བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྔར་བཞིན་རྒྱུན་འཁྱོངས་ཡག་པོ་ཡོད།

བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྔར་བཞིན་

རྒྱུན་འཁྱོངས་ཡག་པོ་ཡོད།

 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེའི་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་རྩིས་ནས་གངས་ལྗོངས་ས་མཐོའི་སྔོ་ཞིང་གཡའ་དག་པའི་ནམ་མཁའ་བ་དང་། དྭངས་ཤིང་གཙང་བའི་ཆུ་བོ། མཛེས་ཤིང་སྐྱིད་པའི་རི་ཀླུང་བཅས་ལ་སྲུང་སྐྱོབ་ནུས་ལྡན་བྱས་པར་དགའ་ཤོས་པའི་གྲུབ་འབྲས་ཐོབ་ཡོད།

 སྤྱི་ཚེས་༡༣ཉིན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་དཀའ་སྤྱད་འབད་འཐབ་ཀྱི་ལོ་ལྔ་ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚོགས་ནས་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། སྐྱེ་ཁམས་ཀྱི་མཚམས་ཐིག་ནན་པོ་སྲུང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་འདུག

 བོད་ལྗོངས་ཀྱིས་ཏང་གིས་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ཡོད།

 ༢༠༡༣ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་རྗེས་སུ《མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར》དང《རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ཏེ། ༢༠༣༠ལོར་སླེབས་སྐབས་གཞི་རྩའི་ཆ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པའི་དམིགས་ཚད་འགྲུབ་པ་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྤྱིའི་ཇུས་གཞི་དང་ཆ་ལག་ཚང་བའི་སྒྲོམ་གཞི་ཁ་གསལ་བཏོན་ཡོད།

 ལོ་ལྔའི་རིང་། བོད་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་སྤྱིའི་བླང་བྱའི་འོག རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་འཛུགས་སྐྱོང་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལམ་ལུགས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། རླང་ཁམས་ཆེན་མོ་དང་། ཆུ། ས་བཅས་ཀྱི་སྦག་བཙོག་འགོག་བཅས་ལ་སྐུལ་འདེད་བཏང་བ། ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་པ། ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ཁྲིམས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཏེ། ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།  

 མིག་སྔར། བོད་ལྗོངས་ཀྱི་ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་སྐྱེ་ཁམས་མ་ལག་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་བྱུང་ནས་ས་ཁོངས་མང་ཆེ་བ་གདོད་མའི་རྣམ་པར་གནས་ཡོད། གཙང་པོ་དང་། མཚེའུ་ཡི་ཆུའི་སྤུས་ཚད་རིགས་གསུམ་པའི་ཚད་གཞིར་སླེབས་པའམ་དེ་ལས་ལེགས་པ་ཡོད་པ་དང་། གྲོང་རྡལ་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཚད་གཞིར་སླེབས་ཚད་བརྒྱ་ཆ་༩༥ཡན་དུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།  


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/9/16 བལྟ་ཀློག (44527)