བྱིས་པས་ཁ་པར་རྩེས་པའི་གནོད་སྐྱོན།

བྱིས་པས་ཁ་པར་རྩེས་པའི་གནོད་སྐྱོན།

འབའ་སྣང་གྲོལ་གྱིས་དོན་བསྒྱུར་བྱས།

     ཚན་རིག་པས་སྡོམ་རྩིས་བྱས་པ་ལྟར་ན།  བྱིས་པས་ལག་འཁྱེར་ཁ་པར་བཀོལ་སྤྱོད་བྱེད་སྐབས་སུ་ཁ་པར་གྱི་གློག་རྡུལ་འོད་རླབས་ཀྱིས་བྱིས་པའི་ཀླད་ཆེན་ལ་ཤུགས་རྐྱེན་ཐེབས་ཚད་ནི་དར་མ་དང་བསྡུར་ན་བརྒྱ་ཆའི་དྲུག་ཅུའི་ཡན་ཡིན་པ་དང་། ཨ་རིའི་སེམས་ཁམས་རིག་པ་བ་ཞིག་གིས་གནད་དོན་འདིའི་ཐད་ལ་རང་ཉིད་ཀྱིས་ལོ་བཅུའི་ཞིབ་འཇུག་བྱས་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པས་འཛམ་བུ་གླིང་གི་བྱིས་པའི་ཕ་མ་རྣམས་ཧ་ལས་སུ་བཅུག

        དེ་ཡང་ཚན་རིག་པ་འདི་ཉིད་ཀྱིས་ལོ་བཅུའི་ཡར་སྔོན་དུ་འཛམ་གླིང་གི་ས་ཆ་ཁག་ནས་ཚད་ཐིག་མི་གཅིག་པའི་ཁྱིམ་ཚང་སོ་སོའི་ནང་བྱིས་པ་བརྒྱ་ཐམ་པ་བདམས་པ་དང་།  བྱིས་པ་དེ་དག་ནི་ལག་འཁྱེར་ཁ་པར་དུས་རྒྱུན་ལག་ལེན་བྱེད་ཀྱིན་མེད་པའི་སྐོར་ཁག་གཅིག་དང་།  ལག་འཁྱེར་ཁ་པར་ནང་དུ་དུས་རྒྱུན་རྩེད་མོ་སོགས་ལ་མགོ་འཁོར་ནས་བསྡད་ཡོད་པའི་བྱིས་པའི་སྐོར་ཁག་གཅིག་སྟེ། བྱིས་པ་ཡོངས་སྐོར་ཁག་གཉིས་སུ་བགོས་ནས་མུ་མཐུད་དུ་བརྟག་དཔྱད་བྱས་པ་རེད།   ལོ་བཅུའི་རྗེས་ནས་སེམས་ཁམས་རིག་པ་བ་དེའི་བརྟག་དཔྱད་ཀྱི་འབྲས་བུ་ནི།  ལག་འཁྱེར་ཁ་པར་ལ་མགོ་འཁོར་བའི་སྐོར་ཁག་གི་བྱིས་པ་དག་ལས་མི་གཉིས་ཀྱིས་མ་གཏོགས་སློབ་ཆེན་ལ་རྒྱུགས་མ་འཕྲོད་པ་དང་།  ལག་འཁྱེར་ཁ་པར་མི་རྩེད་པའི་བྱིས་པའི་སྐོར་ཁག་དེའི་ནང་གི་མི་གསུམ་མཐོ་འབྲིང་མཐར་ཕྱིན་རྗེས་ཁྱིམ་ཚང་གི་དཀའ་ཁག་བསམས་ནས་ལས་ཀ་རེ་བཙལ་ནས་མཐོ་རྒྱུགས་ལ་མ་ཞུགས་པ་ལས།   གཞན་བྱིས་པ་ཞེ་བདུན་གྱིས་སློབ་ཆེན་ལ་ཚེགས་མེད་ངང་རྒྱུགས་འཕྲོད་པར་མ་ཟད།  དེའི་ནང་གི་སློབ་མ་བཅུ་དྲུག་ལ་སློབ་ར་ཡོངས་ལས་སྦྱངས་འབྲས་ཕུལ་བྱུང་གི་བྱ་དགའ་ཐོབ་མྱོང་བ་རེད།  

