དབང་སྐྱོན་སྒྱུ་རྩལ་ཚོགས་པ་སྒྲིབ་བྲལ་སྒྱུ་རྩལ་དོ་ར་ངོ་སྤྲོད།


       མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པའི་དབང་བོ་སྐྱོན་ཅན་རྣམས་ཀྱིས་རང་ཉིད་ལ་ཡིད་ཆེས་བརྟན་པོ་བཅངས། སྙིང་སྟོབས་ཆེན་པོ་བསྐྱེད། བཟའ་མི་དག་གིས་ཁོང་ཚོར་རྒྱབ་སྐྱོར་ཆེན་པོ་བྱས། གསོ་སྐྱོང་ཡག་པོ་གནང་། སྲིད་གཞུང་གིས་ཀྱང་དམིགས་བསལ་གྱི་སྲིད་ཇུས་གང་མང་སྤེལ་བ་སོགས་ལ་བརྟེན། སྔ་མོ་ནས་ལམ་ལ་ཆས་ཏེ་རང་ཁ་རང་གསོ་ཐུབ་པར་བྱས་ནས། གཞན་བརྟེན་གྱི་འཚོ་བའི་མཇུག་རྫོགས་ཡོད་ན་ཡང་། ང་ཚོའི་བོད་ཀྱི་དབང་བོ་སྐྱོན་ཅན་རྣམས་རང་ལ་ཁོ་ཐག་ཆད། སེམས་ཕམ་ནས་ཡོད་པར་མ་ཟད། བཟའ་མི་དག་གིས་དབང་བོ་སྐྱོན་ཅན་ཞིག་གིས་ཅི་ཡང་མི་ནུས་པར་འདོད་ནས་རྒྱབ་སྐྱོར་མི་བྱེད་ལ། སློབ་སྦྱོང་གི་གོ་སྐབས་ཀྱང་མི་སྤྲད། སྲིད་གཞུང་གིས་ཀྱང་དེ་འདྲའི་དོ་སྣང་མི་བྱེད་པ་སོགས་ཀྱིས། དུས་དེ་རིང་ཡང་རང་ཁ་རང་གསོ་མ་ཟད། རང་ལུས་རང་བདག་ཀྱང་མི་ཐུབ་པར་སྤྱི་ཚོགས་ཀྱི་ཁུར་བོར་གྱུར་ཡོད་པ་འདི་རེད།       གོང་གི་རྒྱུ་རྐྱེན་འདི་དག་གཙོས་རྒྱུ་རྐྱེན་མང་པོ་ཞིག་གིས་ལོང་པ་ཀླུ་ཐར་ང་རང་གཙོ་བྱས་དབང་བོ་སྐྱོན་ཅན་རེ་འགའ་ཞིག་གིས་སྒྲིབ་བྲལ་སྒྱུ་རྩལ་དོ་ར་ཞེས་པའི་དབང་སྐྱོན་སྒྱུ་རྩལ་ཚོགས་པ་ཞིག་བཙུགས་ན་བསམས་སོང་བས། ང་ཚོས་ཡང་དང་ཡང་དུ་གྲོས་བསྡུར་བྱས་མཐར་གཟུག་རྒྱུའི་གྲོས་འཆམ་བྱུང་། སྒྱུ་རྩལ་ཚོགས་པ་ནས་ཡི་གེ་སློབ་པ་དང་། གླུ་གར་སྦྱོང་བ། རི་མོ་དང་གཙག་དྲུབ་སྦྱོང་བ་སོགས་རང་ཉིད་ལ་ཕན་པ་ཡོད་པ་ཐམས་ཅད་སྦྱངས་ནས། དབང་བོ་སྐྱོན་ཅན་རྣམས་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཏེ། ལུས་སེམས་གཉིས་ཀྱི་སྡུག་བསྔལ་སེལ་ནས་འཚོ་བ་སྐྱིད་པོ་རོལ་ཐུབ་པ་དང་། མ་མཐའ་ཡང་རང་ཁ་རང་གསོ་ཐུབ་པ་ཞིག་བྱ་བསམས་ཡོད་ལ། འཆར་གཞི་ཡང་ཡག་པོ་རེ་ཡོད།   སྒྲིབ་བྲལ་སྒྱུ་རྩལ་དོ་ར་རུ་ལོང་པ་དང་ལྐུགས་པ། ཞ་བོ་གཙོས་དབང་བོ་ལ་སྐྱོན་ཅུང་ཚབས་ཆེན་ཡོད་མཁན་ཚང་མ་བསྡུས་ནས་གཙོ་བོ་གླུ་གར་ལ་སྦྱངས་པ་བྱས་ཏེ། རིམ་གྱིས་ཡི་གེ་དང་ལོང་པའི་འཕུར་མཉེད། བག་ལེབ་བཟོ་བ་དང་རི་མོ་འབྲི་བ། གཙག་དྲུབ་དང་བརྐོ་བཟོ་སོགས་དབང་བོ་སྐྱོན་ཅན་རྣམས་ཀྱིས་སྦྱོང་ཐུབ་པ་དང་། ཕན་པ་ཡོད་པ་ཅི་རིགས་ཕྱོགས་ལ་འབད་པ་ཆེན་པོས་སྦྱངས་པ་བྱས་ཏེ་གྲུབ་འབྲས་ཡག་པོ་རེ་འཐོབ་ཐུབ་པར་འབད་ངེས།         

