༄༅།།བོད་ཀྱི་དམངས་གཞས་གླུ་བ་མགར་བསམ་ལྷུན་ལགས་ཀྱི་དམངས་གཞས་ཆེད་བསྒྲིགས་ཐོག་མ་ཨ་ཞང་ལོ་ལོ།

༄༅། །བོད་ཀྱི་དམངས་གཞས་གླུ་བ་མགར་བསམ་ལྷུན་ལགས་ཀྱི་

དམངས་གཞས་ཆེད་བསྒྲིགས་ཐོག་མ་ཨ་ཞང་ལོ་ལོ་

ཞེས་པ་མི་འགྱང་བར་ཚོང་རར་འགྲེམས་སྤེལ་

བྱེད་རྒྱུ་ཡིན་པས་ཀུན་གྱིས་ཐུགས་ཁུར་

དང་རྒྱབ་སྐྱོར་རེ་གནང་བ་

བཀའ་དྲིན་ཆེ་ཞུ།


            བོད་ཀྱི་དམངས་གཞས་གླུ་བ་མགར་བསམ་ལྷུན་ལགས་ནི་ཨ་མདོ་རྔ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་གླུ་གར་སྒྱུ་རྩལ་ལ་དུངས་བ་ཟབ་ཅིང་རིམ་བཞིན་བོད་ཁམས་ཀྱི་གར་སྟེགས་ཆེ་མ་ཆུང་གསུམ་འགྲིམས་ནས་ཀུན་གྱིས་དགའ་བསུ་མི་དམན་པ་ཐོབ། ༢༠༠༥ལོར་རྔ་བ་རྫོང་ན་གཞོན་གླུ་བའི་དམངས་གླུ་འགྲན་སྡུར་ཁྲོད་ཨང་དང་པོའི་གཟེངས་རྟགས་དང་། གླུ་དབྱངས་ཀྱི་ཨང་གཉིས་པའི་བྱ་དགའ་ཐོབ། ༢༠༠༦ནས་༢༠༡༥བར་གཟུ་ཚ་སྡེ་དགུའི་སྐལ་བཟང་མེ་ཏོག་སྒྱུ་རྩལ་ཚོགས་པ་ནས་བྱ་བ་བསྒྲུབས། ཞོར་དུ་༢༠༠༨ལོར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་བྱམས་སྐྱོང་དགོང་ཚོགས་སུ་གདན་འདྲེན་ཞུས། ༢༠༠༩ལོར་ཀྲུང་གོ་ནུབ་རྒྱུད་ཀྱི་དམངས་གླུ་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ། ༢༠༡༠ལོར་ཧྲེང་ཧེ་འཛམ་གླིང་བཤམས་སྟོན་དགོངས་ཚོགས་ལ་གདན་ཞུ་བྱས། ༢༠༡༠ལོར་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་གྱི་འཁྲབ་སྟོན་ལ་ཞུགས། ༢༠༡༡ལོར་ཀྲུང་གོ་སི་ཁྲོན་བོད་གླུའི་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། ༢༠༡༡ལོར་སི་ཁྲོན་ཁྲི་འདུ་ནས་བསྡུས་པའི་འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་དགོངས་ཚོགས་སུ་ཞུགས། ༢༠༡༢ལོར་མཚོ་སྔོན་རླུང་བརྙན་འཕྲིན་གཉིས་ཀྱིས་བསྡུས་པའི་གངས་ལྗོངས་ཀུན་ཕན་རྟགས་མའི་དམངས་གླུ་འགྲན་ཚོགས་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། ༢༠༡༣ལོར་རྔ་བ་རྫོང་མི་དམངས་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་བསྡུས་པའི་ཞིང་ཆེན་གསུམ་གྱི་བོད་གླུའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་རེད། གཞན་ཕེ་ཅིང་དང་ཧྲང་ཧེ་སོགས་རྒྱལ་ནང་གི་ཞིང་ཆེན་ཆེ་གྲས་ཁག་གི་དགོངས་ཚོགས་གང་མང་ལ་ཞུགས་ནས་དགའ་བསུ་མི་དམན་པ་ཐོབ། གླུ་བ་མགར་བསམ་ལྷུན་ཁོང་གིས་བཤད་རྒྱུར། ཁོ་རང་གི་འདས་པའི་ལོ་ཟླའི་ནང་དུ་དམངས་གླུའི་རྒྱུད་འཛིན་པ་བྱས་ལ། སྲིད་གཞུང་གིས་ཀྱང་ཞིང་ཆེན་རིམ་པའི་དམངས་གླུའི་རྒྱུད་འཛིན་པར་བདམས་ཤིང་། མ་འོངས་པར་ཡང་བོད་མི་རིགས་ཀྱི་སྲོལ་རྒྱུན་དམངས་ཁྲོད་ཀྱི་གླུ་གཞས་མང་བོ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་སོ། །

མཐར་འཛམ་གླིང་ཞི་བདེ་དང་། སྒོས་སུ་ཕ་ཡུལ་གངས་རིའི་ལྗོངས་ལ་ཆབ་དཔལ་རིག་གསུམ་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ།


            དེ་ཡང་ཉིན་ཁ་ཤས་ཀྱི་རྗེས་སུ་མིང་གྲགས་ཅན་གྱི་གླུ་བ་མགར་བསམ་ལྷུན་ལགས་ཀྱི་དམངས་གཞས་ཆེད་སྒྲིག་ཐོག་མ་༼ཨ་ཞང་ལོ་ལོ༽ཞེས་པ་མི་ཡུལ་ལ་ལེགས་སྐྱེས་སུ་འབུལ་རྩིས་ཡོད་དེ། ཇི་ལྟར་མི་རིགས་ཀྱིས་ཡིན་ན་དེ་ལྟར་འཛམ་གླིང་གིས་ཡིན་ཞེས་པའི་དཔེ་ལྟར། དམངས་གླུ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མཆོག་གྱུར་ཞིག་ཡིན་ལ། འཛམ་གླིང་རིག་གནས་གྲས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་མཆོག་གྱུར་ཞིག་ཀྱང་ཡིན་ངེས་སོ། །ངེད་ཅག་གིས་རང་མི་རིགས་ཀྱི་མཆོག་གྱུར་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་དགོས་པར་མ་ཟད། རྒྱུད་འཛིན་བྱེད་ཀྱིན་པའི་སྒྱུ་རྩལ་བ་རྣམས་ལ་རྒྱབ་སྐྱོར་གང་ལེགས་བྱེད་དགོས་པ་འོས་འགན་ལྟ་བུར་ཆགས་ཡོད། རང་མི་རིགས་ཀྱི་རིག་གནས་དྲིལ་སྒྲོག་དང་འཛམ་གླིང་རིག་གནས་ལ་ཁ་སྣོན་ཕྲན་ཙམ་བྱེད་ཐུབ་པ་ནི་གླུ་བ་ཁོང་གི་མཛད་རྗེས་རེད་ལ། བོད་མི་རིགས་ཀྱི་གཟི་བརྗིད་ཀྱང་རེད་དོ། །

འགྲེམ་སྤེལ།

བོད་ཁུལ་གྱི་ས་གནས་སོ་སོ་ནས་འགྲེམ་སྤེལ་བྱེད་རྒྱུ་ཡིན་པས་ཉོ་འདོད་མཁན་དག་གིས་རང་རང་ལ་སྟབས་གང་ལེགས་བྱེད་ཆོག


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/12/31 བལྟ་ཀློག (32247)