དོན་འགྲུབ་རྡོ་རྗེའི་སྙན་ངག་བདམས་བཀོད།

དོན་འགྲུབ་རྡོ་རྗེའི་སྙན་ངག་བདམས་བཀོད།


སྟོན་ཁ་སླེབས་བྱུང་།


སྟོན་ཁ་སླེབས་བྱུང་།

རི་ཆུ་ལུང་གསུམ་གྱི་དུས་ཚིགས་ལས་ཅོང་བརྡ་སིང་སིང་།

མེ་ཏོག་ཡལ་སོང་།རྩྭ་ལོ་སེར་སོང་།

སྣོད་བཅུད་རྟེན་འབྲེལ་གྱི་གྲུ་ཟུར་རེ་ནས།

སྡོང་ལོ་ཡང་རེ་རེ་བཞིན་རླུང་བུས་འཁྱེར་དུས།

སླར་ཡང་།

ཆ་རྒྱུས་ཡོད་ལ་མེད་པའི་མི་ཡུལ་གྱི་སྟོན་ལྗོངས་སུ་ཆས་འགྲོ།


སེམས་ཀྱི་གྲུ་ག་སྲབ་མོར།

གྲང་ཤུར་ཤུར་གྱི་སྟོན་རླུང་གཡུག་གིས།

རྨི་ལམ་རྟག་པར་འཛིན་པའི་དགུ་ཚིགས་ཀྱི་སྐྱོ་གླུ་དར་དིར།

མི་རྟག་དུས་ཀྱིས་བསྐུལ་བའི་ཆོས་ཉིད་ཀྱི་སྣང་གླུ་ཐར་ཐོར།

སྟོན་ནམ་རིང་མོར་འགྲོགས་ཏེ་སྐར་མའི་ཚོགས་སུ་འཐིམ།


ཁེར་རྐྱང་གི་མཁའ་མཐའ་ནས་སྐྱ་རེངས་ཤར་དུས།

རྩྭ་ཆུ་དང་དབྱར་གཞུང་གི་རྨི་ལམ་གྱི་ཡུལ་ལྗོངས་ཇི་ལྟར་ཉུག་ཀྱང་།

སྟོན་མཇུག་གི་ཞོགས་པར་སེམས་ལ་བ་མོ་བབས་སོང་།

མི་སེམས་ཀྱི་ལོ་མ་རྒས་སོང་།


དྲན་གདུང་གི་སྲད་བུར་བརྒྱུས་པའི་ཁྲུང་ཁྲུང་དཀར་མོ།

ལྷོ་ལམ་གྱི་མཁའ་དབྱིངས་སུ་སྙེག་ཚེ།

སྟོན་ཁས་འཇིག་རྟེན་ལ་བསྒྲགས་པའི་ཆོས་ཉིད་རེ་རེ་མངོན་བྱུང་ལ།

འདུ་འབྲལ་ཡང་དུས་ཚིགས་དང་ལས་དབང་གི་ཁ་ཆད་ཅིག་ཡིན་པར་རྟོགས་འོང་།

སྟོན་གྱི་སྣང་བ་ཟ་ཟི།ཡིད་ཀྱི་དྲན་པ་གྱ་གྱུ།

རྨི་ལམ་ལྟ་བུའི་འཇིག་རྟེན་གྱི་སྣང་གླུ་རིང་མོ།       

རྒྱལ་ལོ་2145 8 27



རྟ་མཆོག་ཐང་།


རྟ་མཆོག་ཐང་།

འབྲོང་ཁྱུ་དང་ཤ་རྐྱང་མེད་པའི་ཐང་ཆེན།

ཐང་ཆེན་པོའི་ཁ་བ་དང་སྤང་རྩྭའི་གསེབ་ནས།

མི་རྟ་ཁེར་རྐྱང་གི་རྒྱབ་གཟུགས་མཐོང་ས།

