སེར་བྱེས་ལྷ་རམས་པ་རྒྱལ་མཚན་ཕན་བདེ་མཆོག་གི་བཀའ་སློབ།


སེར་བྱེས་ལྷ་རམས་པ་རྒྱལ་མཚན་ཕན་བདེ་མཆོག་གི་བཀའ་སློབ།

           སྟོང་སྐོར་ཞབས་དྲུང་བཅུ་གཅིག་པ་མཆོག་གི་བཀའ་དགོངས་ལྟར་སྤྱི་ལོ་ ༢༠༡༦/༡༢/༣ ཉིན། སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཕན་བདེ་མཆོག སྟོང་སྐོར་དགོན་གྱི་གཙོ་འཛིན་བསྟན་འཛིན་རབ་རྒྱས་མཆོག་གིས་གདན་ཞུས་གནང་ཡོད་པ་དང་། དེ་ཡང་སྟོང་སྐོར་ཞབས་དྲུང་གི་ཐུགས་དགོངས་དང་བསྟུན་སྔགས་ཀྱི་ས་ལམ་ཁྲིད་གནང་བའི་སྐོར་ཐོག་མར། སེར་སྨད་དགེ་བཤེས་ཉི་མ་མཆོག་གིས། དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཕན་བདེ་མཆོག་དུས་འདིར་བསྟན་འགྲོ་ལ་ཕན་ཐོགས་ཆེ་བའི་སྐྱེས་ཆེན་ཡིན་པས་ངེད་ཅག་ངོས་ནས་ཀྱང་གདན་ཞུ་བྱས་པའི་གོ་སྐབས་འདི་ནི་བསྐལ་པ་བཟང་པོ་ཡིན་པའི་སྐོར་དང་། དམ་པ་ཁོང་གིས་དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་སྔགས་ཀྱི་ས་ལམ་ཁྲིད་གནང་བ་ཇི་བཞིན་ངེད་ཅག་དགེ་འདུན་དམངས་ཀྱི་ངོས་ནས་དམ་ཚིག་ཚུལ་བཞིན་དུ་བསྲུང་བའི་སྐོར་དང་། མ་ཟད། མ་འོངས་པར་སྟོང་སྐོར་ཞབས་དྲུང་བཅུ་གཅིག་པ་ཁོང་གི་བཀའ་དགོངས་ཇི་བཞིན་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ཡུན་རིང་སྤུས་དག་པོ་གནས་ཐབས་སུ་གཙོ་འཛིན་བསྟན་འཛིན་རབ་རྒྱས་མཆོག་དང་ངེད་ཅག་ཚང་མས་འབད་བརྩོན་བྱ་རྒྱུ་ཡིན་པས། དགེ་བཤེས་མཆོག་གིས་དགོན་པ་འདི་ལ་མུ་མཐུད་དུ་གཞུང་ཆེན་མོའི་སྐོར་ཁྲིད་གནང་བ་བཅས་ཀྱིས་མཛད་པ་སྐྱོང་དགོས་པའི་སྐོར་གསུང་བཤད་གནང་།

       དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཕན་བདེ་མཆོག་གིས་ཉིན་བཅུ་ཕྲག་ལྷག་གི་རིང་དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་སྔགས་ཀྱི་ས་ལམ་འཆད་ཁྲིད་ཟབ་རྒྱས་གནང་ཡོད་པ་དང་། མཇུག་མཐར་དམ་པ་ཁོང་གི་བཀའ་སློབ་འདི་ལྟར། གཞུང་ཆེན་མོའི་དོན་ཤེས་པ་གལ་ཆེན་པོ་རེད། ཐོས་པ་མེད་པའི་སྒོམ་པ་དེ།། ལག་རྡུམ་བྲག་ལ་འཛེག་པ་འདྲ།། ཞེས་པ་ལྟར་ཐོས་པ་མེད་ན། སྒོམ་རྒྱུ་ཡོད་མ་རེད། ཐོས་པ་ཇི་ཙམ་མང་ནའང་དེ་ཙམ་གྱིས་སྒོམ་པོ་མང་པོ་འོང་གི་རེད། དཔེར་ན། མུན་ཁུང་ནང་ན་གློག་མ་བསྒྲོན་ན་ཇི་གར་མཐོང་གི་ཡོད་པ་མ་རེད། དེ་བཞིན་སློབ་སྦྱོང་མ་བྱས་ན་ཇི་གར་སྒོམ་རྒྱུ་ཡོད་པ་མ་རེད། མུན་ཁུང་ནང་ན་གློག་ཅིག་སྒྲོན་ན་ཅ་ལག་རྣམས་གསལ་བོ་མཐོང་བ་བཞིན། སློབ་སྦྱོང་གི་ཐོས་པ་ག་ཚོད་ཡོད་ནའང་དེ་ཙམ་གྱིས་སྒོམ་པ་ཡོད་པ་རེད། དེས་ན། གལ་ཆེ་ཤོས་སློབ་སྦྱོང་བྱེད་ཡས་རེད། ང་ཚོ་ཚང་མ་རྗེ་རིན་པོ་ཆེའི་སློབ་མ་རེད། རྗེ་རིན་པོ་ཆེའི་ག་རེ་གནང་ཡོད་རེད་ཟེར་ན། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཞེས་པ་ལྟར། དམ་པ་ཁོང་གི་རྣམ་ཐར་ལ་བལྟས་ན། སྐུ་ཚེ་གོང་འོག་ཀུན་ཏུ་ཐོས་པ་རྐྱང་རྐྱང་བྱས་པ་འདྲ་བོ་ཡོད་རེད། ཐོས་པ་གལ་ཆེན་ཡིན་པའི་རྟགས་རེད། ཡང་ན་སྐུ་ཚེ་གོང་འོག་ཀུན་ཏུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བ་དང་། ཡང་ན། ཉིན་མཚན་ཀུན་ཏུ་ཉམས་སུ་བླང་བའི་རྟགས་མཚན་མང་པོ་ཡོད་རེད། ཅི་འདྲའི་ཡ་མཚན་རེད། དངོས་གནས་ང་ཚོ་ཚང་མ་ཁོང་གི་རྗེས་འཇུག་ཡིན་པའི་ཆ་ནས་ཐོག་མར་ཐོས་བསམ་སྒོམ་གསུམ་གྱི་རིམ་པ་ཡག་པོ་ཤེས་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་། ཁ་ཅིག སྒོམ་པ་ལས། ཐོས་པ་དགོས་རྒྱུ་མ་རེད་ཟེར་མཁན་ཡོད་ཀྱང་། དེ་ནི་ཆོས་མ་ཤེས་པའི་རྟགས་རེད། དེར་མ་ཟད། དང་པོ་ཆོས་ལ་སློབ་སྦྱོང་བྱས་ནས། ཐ་མར་ཆོས་ལ་དགག་པ་རྒྱག་མཁན་ཡོད་ཀྱང་དེ་ཡང་ཆོས་མ་ཤེས་པའི་རྟགས་རེད། དེས་ན། ང་རང་ཚོ་བསྐལ་པ་བཟང་པོ་ཞེ་དྲགས་རེད། འོན་ཀྱང་། བསྐལ་པ་བཟང་པོ་ལ་ཆགས་ཐུབ་ཡས་དེ་སོ་སོ་ལ་རག་ལས་པ་རེད།

