བརྒྱད་ཅུ་རྒན་པོ་དབུ་དཀར་ཁོག་དཀར་ལ།

བརྒྱད་ཅུ་རྒན་པོ་དབུ་དཀར་ཁོག་དཀར་ལ།   


དགེ་རྒན་བདེ་མཆོག་ལ་ཕུལ་བའི་འབོལ་གདན།

སྒ་ངག་ཆོས།   སྒ་སྐྱེ་དགུ་མདོ།


བརྒྱད་ཅུ་གོམ་ཁ་བརྒལ་བའི་ལོ་ཚོད་ལོན།།
རྒས་པའི་གཉེར་མས་བཅོམ་པའི་ལུས་ཚུགས་ཞན།།
དེ་ལྟར་ན་ཡང་རྣམ་དཔྱོད་རྒྱ་མཚོའི་འཇིང་།།
འདི་ན་རླབས་ཀྱིས་འཕྱོ་བར་ཅིས་མི་དད།།

སྔོན་བྱོན་དམ་པ་མང་པོའི་དགོངས་པའི་བཅུད།།
ཆང་རྐྱལ་ཆང་ལ་སྤྱོད་པའི་སྟངས་བཟུང་ནས།།
ཉིན་མཚན་དཀར་ནག་རེས་ལ་བླངས་པའི་ཚུལ།།
རྣམ་ཐར་སྐལ་བཟང་དགའ་བྱེད་ཁྱོད་ལ་མང་།།

ལྷག་པར་མདོ་སྨད་བརྡ་ཡི་མཁན་པོའི་ཁྱུ།།
ལུག་ཁྱུ་བསྟར་ལ་བསྒྲིགས་བཞིན་འཚོ་བའི་དུས།།
ནོར་བུ་ནོར་ཉམས་མ་ཆོད་སྤྱོད་པའི་དབང་།།
སྔོན་གྱི་བསོད་ནམས་དྲག་པོས་ཁྱོད་ལ་སྟེར།།

དབུ་དཀར་རྩི་ཏོག་རྩེ་མོ་ལྡེམ་གྱིན་དུ།།
རྒས་ལྕེ་འཁུམ་པའི་འདབ་མ་གཡོ་བཞིན་དུ།།
གཞོན་པའི་རང་བྱུང་སྤང་ལ་མཆེད་པ་ནི།།
མི་ཚེའི་དབྱར་ཟླའི་གཟི་བརྗིད་ལོས་ཡིན་འདོད།།

འཆད་སྣང་ཉམས་འགྱུར་སྨིན་ལེགས་སྒེག་མའི་ཚུལ།།
ག་ཞ་གཏམ་ཚོགས་དལ་འབབ་ཆུ་བོའི་མཛོད།།
མིང་དང་སྙན་གྲགས་གོ་ལའི་སྐར་ཆེན་འདྲ།།
དེ་བས་འཆད་ཁྲིད་ཞུ་བར་ཅུང་ཟད་མོས།།

བརྡ་གསལ་དག་སྒྲོས་ལྕང་མ་གུག་པས་སམ།།
ཡུལ་ལུང་བིས་མདོའི་སྨྲ་བརྗོད་བསྐལ་བ་འམ།།
འཆད་དོན་སུམ་རྟགས་ཡུལ་ཚུལ་ཆེར་མ་རིག།
གནད་གསལ་གཞུང་གི་མྱོང་བ་ཅུང་མ་འཕྲོད།།

རང་སེམས་རྟོག་པའི་རླུང་གིས་བཀྱགས་པའི་རྐྱེན།།
ཞིབ་ཉན་ངལ་ཆེན་ཁུར་ལོང་མ་བྱིན་པས།།
ལས་ཀྱི་བསྡུས་པའི་འུ་གུ་དགེ་སློབ་གཉིས།།
འདི་ཙམ་ཞིག་ལས་ཕན་འདོགས་ལས་མེད་འདྲ།།

འཕྲོ་མེད་རྣམ་རྟོག་གཟེབ་ཀྱི་བྱེའུ་ཆུང་བཞིན།།
བརྩོན་པའི་ངང་ཡུན་རྟ་མཆོག་གཤོག་ལྡན་ལྟར།།
དེ་གཉིས་སྟོར་བའི་ལེ་ལོའི་བཙོན་པ་ང་།།
དགེན་ཁྱོད་འབྲེལ་བའི་སྐལ་བ་ལྡན་ཙམ་རེད།།