གནའ་སྔ་མོ་སྔ་མོའི་ལྗང་མདོག་གི་ཡུལ་ཁམས་དེ་ནི།

གཏམ་རྒྱུད་ཀྱི་བུ་ག་རེ་ནས་ཡལ་ངེས་སམ།


ཐང་འདི་ནས་ཇིང་གིར་གྱི་སྒྲུང་རིང་དང་།

དཔའ་རྟུལ་གྱི་ཕོ་རྩལ།

རྟ་མཆོག་གི་རྨིག་སྒྲ་བཅས།

ལ་ཁའི་རྫི་བོ་ནས་ས་སྒང་གི་ཁྱོན་དུ་གྲགས་མྱོང་ཟེར།


རྟ་ཕོ།

རྩྭ་ཐང་གི་བདག་པོ།

རྩྭ་ཐང་གི་མུ་ཁྱུད།

སྨུག་ལོང་ལོང་གི་གྲོང་མཐར་བུད་དེ།

བཤུལ་ལམ་གྱི་སྐྱོ་ངལ་ཞིག་ནས།

ངས་ཁྱོད་ཀྱི་བང་རྩལ་དང་ངོ་གདོང་རྙེད་སོང་།

༢༠༡༦-༢-༡ སོག་ཡུལ།


སྲིད་པའི་གངས་རྒན།


ཁྱེད་རང་གླིང་སྒྲུང་དང་གཏམ་རྒྱུད་ཀྱི་ཁྲོད་ནས་ཡང་ཡང་ཐོས་མྱོང་།

ཨ་ཕས་བཤད་ན་ཁྱེད་ཀྱི་སྐུ་མདོག་དཀར་ལ་བརྗིད་ཅིང་རྔམ་པ་ཞིག་དང་།

རྟ་མཆོག་དཀར་པོར་ཆིབས་ལ་ཉེ་འཁོར་ཁྲི་མ་འབུམ་ཚོས་བསྐོར་བའི་སྐྱེས་བུ་ཞིག་ཡིན་རབས་ཟེར།


ཆུང་དུས་ཐག་རིང་ནས་ཚོར་ཞིང་ཐག་རིང་ནས་མཇལ་མྱོང་།

གནའ་སྔ་མོའི་གཏམ་རྒྱུད་ཀྱི་ཐོག་མཐའ་གྱེར་དུས།

ཁྱོད་ནི་མཐོ་སྒང་འདིའི་དབུ་རྩེ་ན་ལས་དབང་གི་རླུང་རྟ་དང་།

བསྐལ་བའི་ཆགས་འཇིག་ཐོགས་པའི་སྲིད་པ་འདིའི་མེ་ལོང་ཞིག


གཏམ་རྒྱུད་ཀྱི་ཆུ་རྒྱུན་བཞུར་དྲགས་པས།

མི་ཚེའི་རྟོག་བརྟག་གི་འཁོར་ལོས་ཆོད་དཀའ་རུང་།

ཚེ་སྲོག་གི་རླུང་རྟའི་ཆེད་དུ།

རྨི་ལམ་ནས་དད་པའི་བའི་དག་ཞིང་མང་པོ་བཙལ་མྱོང་ཨང་།


དགའ་མྱོང་ལ་སྐྱོ་ཡང་མྱོང་བའི་ཨ་མྱེས་རྨ་ཆེན།

ཨ་ཕའི་སྐྲ་ལོ་ནང་བཞིན་ཁྱོད་ཀྱི་དབུ་རྨོག་གི་དར་འཕྲུ་ལ།

ལོ་ཟླ་དང་ཁ་བས་ཨུ་ཚུགས་ཇི་ལྟར་གཏོང་རུང་།

གངས་འདབས་ན།

གསོལ་འདེབས་དང་སྨོན་ལམ་གྱི་ཀློང་ནསཁྱོད་ལ་ཕུལ་བའི་སྙིང་གཏམ་དང་ཁེར་རྐྱང་གི་སྐྱབས་འཇུག་མང་།