     དེས་ན། སློབ་སྦྱོང་མ་བྱས་ན་རྩ་བ་ཉིད་ནས་ཡག་པོ་ཡོད་མ་རེད། གསང་བ་འདུས་པ་འགོ་ནས་མཇུག་བར་ཆོ་ག་ངག་འདོན་བྱེད་ཡས་ཡོད་ནའང་ཆོ་གའི་དོན་ལ་བསམ་བློ་གཏོང་ཡས་མེད་ན། དཔེར་ན། དེང་སང་སྒྲ་འཇུག་ནང་དུ་ཆོ་ག་མང་པོའི་སྒྲ་བླངས་ནས་འདོན་ཡས་ཡོད་ཀྱང་། བསམ་བློ་གཏོང་རྒྱུ་མེད་པས་ཧ་ལམ་གཅིག་མཚུངས་རེད། དེར་མ་ཟད། ང་ཚོ་གྲྭ་བ་ཞིག་ཡིན་པའི་ཆ་ནས་མ་མཐའ་ཡང་རྩ་བ་བཞི་ཡག་པོ་ཞིག་ངོས་ཟིན་དགོས། གལ་ཏེ་དེ་ཙམ་ཡང་མ་ཤེས་ན་ཉིན་ཞིག་ལ་གཞན་གྱིས་གྲྭ་བར་བྱེད་པའི་ཕན་ཡོན་ཅི་ཡོད་ཅེ་ན། ལན་སྐྱོར་མ་ཤེས་ན་ཧ་ཅང་ངོ་ཚ་རེད། དེས་ན། ཞེ་དྲགས་འདུལ་བ་རྒྱས་པར་མ་ཤེས་ནའང་། འདུལ་བའི་བསླབ་བྱ་མདོ་བསྡུས་སྐོར་མང་པོ་ཡོད་པས་དེ་ཙམ་ཡང་སློབ་སྦྱོང་མ་བྱས་ན་ཧ་ཅང་ཐབས་སྐྱོ་བོ་རེད། ཅེས་པ་ནས་ཉི་མ་རྟག་པར་སོ་སོའི་དགེ་རྒན་ཞིག་གིས་སོ་སོ་ལ་འདི་འདྲ་བྱོས། འདི་འདྲ་མ་བྱེད་ཟེར་མཁན་ཞིག་ཡོད་ན་ཐབས་ཤེས་ཡག་ཤོས་རེད། ཅེས་དང་། ད་ལྟའི་སྤྱི་ཚོགས་ཀྱི་དབང་གིས་དགོན་པ་འདི་ལ་སློབ་སྦྱོང་ཡག་པོ་ཞིག་མེད་ན། དགོན་པ་འདིར་གྲྭ་བར་བྱས་ནས་ཡུན་རིང་སྡོད་མཁན་ཡོད་རྒྱུ་ཁག་པོ་རེད། དེས་ན། ཐབས་ཤེས་ཡག་ཤོས་ནི་དགོན་པ་འདིར་སློབ་སྦྱོང་ཡག་པོ་དགོས་ཡས་དེ་རེད།