བསླད་མར་འཚོ་བའི་ཆུ་གཞུག་རིང་བ་དང་།།
སྐུ་ཡི་མཛད་འཕྲིན་ཉི་ཟླ་གསལ་བ་དང་།།
མི་ཚེའི་མཐའ་མའི་སོས་དལ་ལོངས་སྤྱོད་སོགས།།
མ་ཚང་མེད་པ་ཁྱོད་ལ་དབང་གྱུར་ཅིག།

       ཅེས་པྲ་སི་གཉིས་ཀྱི་སུམ་རྟགས་ཆ་ཚང་ཞུས་གྲུབ་ཀྱང་ཆེར་མ་གོ་བས་ཡུས་འཕང་དང་བཅས་ཡུལ་མདོ་སྨད་ནས།

མཚོ་མཐའི་སྣང་བ།

ཆུ་བོའི་ཆལ་ཆིལ་ལ་ལྕེབས་པའི་ཉ་མོ།།
རྒྱ་མཚོ་གཏིང་མེད་དུ་འོག་འགྱུ་གླེབས་དུས།།
རྒྱང་རིང་ཡུལ་མཐའ་ནས་འགེབ་པའི་གོས་སྔོན།།
མཐོང་ཡས་ཨ་སྔོན་ལ་ཚད་ཐིག་ཨེ་བཞག།

སྨུག་རླངས་སྒས་ཁ་རུ་བསྐོར་འཚུབ་བྱེད་ཅིང་།།
ཆུ་ཁར་ངང་ཟུང་གི་ལྡེམ་འགྱུ་རྒྱབ་པའི།།
དབྱར་དུས་མཚོ་ཟུར་གྱི་སྣང་བ་སྐྱིད་པོ།།
དག་པ་ལྷ་ཡུལ་ནས་ཕབ་པ་རེད་དམ།།

འབྱམས་ཀླས་བྱེ་གཞུང་དུ་གཅེར་ཉར་བརྒྱབ་བཞིན།།
བུ་མོ་མེ་ཏོག་ལ་ཟུར་མདའ་འཕེན་ཞོར།།
ཐར་ཐོར་ཡིག་འབྲུ་ལ་བླ་ཚེ་འཐིམ་པའི།།
ན་གཞོན་རྣམ་ཤེས་ཀྱི་ཉིང་བཅུད་ཨེ་ཤེེས།།

གཟིངས་གྲུ་ཆུ་དཀྱིལ་ནས་འཕུར་ལྡིང་རྩེན་པ།།
གསར་བུས་མཚོ་ཟུར་ནས་བགད་སྒྲ་གློད་པ།།
ཁྲི་ཤོར་རྒྱལ་མོ་ལ་ཅེར་མིག་གཏད་པའི།།
ཡུལ་བསྐོར་གློའུ་ཕྲུག་དག་སྙིང་ལ་རྗེ་བ།།

མཚོ་མཐར་རླུང་བུ་ཡི་སིལ་སྒྲ་ཤིག་སེ།།
ངང་དཀར་གཤོག་སྒྲོ་ལ་ཐོགས་པའི་མཛེས་མདང་།།
ཕོ་མོའི་རི་དྭགས་ལ་འཁྲི་བའི་རྣམ་ཤེས།།
རྒྱ་མཚོའི་དཀྱིལ་སྙིང་དུ་ཟུག་པ་ཨེ་མཐོང་།།

འབྲོག་སྡེའི་གཡང་ཟོག་གི་ལྷས་མཐར་ཉར་བའི།།
བུ་མོའི་བཞོ་དབྱངས་གྱི་གསེང་ལ་འཐིམ་པ།།
ཆལ་ཆིལ་རླབས་རིས་ཀྱིས་ཁྲུས་ཆབ་གཏོར་བའི།།
ཁྲི་ཤོར་རྒྱལ་མོའི་ཡི་ཤག་སྒྲ་ཐོས་འགྲོ།།

ཙོང་ལ་རིང་མོའི་ཞོལ་གྱི་མགུར།


ལེ་བར་བརྒྱ་ཚོར་བསྐྱོད་པའི་འཕྲུལ་དང་སྦྲགས།།
རྒྱུས་མེད་ཡུལ་ནས་ཡུལ་གཞན་རྒྱུད་བྱས་ཏེ།།
སྣ་ཚོགས་ཡུལ་གྱི་སྣང་བ་མྱོང་བ་འདིའང་།།
ཤེས་རབ་བརྡར་བའི་རིག་པའི་གནས་ཡིན་ནོ།།

ཡུལ་གྱི་མིང་དང་དུས་ཀྱི་འཕོ་འགྱུ་ཉན།།
ས་ཡི་ཚུགས་དང་སྡེ་མིའི་གཤིས་ཀར་བལྟ།།
གནའ་བོ་གདོང་དམར་སྲིན་པོའི་ལྷད་ཞུགས་པའི།།
ཤུལ་ལྷག་རིག་གནས་གང་དུ་ཡོད་པར་འཚོལ།།

