འགྱིག་ཁུག་སྣ་ཚོགས་སྤྱོད་སྐབས་ཀྱི་གནོད་པ། རྒྱུན་ཤེས།

འགྱིག་ཁུག་སྣ་ཚོགས་སྤྱོད་སྐབས་ཀྱི་གནོད་པ།

ཡིག་སྒྱུར་བ། སྡེ་དགེ གླིང་དུག་སྦྲང་།


      འགྱིག་ཁུག་ནི་ང་ཚོའི་འཚོ་བའི་ཁྲོད་ནས་རྒྱུན་པར་ག་ས་གང་ནས་ཡིན་ནའང་སྤྱོད་ཐུབ་པ་ཞིག་ཡིན་ལ། ཚོད་མ་ཞིག་ཉོ་དུས་ཡིན་ནའང་སྤྱོད་དགོས་པ་དང་། ཚོང་ར་དག་ནས་ཅ་ལག་ཅིག་ཉོས་ནའང་སྤྱོད་དགོས་ཀྱིན་འདུག  རྩྭ་ཐང་ཞིག་ཏུ་རྩེད་མོ་རྩེ་རུ་སོང་ནའང་ཟས་རིགས་ཕལ་ཆེ་བའི་ཁུག་མ་ནི་འགྱིག་ཁུག་རེད། འབྲས་ཚོད་ཁ་ཐུམ་བརྒྱབས་ནས་ཁུར་དུས་སུ་སྦྱིན་བདག་གྱིས་མགྲོན་པོ་ཚོ་ལའང་འགྱིག་ཁུག་མཁོ་སྤྲོད་གནང་བཞིན་འདུག

འགྱིག་ཁུག་སྤྱོད་པའི་ཁྱབ་ཁོངས་ནི་ཧ་ཅང་རྒྱ་ཆེན་པོ་རེད། འོན་ཀྱང་ཉེ་བའི་ལོ་འདི་དག་གི་ནང་དུ་འགྱིག་ཁུག་གིས་མི་ཚོགས་ལ་ཧ་ཅང་བཀོལ་སྤྱོད་སྟབས་བདེའི་སྣང་ཚུལ་ཞིག་སྤྲད་ཡོད་ནའང་། ཁོར་ཡུག་ལ་ནི་དཀར་མདོག་འགྱིག་སྙིགས་ཀྱིས་བཙོག་སྐྱོན་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། རྒྱུ་མཚན་ནི་འགྱིག་ཁུག་ཚུར་བསྡུ་བའི་མ་རྩ་ནི་ཧ་ཅང་དམའ་མོ་ཡིན་སྟབས། མི་མང་པོ་ཞིག་གིས་འགྱིག་ཁུག་བེད་སྤྱོད་ཚར་བའི་རྗེས་སུ་ལམ་ཟུར་དང་ཆུ་འགྲམ་སོགས་གང་འདོད་དུ་འཕེན་པའི་ངན་སྤྱོད་དེ་ལོབས་སོང་བ་རེད།

    གང་འདོད་དུ་འཕེན་པའི་འགྱིག་ཁུག་འདིས་མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་གནོད་པ་ཡོད་པ་མ་ཚད། མངོན་མེད་ཀྱི་ཉེན་ཁ་མང་པོ་བཟོ་བཞིན་ཡོད་པ་རེད། འགྱིག་ཁུག་གི་གྲུབ་ཆ་དང་དེའི་གྲུབ་ཚུལ་ནི་རྫས་འགྱུར་གྱིས་བརྟན་པོར་བཟོས་བཞག་ཡོད་པ་དང་རང་བྱུང་སྐྱེ་དངོས་ཀྱིས་དེ་ལ་འགྱུར་བ་གཏོང་མི་ནུས་པར་བྱས་ཟིན་པ་རེད། དེའི་ཕྱིར་ང་ཚོས་གཡུགས་ཟིན་པའི་འགྱིག་ཁུག་དག་ནི་རང་བྱུང་ཁམས་ཆེན་མོ་ན་ཡུན་རིང་དུ་གནས་ཐུབ་པ་རེད། བྱེ་འདམ་གྱི་ནང་དུ་གསོག་ཉར་བྱས་པའི་འགྱིག་ཁུག་རྙིང་པ་དག་གིས་ལོ་ཏོག་གི་བཅུད་ཆ་དང་བརླན་གཤེར་ཆ་རྣམས་བཞིབས་ནས་ལོ་ཏོག་སྐྱེ་བ་ལ་གནོད་པ་ཚབས་ཆེན་བྱེད་བཞིན་ཡོད་པ་རེད། ཚན་རིག་པས་དངོས་བརྟག་བྱས་པའི་སྡོམ་ཚིག་ལྟར་ན། གད་སྙིགས་མང་པོ་བླུགས་སའི་ནང་དུ་ཡོད་པའི་འགྱིག་ཁུག་གསར་རྙིང་ཚང་མ་ས་འོག་ཏུ་སྦས་དགོས་པ་དང་། ས་འོག་ཏུ་སྦས་ནའང་ལོ་ངོ་བརྒྱ་ཕྲག་དུ་མ་ཞིག་གི་རྗེས་ད་གཟོད་ཚང་མ་རྩ་མེད་དུ་གྱུར་འགྲོ་བ་རེད། དེའི་བར་དུ་ས་གནས་དེ་སྤྱོད་ནུས་ཀྱི་རིན་ཐང་ཉམས་ཟིན་པ་ཡིན།

     མ་ཚད་ལམ་འགྲམ་དང་ཆུ་ནང་སོགས་ལ་གཡུགས་པའི་འགྱིག་ཁུག་དག་གི་ནང་དུ་གལ་ཏེ་ཟས་སྙིགས་ཅུང་ཙམ་རེ་ཡོད་ན་སྲོག་ཆགས་གཞན་གྱིས་ཁྱུར་མིད་བྱས་པའི་སྟབས་ཀྱིས་སྲོག་ཆགས་དེ་འཆི་རྒྱུའི་ཉེན་ཁ་ཡོད་པ་རེད། ཆེས་གལ་ཆེ་ཤོས་ཤིག་ནི་འགྱིག་ཁུག་ནང་དུ་ཟ་མ་འཇོག་པ་དེས་མིའི་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་གི་ཡོད་པ་རེད། རྒྱུ་མཚན་ནི་འགྱིག་ཁུག་འབག་བཙོག་གིས་གྲུབ་པའི་ནང་དུ་ཟ་མ་སོགས་འཇོག་ན་ཟ་མ་དེ་འབག་བཙོག་ཏུ་བཟོས་སོང་བ་རེད།  ཁྱད་པར་དུ་ཟ་མ་བཙོས་མའི་རིགས། འབྲས་ཚོད་སོགས་ང་ཚོས་ནམ་ཞིག་ལ་ཟོས་བཞག་པ་ཡིན་ན་ལུས་པོའི་བདེ་ཐང་ལ་གནོད་པ་ཚབས་ཆེན་བྱེད་ཀྱིན་ཡོད་པས་རྒྱུན་པར་འཚོ་བའི་ནང་འགྱིག་ཁུག་བེད་སྤྱོད་མ་ནོར་བ་གལ་ཆེའོ།།

འགྱིག་ཁུག་དང་གད་སྙིགས་ཀྱིས་གནོད་སྐྱོན་ཐེབས་པ།


རྩོམ་སྒྲིག་པ།  གླིང་དུག་སྦྲང་།  སྤེལ་དུས། 2018/11/15 བལྟ་ཀློག (32121)