     གལ་ཏེ་སློབ་སྦྱོང་ཡག་པོ་ཞིག་ཡོད་ན། སྔོན་མར་དགོན་པ་འདི་ཆུང་ཆུང་ཡིན་པས་སློབ་སྦྱོང་ཡག་པོ་མེད་ནའང་། ད་ལྟར་ཁོ་ཚོས་སློབ་སྦྱོང་ཕྱོགས་ལ་ཤུགས་ཆེན་པོ་བརྒྱབ་པས་གྲྭ་ཚོགས་ཡང་མང་རེ་འགྲོ་བཞིན་ཡོད་རེད་ཟེར་བའི་སྐད་ཆ་ཞིག་ཏན་ཏན་ཡོང་གི་རེད། མ་ཟད། ཡུལ་ལུང་འདིའི་མ་ཟད། ཕྱོགས་གཞན་དག་ནས་སློབ་སྦྱོང་བྱེད་མཁན་མང་པོ་འོང་རྒྱུ་རེད། ཅི་འདྲའི་ཡག་པོ་ཡོད་རེད། དེས་ན། སློབ་སྦྱོང་ལ་མཐོང་ཆེན་དང་། སློབ་སྦྱོང་བྱེད་མཁན་རྣམས་ལ་མཐོང་ཆེན། སློབ་སྦྱོང་གི་འགོ་ཁྲིད་མཁན་དག་ལ་རྒྱབ་སྐྱོར་རོགས་རམ་བྱེད་རྒྱུ་གལ་ཆེན་དོན་སྙིང་རེད། དེ་འདྲ་བྱས་ན་ཏན་ཏན་ཡར་རྒྱས་འགྲོ་རྒྱུ་རེད། དགོན་པ་འདི་ལ་ཤ་ཚ་སྙིང་རྗེ་མེད་མཁན་གྲྭ་བ་གཅིག་ཀྱང་ཡོད་མ་རེད། ཤ་ཚ་ཡོད་ན། ཤ་ཚ་བྱེད་སྟངས་ཤེས་དགོས་རེད། མི་གཞན་གྱིས་དགོན་པ་འདི་ཡག་པོ་ཡོད་པ་མ་རེད་ཟེར་ན། དགོན་པ་འདི་ལ་དགའ་དྲགས་པའི་དབང་གིས་མི་གཞན་ལ་ངན་པ་མ་རབས་ཅི་འདྲ་ཟེར་དགོས་ནའང་ང་ཚོས་ཟེར་ཐུབ་རེད། དེ་ནི་དགོན་པ་འདི་བདག་སྐྱོང་བྱེད་སྟངས་ཡག་ཤོས་མ་རེད། དགོན་པ་བདག་སྐྱོང་བྱེད་སྟངས་ཐབས་ཤེས་ཡག་ཤོས་ནི། སོ་སོས་ཐོས་བསམ་སློབ་གཉེར་ཡག་པོ་བྱེད་ཡས་དེ་ཡིན་ཞིང་། གལ་ཏེ་དེ་འདྲ་མ་བྱས་ན་ཉེན་ཁ་རེད། དེང་སང་དགོན་པ་གཞན་ལ་ཕར་ལྟོས་དང་། ཐོས་བསམ་སློབ་གཉེར་མེད་པའི་སྐྱེན་གྱིས་དགོན་པ་ཆུང་ཆུང་མང་པོ་ཉམས་བཞིན་ཡོད་རེད། དེ་ནི་ཐོས་བསམ་སློབ་གཉེར་མེད་པའི་སྐྱེན་གྱིས་རེད། དགོན་པ་དེ་ལ་ཐོས་བསམ་སློབ་གཉེར་མེད་ན། སྤྱི་ཚོགས་ཁྲོད་ནས་དགོན་པ་ནང་ལ་ཕ་མ་སོ་སོའི་བུ་རྒྱུད་ཡར་འཇོག་མཁན་སུ་གཅིག་ཡོད་པ་མ་རེད། ཁོ་ཚོས་ག་རེ་ཟེར་བ་རེད་ཟེར་ན། དགོན་པ་དེའི་ནང་རང་གི་བུ་ཕྲུག་གཏོང་རྒྱུ་ཡོད་པ་མ་རེད། བུ་ཕྲུག་འཕྲོ་བརླག་རེད། ཆོ་ག་ཁ་ཤས་འདོན་མཁན་ཡོད་ཀྱང་དོན་ནི་ཅི་ཡང་ཤེས་རྒྱུ་མ་རེད། སྔོན་མའི་གྲྭ་པ་ནང་བཞིན་ཆོས་ལ་དད་པ་འོང་རྒྱུ་མ་རེད།