ལྷ་བསང་མཐོ་པོར་གཏོང་བའི་ཀི་རིང་གི་དབྱངས་རྟའི་བར་ནས།

ཁྱེད་རང་སྲིད་པའི་ལྷ་རབས་ཀྱི་བར་ཐག་འཐེན་སའི་ལྷ་གཉན་གྱི་ཕོ་བྲང་སྟེ།

དགུ་ཚིགས་ཀྱི་དབྱངས་རྟ་དང་ལས་དབང་གི་གཏམ་རྒྱུད་འབྲི་སའི་མཛེས་སྡུག་གི་དག་ཞིང་འདྲ།


ཨ་མྱེ་རྨ་ཆེན།

སང་ནངས་མོའི་ནམ་མཁའ་དང་ས་གཞི་ལ།

བདེ་སྐྱིད་ཡང་ཡང་གནང་བར་ཞུ།

༢༠༡༤ ༩ ༡༦ རྨ་ཆེན་གངས་འདབས་སུ།


གནམ་ཐང་གི་མགྲོན་པོ།


མགྲོན་པོ་ཕར་འགྲོ་ཚུར་འོང་།

མི་ཚོགས་འཚང་ཁ་ཤིག་ཤིག་གིས་བྱ་བའི་ལས་ལ་བྲེལ།

ཕུགས་བསམ་གྱི་རྒྱང་ལྟའི་ཆེད་དུ།

རྨི་ལམ་གྱི་འཆར་གཞིའི་ཆེད་དུ།

སང་ཉིན་གྱི་ཁ་ཆད་དེའི་ཆེད་དུ།

ཐམས་ཅད་ཀྱང་བཟང་ངན་དང་ཆེ་ཆུང་། 

མཛངས་བླུན་དང་དབུལ་ཕྱུག་མེད་པར།

གཟི་བརྗིད་དང་སྤོབས་པ།བརྩེ་བ་ནས་འདུན་པ།འཚོལ་སྙེག་ནས་ཐོབ་ཤོར་སོགས།

སྣང་སྲིད་རྟེན་འབྱུང་གིས་བརྒྱུས་པའི་གནམ་གྱི་ཐིག་ཤིང་ལ་བུད་དེ།

ཤར་ནུབ་རྒྱ་མཚོའི་ཕན་ཚུན་ལ་སྐྱོད་ཀྱིན་འདུག


ག་ལེར་བསམས་ན།

འགྲོ་མིའི་རྣམ་རྟོག་གི་བུ་གར་འཚང་བའི་གཟུགས་བརྙན་ཇི་སྙེད་ཕྱི་རུ་འཆར་བ་དང་།

ལུས་སེམས་ཀྱི་དགའ་སྐྱོ་མཐའ་དག་ཁ་དོག་དང་ལས་རླུང་གིས་གྲུབ་པ་ཞིག་དང་མཚུངས།

ཐམས་ཅད་བསྡད་ན་ཆས་དགོས་ཤིང་སོང་ན་འདུག་དྲན་པའང་ལྷན་སྐྱེས་ཀྱི་རང་བཞིན་ཉིད་དེ།

འདུ་འབྲལ་ཆོས་ཉིད་ཀྱི་སྔུན་དུ་ཉེ་རིང་མེད་ལ་ཀུ་རེའང་མི་འདུག་ཨང་།


ཆོས་དང་འཇིག་རྟེན་གྱི་བར་མར་འཁྱམ་པའི་ཕུང་གསུམ་པ་རང་ཉིད།

གློ་བུར་གྱི་ངེས་འབྱུང་ཙམ་ན་སྣོད་བཅུད་ལ་གནས་ཚང་གཡར་བའི་མགྲོན་པོ་ཞིག་ཡིན་པ་ཐེངས་གཅིག་དྲན།