      ཧྥ་རན་སིའི་ཁུ་ཚེ་མན་.ཧྥེས་ལིང་སློབ་ཆེན་གྱིས་ཚོད་ལྟ་ཐེངས་ཤིག་བརྒྱུད་ནས་བསྟན་དོན།   བྱིས་པས་ལག་འཁྱེར་ཁ་པར་བཀོལ་སྤྱོད་བྱེད་སྐབས་སུ་ཁ་པར་གྱི་གློག་རྡུལ་འོད་རླབས་ཀྱིས་བྱིས་པའི་ཀླད་ཆེན་ལ་ཤུགས་རྐྱེན་ཐེབས་ཚད་ནི་དར་མ་དང་བསྡུར་ན་བརྒྱ་ཆའི་དྲུག་ཅུ་ལས་མང་བ་འགྲེལ་བརྗོད་གནང་བ་རེད།  

        ཉེ་ཆར་དབྱིན་ཇིའི་ཉིན་རེའི་སྦྲག་སྲིད་ཚགས་པར་སྟེང་རྩོམ་ཡིག་སྤེལ་ནས།   བྱིས་པས་ལག་འཁྱེར་ཁ་པར་རྩེས་ན་དྲན་འཛིན་གྱི་ནུས་པ་ཇེ་སྡུག་དུ་འགྲོ་བ་དང་།  གཉིད་མི་ཡོང་བ་སོགས་བདེ་ཐང་གི་གནད་དོན་འབྱུང་བར་ནན་གྱིས་བསྟན་པ་དང་།    དབྱིན་ཇི་ཧྭ་ཝེས་སློབ་ཆེན་གྱི་འབུམ་རམས་པ་ཅཱི་ལིས་ཏི་.ཁུ་ཏོའུ་ལགས་ཀྱིས་ཀྱང་།     ལག་འཁྱེར་ཁ་པར་གྱི་འགྱེད་འཕྲོའི་འོད་རླབས་ཀྱིས་བྱིས་པའི་དབང་རྩའི་མ་ལག་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་པར་གཏོར་སྐྱོན་གཏོང་བ་དང་།  དྲན་འཛིན་གྱི་ནུས་པ་ཇེ་ཞན་དུ་འགྱུར་བ།   མགོ་ན་བ།  གཉིད་མི་ཁུག་པ་སོགས་བདེ་ཐང་གི་གནད་དོན་མང་བོ་ཞིག་བསྐྱེད་ཡོང་ངོ་ཞེས་ང་ཚོ་ཕ་མ་རྣམས་ལ་ཉེན་བརྡ་ནན་པོ་བཏང་ཡོད་དོ།།

     མདོར་ན་ཕ་མ་རྣམས་ཀྱིས་རང་གི་བྱིས་པ་གཅེས་ལང་དུ་བཏང་ནས་ཁ་པར་རྩེ་རུ་བཅུག་ན། ཤེས་མེད་ཚོར་མེད་ངང་མ་མཐའ་ཡང་གསབ་ཐབས་བྲལ་བའི་མི་ཚེ་ཡི་གྱོང་གུད་ཆེན་པོ་བཞི་རང་གི་བྱིས་པ་ལ་འཁུར་དུ་བཅུག་ཡོད་དེ། 

       ༡   མིག་དབང་ཉམས་ཞན་དུ་འགྲོ་བ། 

       ༢  སེམས་ཁམས་ཀྱི་ནད་བསྐྱེད་པ།  

       ༣  ཀླད་པ་དང་དབང་རྩར་གནོད་སྐྱོན་བཟོ་བ། 

       ༤  སློབ་སྦྱོང་དང་དུས་ཚོད་འཐུས་ཤོར་དུ་བཏོང་བ་བཅས་ཡིན།


རྩོམ་ཁུངས།  ༼རང་རྒྱལ་གྱི་རྩོམ་ཡིག་གཅེས་བསྡུས༽ཅེས་པའི་རྒྱ་ཡིག་གི་འཕྲིན་སྟེགས་ལས་བདམས་ཏེ་བསྒྱུར།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/5/9 བལྟ་ཀློག (4678)