       དེས་ན། ཕ་མ་སོ་སོའི་བུ་ཕྲུག་རྣམས་དགོན་པ་དེའི་ནང་གྲྭ་བར་བྱེད་མཁན་མི་བཏང་ཟེར་རྒྱུ་རེད། མ་ཟད། བུ་ཕྲུག་རྣམས་ཀྱིས་ཐོག་མར་གྲྭ་བར་བྱས་ཀྱང་ཐ་མར་གྲྭ་བ་ལོག་སོང་ན་ཁོ་ལ་ཡོན་ཏན་སྣ་གཅིག་ཡོད་ཁག་པོ་རེད། ཆོ་ག་འདོན་ཡས་ཡོད་ཀྱང་དེ་ནི་སྤྱི་ཚོགས་ཁྲོད་ལ་དེ་འདྲ་རེད། བུ་ཕྲུག་རྣམས་ཀྱི་མདུན་ལམ་ལ་ངེས་པར་དུ་དགོན་གཞུང་གི་བལྟ་དགོས་པ་རེད། བུ་ཕྲུག་རྣམས་མེ་ཏོག་ནང་བཞིན་རེད། དེའི་ནང་ཆུ་རླུགས་པ་ལྟ་བུའི་ཐོས་བསམ་སློབ་གཉེར་ཡག་པོ་བྱེད་དུ་བཅུག་ནས་ཡོན་ཏན་གྱིས་ཁ་ཕྱེ་དགོས་ཀྱང་། དེ་མེད་ན། བུ་ཕྲུག་རྣམས་བདག་སྐྱོང་བྱེད་སྟངས་འཆུག་ས་རེད། ཉེན་ཁ་ཆེན་པོ་རེད། དར་འབྱོར་གྱི་མི་ལུས་འཕྲོ་བརླག་གཏོང་བཞིན་ཡོད་རེད། དེ་ལས་ཆེ་བའི་གྱོང་གུད་ཅིག་ཡོད་པ་མ་རེད། ཅེས་དང་། སེར་ཤུལ་ཁྲི་པ་རིན་པོ་ཆེས་ནན་ཏན་གསུང་གིན་འདུག་ཨ། སེར་ཤུལ་མཚན་ཉིད་གྲྭ་ཚང་མེད་ན། སེར་ཤུལ་དགོན་པ་མེད་སོང་བ་དང་གཅིག་པ་ཡིན། ཐམས་ཅད་ཀྱིས་དེ་ཤེས་དགོས་ཞེས་གསུང་པ་བཞིན། སློབ་སྦྱོང་ནི་གལ་ཆེན་ཡིན་པས་ཐམས་ཅད་ཀྱིས་དེ་ལ་རྒྱབ་སྐྱོར་རོགས་རམ་གནང་རྒྱུ་རྩ་ཆེན་པོ་རེད། ཅེས་དང་།

     མདོར་ན། དགེ་འདུན་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་གཞིར་བྱས་ནས་ཐོས་བསམ་སློབ་གཉེར་ཡག་པོ་བྱོས། མདོ་ལས། དགེ་འདུན་མཐུན་པ་བདེ་བ་སྟེ།། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། ཞེས་པ་བཞིན་བཀྲ་ཤིས་བདེ་ལེགས་ཞུ། ཞེས་བཀའ་སློབ་ཟབ་རྒྱས་གནང་།

དེ་ནས། དགེ་འདུན་དམངས་ཀྱིས་དགའ་སྤྲོའི་ངང་ནས་མཇུག་སྒྲིལ། དགེ་རྩ་འདིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། ཡང་དགོས་བློ་བཟང་རྒྱལ་བའི་བསྟན་པ་ཕྱོགས་མཐའ་ཀུན་ཏུ་རྒྱས་པ་དང་། འགྲོ་བ་བདེ་བའི་རྒྱུར་འགྱུར་བར་སྨོན་ལམ་འདེབས། ནོར་འཁྲུལ་ལམ་ཆད་ལྷག་སོགས་ནོངས་པ་གང་མཆིས་གཟུར་གནས་མཁས་དབང་དག་གི་མདུན་དུ་བཟོད་པར་མཛོད།

༢༠༡༦/༡༢/༡༤ཉིན། དགེ་བློ་བཟང་སྦྱིན་པས། དགེའོ།།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/12/14 བལྟ་ཀློག (8661)