  2018 5 13

ཉི་འོད་ཀྱི་མགྲོན་པོ


ཞོགས་པར།

མཛེས་སྡུག་གི་འཆར་ཀའི་ཀློང་ནས་རེ་སྒུག་བྱས།

དེ་ནི་ཐུན་མོང་གི་མཐོང་ཆོས་སུ་གྲུབ་པའི་ཆོ་ག་ཞིག


ཉིན་གུང་།

ལྷ་ལམ་དཀྱིལ་འཁོར་གྱི་ཀློང་ནས།

སྣོད་བཅུད་རྟེན་འབྲེལ་གྱི་དགའ་མ་ལ་བརྩེ་བས་གཟིགས།

འདི་ནི་གཅིག་ནས་གཅིག་ཏུ་འདྲེས་པའི་ཡན་ལག་གི་ཁ་དོག་ཅིག


དགོང་མོར།

ནུབ་རི་མཐོན་པོའི་རྩེ་ནས།

ས་སྲོད་ཀྱི་ཆུ་འཛིན་དམར་པོས་གྱེས་ཕྱག་འབུལ།

དེ་ཡང་མི་སེམས་ལ་ཆགས་འཇིག་དང་།

ཆོས་ཉིད་ལ་གོ་རིམ་ཡོད་པའི་བརྡ་དོན་སྟོན་པར་འདྲ།


༢༡༤༥   ༣    ༡༨    


བདུད་བྷེ།


དཔྱིད་ཀྱི་དཔལ་མོ་བཞད་པས།

དགུན་ལ་འཐིམ་པའི་རྩྭ་ལོ་དང་མེ་ཏོག་ག་ལེར་འབུས་བྱུང་།

སྤྲིན་གྱི་འདབ་མ་བསིགས་པས།

གངས་ཆབ་དང་སྤྲིན་ཆར་ཟིམ་ཟིམ་འཐོར་བྱུང་།

དཔྱིད་གསར་གྱི་འགོ་མ་འདི་འཛུམ་གྱིས་བསུ་བར་འདོད་དེ།

ལྷག་རླུང་དང་དུས་ཚོད་ཡུན་གྱིས་བརྒལ་དུས།

དྲན་ལྷང་ལྷང་གི་དབྱངས་ཀྱི་ལྷ་སྲས།

བདུད་བྷེ་དྲན་འོང་། སྒྲ་སྙན་འོང་།


བདུད་བྷེ།

ཕ་ཡུལ་གྱི་པང་ནས་ལམ་ལ་ཆས།

ཕ་ཡུལ་གྱི་རི་ཆུ་ཡིད་ལ་གོམས།

བོད་སྐ་དག་མ་བཤད།སྒྲ་སྙན་ལག་ལ་ཐོགས།

ལས་དབང་དང་དགའ་སྐྱོ་མང་པོ་ཁེར་རྐྱང་གི་སེམས་པས་ཁྱེར་ཏེ།

ཕུགས་བསམ་དང་མཛེས་སྡུག་གི་འབྱུང་འགྱུར་ཕྲག་པར་བསྣམས་ནས།

སྣོད་བཅུད་རྟེན་འབྲེལ་གྱི་བྱུང་བ་མཐའ་དག་མགྲིན་པའི་ངག་ལ་འགུགས་དུས།

འདུ་འཛིའི་གྲོང་དང་དབེན་པའི་ལྗོངས།

ཡངས་བའི་ཐང་ནས་བསིལ་བའི་ཚལ།

རྒྱ་མཚོའི་མཐའ་དང་རི་བོའི་ཕྱོགས་མཚམས་ཀྱི་བོད་མི་ཁྲི་མ་འབུམ་གྱིས།

ཁྱོད་ལ་རྩོད་མེད་དབང་མེད་ཀྱིས་ངག་གི་དངོས་གྲུབ་དང་།

གངས་ལྗོངས་ཀྱི་ཁུ་བྱུག་ཟེར།


དབྱངས་ལ་འཐིམ་པའི་མི།

ངག་ལ་འབྱོར་བའི་མི།

རྩྭ་ཐང་གི་རྣམ་ཤེས་ལས་གྲག་འོངས་ཏེ།

དལ་འབབ་ཀྱི་རྨ་ཀླུང་རིང་མོ་དང་འབྲི་མོའི་ངུར་སྒྲ་ལ་འདྲེས་བྱུང་།

དབྱངས་ཀྱི་ང་རོ་སྙན་མོ་གངས་རིའི་སྤོ་ལ་འདེགས་སོང་།

དབྱངས་ཀྱི་བར་ཐག་རིང་མོ་བག་ཆགས་ཀྱི་དབྱིངས་ལ་ཟུག་སོང་།


འདི་ཕྱིའི་བར་ཐག་གི་དྲན་པ་སླ་བོ།

ཇི་ཙམ་ཉན་ཀྱང་ཚར་དུ་མེད་པའི་གླུ་སྐད་དྭངས་མ།

ཉི་འོད་དང་ཇ་ཕོར་གྱི་ཁ་ནས་ཡུན་དང་ཡུན་གྱིས་ཉན་པས།

