྐྱེས་བུ་དམ་པའང་བགྲང་གིས་མི་ལང་བ་ཞིག་བྱོན་ནས། ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་བའི་གནས་མཆོག་ཏུ་གྱུར་བ་ཞིག་ལ་མཐོང་ངོ་།། །
|