ཨ་ཕོ་ལུག་རྫི། སྒྲུང་ཐུང་།

ཨ་ཕོ་ལུག་རྫི།   སྒྲུང་ཐུང་།


   རྩོམ་པ་པོ།   ལྷོ་བུ་དོན་གྲུབ།

       དེ་ནི་ཆར་ཞོད་ཆེ་བའི་དབྱར་གནང་ཞིག་རེད།    མཛེས་སྡུག་གི་ལྗང་མྱུག་ས་གཞི་ལ་བཞད་པའི་ས་སྲོད་ཅིག་རེད།     ཏག་ཏག་ཁ་སང་དེ་རིང་གི་ད་ཚོད་ཅིག་ལ།     ཨ་ཕོ་ལུག་རྫིས་ལུག་ཁྱུ་འགའ་རྫ་རིའི་རི་རྐེད་ནས་དེེད་འགྲོ་ཡི་འདུག    ཁོ་བོའི་སྐད་མགོ་མཐོན་པོས་སྒོ་ནས་དམངས་ཁྲོད་ཀྱི་གླུ་ཞིག་གཏོང་གིན་འདུག དེ་ནི “ང་ཨ་ཕོ་ལུག་རྫི་མི་ཡི་ཐ་མ་རེད་” ཅེས་ལེན་གྱིན་གདའ།

       སང་གིན་སོང་གིན་ཅུང་ཙམ་ཞིག་མ་འགོར་བར་མདུན་ངོགས་ནས་ཨ་ཁུ་སྤྱང་ཀི་ཞིག་དལ་གྱིས་འཇབ་ནས་ལུ་གུ་ཆུང་ཆུང་ཞིག་ཁྱེར་ནས་བྲོས་པ་ན།    ཨ་ཕོ་ལུག་རྫིས་“ ཀི ”  ཞིག་བཏབས་རྗེས་“ཨ་ཁུ་སྤྱང་ཀི་ལོ་ལོ་མ་མོ་ལུ་གུའི་ཨ་མ་ཡིན་ལུ་གུ་ཆུང་ཆུང་ཨ་མ་ལ་དགའ་”ཞེས་དེ་ལྟར་བོས་ཡང་།  སེམས་མེད་ཀྱི་སྤྱང་ཀི་གར་སོང་ཆ་མེད་དུ་གྱུར་སོང་།   ཁོ་བོ་འཚོལ་དུ་སོང་རུང་སྤྱང་ཀི་དང་ལུ་གུ་གཉིས་ཀ་གང་ཞིག་ཏུ་འཚོས་ཡོད་པའང་མ་གོ་པར་ཕྱིར་ལ་ཡོང་སྟེ་ལུག་གཞན་པ་རྣམས་དེེད་དེ་ལུག་བདག་ཚང་གི་ལྷས་རར་འབྱོར་རྗེས།     དེ་བ་ཚང་གི་རྒད་པོས་ཨ་ཕོ་ལུག་རྫི་ལ་བརྙས་སྨོད་གང་མང་བྱས་ནས་ཨ་ཕོ་ལུག་རྫི་ཕམ་པར་བྱས།

      ཡིན་ཡང་།   སྡེ་མི་ཚོས་ཨ་ཕོ་ལུག་རྫི་ནི་དྲག་འཛིང་ལ་ཞེ་འཛིན་མེད་ཅིང་ཁ་སེམས་གཅིག་མཐུན་གྱི་མི་བུ་རྣལ་མ་ཞིག་ཡིན་ཟེར་མཁན་འདུག     ཡང་ལ་ལ་ཞིག་གིས་ཁོ་ལ་དུས་རྒྱུན་དུ་བློ་གཅིག་སེམས་གཅིག་གི་གཅེས་ཤིང་ཟས་ལོངས་སྤྱོད་སྦྱིན་མཁན་ཡང་མི་ཉུང་ཟེར།    རྒྱུ་མཚན་ཁོ་བོ་ནི་མི་མེད་རྒྱུ་མེད་ཅན་ཞིག་ཡིན་ལ་མི་དག་གི་ནང་ནས་ཀྱང་གླེན་ཞད་ཆེ་ས་ཞིག་ཡིན་པས།   མི་རྣམས་ཀྱིས་དུས་རྒྱུན་དུ་ཁོ་ལ་ལྟ་རྟོག་བྱེད་སྲིད།     དོན་དངོས་ནས་ཁོ་བོའི་མིང་ལ་“ གཟུགས་རིང” ཟེར་ཞིང་།    དེ་ནི་ཁོའི་ཨ་མའི་ཆུང་དུས་ནས་ཁོ་ལ་གཟུགས་རིང་གཉིས་པ་ཟེར་སྲིད།

       རྒྱུ་མཚན།    ཁོ་བོའི་ཨ་ཕ་ནི་གཟུགས་པོ་རིང་ལ་ཁ་རྣ་ཆེ་བའི་འབྲོག་མི་དཀྱུས་མ་ཞིག་ཡིན་པས་རེད། ཨ་ཕོ་ལུག་རྫི་ཆུང་ཆུང་ཡིན་དུས་ནས་ཨ་ཕ་ཚེ་ལས་འདས་སོང་།     ལོ་དང་ཟླ་བའི་བརྒྱུད་རིམ་ཁྲོད་ནས་ཨ་ཕོ་ལུག་རྫི་ནར་སོན་ནས་ལོ་བཅོ་ལྔ་ལ་སོན་འདུག   ལུག་བདག་ཚང་ལ་ཡོང་ནས་བཟུང་སྟེ་ཁོ་ལ་སྡེ་མི་ཀུན་གྱིས་ཨ་ཕོ་ལུག་རྫི་ཟེར་ནས་མིང་འདི་ཐོགས་སོང་།     རྒྱུ་མཚན།     ཁོ་བོའི་ངག་རྒྱུན་དུ་“ཨ་ཕོ་ལུག་རྫི”མ་གཏོགས་གླུ་གང་ཡང་ལེན་མི་ཤེས་མཁན་ཞིག་ཡིན་པས་དེ་ལྟར་བཤད་དོ། །

      ཉིན་ཞིག་ལ་ལུག་ཁྱུ་རི་ནས་འཐོར་ཏེ་གསར་དུ་བཙས་པས་མ་མོ་མ་བུ་གཉིས་མ་གཏོགས་ལུག་གཞན་པ་དག་གར་སོང་ཆ་མེད་དུ་གྱུར།    ཨ་ཕོ་ལུག་རྫིས་ཡང་ད་སྔོན་གྱི་དམངས་གླུ་དེ་ལེན་ཞོར་ལུག་རྗེས་ལ་ཡོང་གིན་འདུག   ཅང་མ་འགོར་བར་ཁོ་བོས་མ་མོ་མ་བུ་མ་གཏོགས་གཞན་པ་དག་མེད་པ་མཐོང་ནས་ཧ་ལས་ནས་མ་སངས་བར་དུ་བརྒྱལ་ནས་བསྡད།

     དེའི་རྗེས་ནས་ལུག་ཁྱུ་དེ་དག་འཚོལ་དུ་སོང་།     ཉིན་གང་བོར་འཚོལ་ཡང་ལུ་གུའི་རྗེས་ཤིག་ཀྱང་མ་རྙེད་པས་ཁོ་བོ་ཨ་ཐང་ཆད་ནས་ཐང་ཡངས་མོ་ཞིག་ཏུ་ས་ལ་འགྱེལ་ནས་དུས་གཏན་དུ་སད་པ་མ་བྱུང་ངོ་།།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/8/15 བལྟ་ཀློག (33802)