རྒྱ་བོད་ས་ཡི་མཐའ་འཁོབ་ཡུལ་ལུས་ཏེ།།
དཔའ་བོའི་འཐབ་རྩོད་བར་གྱི་ལྡེའུ་འདྲ་བ།།
མདོ་སྨད་ཙོང་ཁའི་སྡེ་ཡི་སྟོད་སྨད་ཀྱི།།
རྒན་པོའི་སྐྱིད་སྡུག་ཉན་པ་ཅི་འདྲ་བསོར།།

ཐར་ཐོར་སྤང་ཐང་གཏོར་བའི་རྡོར་འགྲན་པའི།།
སིལ་བའི་བོད་ཀྱི་ལས་དབང་དྲན་པ་ན།།
མདོ་དབུས་ཁམས་ཀྱིས་ཡིག་སྐད་གཅིག་རྟེན་པ།།
བདག་ནི་ངོ་མཚར་རྒྱ་མཚོའི་གཟེངས་སུ་ལྷུང་།།

ཏུན་ཧོང་ཡུལ་གྱི་ཡར་མར་སྣེ་འཐུད་དེ།།
གྲོང་སྡེ་དགུ་ཚིགས་བསྟར་བའི་སྐར་ཁྱུའི་གྲངས།།
བོད་ཀྱི་ཡིག་སྐད་མ་བརྗེད་སྨྲ་བའི་ཉམས།།
ཞིབ་ཏུ་བལྟས་ན་ལྷ་ཡིས་བསྔགས་པའི་གནས།།

གདོད་མའི་རྒྱལ་རབས་རྒྱུད་ཀྱི་འཕྲེང་བ་ནས།།
སིལ་བུ་ཡོལ་སྟེ་གཞུང་ཚོགས་འཐོར་བའི་བར།།
རྒྱ་བོད་རྩེད་ཆས་ལྟ་བུ་མདོ་སྨད་པ།།
ད་དུང་བོད་ལ་དུངས་པ་ཨེ་མ་ཧོ།།

ལོ་ཁམས་ཁྲམ་ལ་བསྟར་བའི་དུས་ཚིགས་ཀྱི།།
མདོ་སྨད་མངའ་སྡེ་སྲུང་བའི་དམག་དཔོན་དང་།།
སྐྱིད་སྡུག་མཉམ་དུ་སྲུང་བའི་སྡེ་འབངས་འདི།།
ལོ་དུས་གཉའ་གནོན་འོག་གི་ཀ་བ་ཡིན།།

ཨ་མདོ་ཤེས་རིག་ནོར་གྱི་ཁྱིམ་གྱུར་པ།།
སྡེ་གཉིས་མཐུད་པའི་མདོ་རུ་འཚོ་བ་ལས།།
གནམ་ནས་ཐུན་མིན་གནང་བའི་སྐལ་མིན་པས།།
མདོ་སྨད་ཡུལ་འདི་ངལ་ལས་དཀྱིལ་ནས་འཁྲུངས།།

ཁ་བདེས་ངག་རྩལ་འགྲན་པའི་འབྲུག་སྐད་ལ།།
བླུན་པོས་བདེན་པའི་དོན་དུ་སྙམ་བྱས་ཏེ།།
རྩོད་རྙོག་རིང་མོའི་འཇིང་ལ་ཟུག་པ་ལས།།
ཡུལ་དངོས་ཞིབ་ཀྱིས་མྱོང་བ་འདི་ལྟར་དགེ།།

༼མཐའ་མེད་སྤྱི་ཚོགས་རིག་པའི་གནས་ཡིན་ཞེས།།༽
གཟུ་བོའི་བློ་ལྡན་གཏམ་ལ་འཇུག་པ་ན།།
བདག་ཕྱོགས་རྐྱང་པར་བཀྲ་ཤིས་བརྗོད་བྱེད་པའི།།
འཇམ་དབྱངས་བཞད་པ་ལྟ་བུ་ཅི་ལ་བྱེད།།

དེ་ལྟར་ཡུལ་གྱི་འགལ་རྙོག་མ་ལྷུང་པའི།།
རང་སྡེའི་ཡུལ་དང་དུས་ཀྱི་འཕོ་འགྱུ་ལ།།
གཟུ་བོས་བལྟ་བའི་ཤེས་རབ་མིག་འདོད་ན།།
ཆོས་དང་ཡུལ་གྱི་མཐའ་ལ་མ་ལྷུང་མཛོད།།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/2/11 བལྟ་ཀློག (31029)