      སྒྲིབ་བྲལ་སྒྱུ་རྩལ་དོ་ར་ནས། ལོང་པས་གཙོ་བོ་འབུད་རྡུང་དཀྲོལ་གསུམ་དང་གླུ་སྦྱང་རྒྱུ་ཡིན་ལ། ལྐུགས་པས་ཁོང་ཚོར་འཚམ་པའི་རོལ་ཆ་དང་བྲོ་སྦྱང་རྒྱུ་ཡིན། ཞ་བོས་ཁོང་ཚོར་འཚམ་པའི་རོལ་ཆ་དང་གླུ་སྦྱང་རྒྱུའི་འཆར་གཞི་ཡོད།  ང་ཚོས་ལོ་བཞིའི་ནང་དུ་འབད་པ་ཆེན་པོས་སློབ་སྦྱོང་་བྱས་ནས། གར་སྟེགས་ཆེ་ཆུང་གང་རུང་ལས་འཁྲབ་སྟོན་བྱེད་ཐུབ་པར་བྱས་ཏེ། འཁྲབ་སྟོན་ལས་ཐོབ་པའི་སྒོར་མོས་རང་ཁ་རང་གསོ་བྱེད་ཐུབ་པ་ཙམ་ཟད། དབང་བོ་སྐྱོན་ཅན་རྣམས་ལ་འཚོ་བའི་ཁ་གསབ་སྤྲོད་པ་དང་། སྒྲིབ་བྲལ་སྒྱུ་རྩལ་དོ་རའི་གཞི་རྒྱ་ཇེ་ཆེར་བཏང་སྟེ། གོང་ན་བྲིས་པ་བཞིན་བག་ལེབ་བཟོ་བ་དང་ལོང་པའི་འཕུར་མཉེད་སོགས་དབང་བོ་སྐྱོན་ཅན་རྣམས་ཀྱིས་སློབ་སྦྱོང་བྱེད་ཐུབ་པ་དང་། ཕན་པ་ཡོད་པ་ཅི་རིགས་ལ་ཟབ་སྦྱོང་བྱེད་པའི་གོ་སྐབས་དང་ཆ་རྐྱེན་བསྐྲུན་རྒྱུའི་འཆར་གཞི་དང་། རང་ཉིད་ཚོས་དེ་འདྲ་ཞིག་ཐུབ་པའི་ཡིད་ཆེས་བརྟན་པོ་དང་གདེང་ཚོད་ཆེན་པོ་ཡོད་དོ། །  

འབྲེལ་གཏུག་ཁ་པར།


ཨ་མདོ། ཀླུ་ཐར། 18894569344   

བདེ་ཆེན་གཡུ་སྒྲོན། 15889087754   

དབུས་གཙང་། ཀུན་བཟང་སྒྲོལ་མ། 18184912433


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/3/29 བལྟ་ཀློག (31588)