༧རྗེ་གུང་ཐང་བསྟན་པའི་དབང་ཕྱུག་ཚང་གི་བཀའ་སློབ་མུན་སེལ་སྒྲོན་མེ།


བཀའ་སློབ་མུན་སེལ་སྒྲོན་མེ།


         ང་རང་གང་ལ་སོང་ན་ལག་ཏུ་འབའ་འབུལ་བ་ཡོང་ཚད་ཕྱེད་སློབ་གྲྭ་དང་ཕྱེད་དགོན་པ་ལ་ཕུལ་བ་ཡིན། ང་ལ་བླ་མའི་ཐོབ་ཅིག་ཡོད་པའི་ཆ་ནས་དགོན་པ་བདག་སྐྱོང་བྱེད་པ་གཙོ་བོ་ཡིན་མོད། འོན་ཀྱང་དེང་བོད་སྤྱིའི་ཆ་ནས་བཤད་ན་སློབ་གྲྭ་ཆེས་ཤིན་ཏུ་གལ་ཆེ་བའི་སྟབས་ཀྱིས་འབུལ་བ་ཕྱེད་སློབ་གྲྭར་ཕུལ་བ་ཡིན།


         མི་རིགས་རང་གི་སྐད་ཡིག་དང་སྲོལ་རྒྱུན་གྱི་རིག་གནས་ཡག་པོ་ཞིག་དར་མ་ཐུབ་ན། མི་རིགས་འདྲ་མཉམ་དང་མི་རིགས་རང་གི་ཆོས་སྲིད་ཀྱི་བྱ་བ་ཐམས་ཅད་ཡར་རྒྱས་ཡར་དར་དུ་འགྲོ་རྒྱུ་ཟེར་བ་ནི་སྟོང་གཏམ་རེད།


         གལ་སྲིད་རང་རང་གི་ས་ཆ་ལ་རང་གིས་བདག་པོ་བྱེད་ཐུབ་པ་ལ་རང་གི་ས་ཆའི་བྱིས་པར་ཡོན་ཏན་དགོས། ཡོན་ཏན་མེད་ན་ནམ་ཞིག་གཞན་གྱི་གཡོག་ཏུ་འགྱུར་བ་ལས་རང་ས་རང་གིས་སྐྱོང་ཐུབ་པ་མ་རེད།


         དེ་རིང་ནངས་ཁ་ཐམས་ཅད་སྒོར་མོའི་སྟེང་ན་འགྲོ་བཞིན་ཡོད་པས། ང་ཚོས་དཔལ་འབྱོར་སྟེང་ནས་འབད་པ་བྱེད་དགོས། དཔལ་འབྱོར་དར་སྤེལ་ལ་ཡང་གཙོ་བོ་རིག་གནས་ལག་རྩལ་དགོས།

༧རྗེ་གུང་ཐང་བསྟན་པའི་དབང་ཕྱུག་ཚང་གི་གསུང་འབུམ་ལས་བཤུས།

༄༅། །འཇིགས་མེད་སྟོབས་བཅུ་མངའ་བའི་གདུང་འཚོབ་མཆོག ། བློ་བཟང་རྒྱལ་བའི་མདོ་སྔགས་བསྟན་པའི་བདག །

གསུང་གི་དབང་ཕྱུག་ངུར་སྨྲིག་གར་ཟློས་པའི། ། ཆོས་ཀྱི་འཁོར་བསྒྱུར་ཆེ་ལ་གསོལ་བ་འདེབས། །

༧དོར་ཞི་གདོང་དྲུག་སྙེམས་བློས།


འཇིགས་པ་མེད་པའི་ལུང་རྟོགས་ཡོན་ཏན་གྱིས། ། ཡོངས་རྫོགས་བསྟན་པའི་དབང་ཕྱུག་གཅིག་གྱུར་པ། །

འཇིགས་བྲལ་སྲིད་བཞིའི་བླ་ན་འཕགས་པའི་མགོན། ། ཕྱོགས་ལས་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །

༧ཨ་ས་བླ་ཁོརིན་པོ་ཆེས།


སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/2/22 བལྟ་ཀློག (12773)