མཚམས་སྤྲིན་གྱི་ཡོལ་བའི་ཕག་ནས་ཉི་ཟེར་ཡང་དལ་གྱིས་བཞུད་སོང་། 

བྱིས་དུས་ནས་གློ་བར་ཉེ་བའི་རྨི་ལམ་མང་པོ་དྲན་སོང་།

བདུད་བྷེ་དྲན་སོང་།


བོད་རྒྱལ་ལོ།༢༡༤༥ ༡ ༡༢


འཁོར་འདས།

ན་བུན།

སྨུག་པ།

མཚམས་སྤྲིན།

རྒྱང་ནས་བལྟས་ཚེ།

མཐོ་བའི་ཕ་མཐར་མི་མཐོང་ཡང་།

ས་སྲོད་ཀྱི་སྨག་རུམ་དེ་ནག་ལ་མཐུག་པས་ན།

སུ་ཡི་དྲན་པར་བརྙས་ཤིང་སུ་ལ་ཐུགས་གསོ་གནང་།


མེ་ཏོག

རྩྭ་ཐང་།

དབྱར་ལྗོངས།

མིག་གིས་བལྟས་དུས།

སྣང་བ་དེ་བཞིན་གྱི་ངོ་བོ་མི་དཔོག་ཀྱང་།

མཛེས་སྡུག་གི་འཆར་ཡན་དེའང་མྱུར་བས་ན།

རྨི་ལམ་གང་ནས་འཚོལ་ཞིང་གྱེས་ཕྱག་སུ་ལ་འབུལ།


མི་ཡུལ།

དགའ་སྐྱོ།

འཇིག་རྟེན།

སེམས་པས་བལྟས་ན།

སྐྱེ་མེད་བྱང་ཆུབ་ཀྱི་ངོ་བོ་མ་མཇལ་ཡང་།

བརྟེན་འབྱུང་འཁོར་བ་དེ་མ་རིག་ཡིན་པས་ན།

འཁོར་འདས་གང་དུ་བཙལ་ཏེ་ཆོས་ཉིད་གང་ལ་ཉུག


 ཟླ་འོད་འོག་གི་རྨི་ལམ།


ཁྱོད་རང་གོ་ལའི་འཇིག་རྟེན་འདིའི་ཉེ་བར་བྱོན་ཀྱང་བྱང་ལ་བགྲོད།

ཆུང་དུས་སུ་རྣམ་ཤེས་ལ་མུ་ཏིག་གི་སྐར་རྒྱན་བཏགས་ཏེ།

སེར་ཞིང་གོར་བའི་ཟླ་བ་ཁྱོད་གང་ནས་འོང་ཞིང་དཀྱིལ་ན་ཅི་ཞིག་འདུག་པར་བསམ་གཞིགས་གྲངས་མེད་བྱས་མྱོང་།


རེད་དེ།

མི་ཚེ་དུས་ཚོད་དང་རྒྱུག་རེས་སུ་འཐེན་པ་ཅི་ཞིག

འཁོར་འདས་བར་མའི་ཀྱག་ཀྱོག་གི་བགྲོད་ལམ་ཡིན་གྱི།

ཅི་སྣང་ཆོས་ཉིད་ཀྱི་རོལ་རྩེད་ཇི་བཞིན།

སྙན་ངག་དང་ཆུ་གཟུགས་ལྟ་བུའི་གྲུ་ག་དེའང་མཐོང་སླ་ལ་བོར་མགྱོགས་པ་ཞིག་རེད།


གང་ལྟར།

དོ་ནུབ་ཀྱི་ཟླ་བར་ཐག་ཉེ་ཟེར།

ཟླ་བ་ནི་ཐུན་མོང་ལ་དབང་བའི་དབང་གིས།

ཟླ་བའི་ཐུ་འོག་ནས་དྲན་པ་མག་མོག་གི་རྨི་ལམ་གླེང་སོང་།


ཟླ་བ་གླེང་བས།

དྲན་པ་རེ་རེ་སྐད་ཅིག་གི་རྒྱུན་ལ་བསྡོངས་ཏེ།

ཟླ་བ་དང་ནམ་མཁའི་སྐར་ཚོགས་ཀྱི་པང་ནས།

ཚང་ལ་འཛུལ་བའི་བྱིའུ་ཆུང་ཇི་བཞིན།

ཐག་རིང་ཐག་རིང་གི་འཇིག་རྟེན་དེར་ཐེངས་གཅིག་ཁྲིད་སོང་།

ལྷིང་འཇགས་དང་ཕྱིར་མིག་གི་ཀློང་ནས་ལན་གཅིག་ཕྱིན་སོང་།

༢༠༡༦   ༡༡   ༡༤

 ཟླ་བ།


དུས་ཚིགས་ཀྱི་བར་ནས་འཁོར་བའི་ཟླ་བའི་བཞིན།

ཁྱོད་རང་ཐེངས་རེར་མཇལ་ན་ཐེངས་རེར་དྲན།

མཚམས་སྤྲིན་གྱི་ཐུ་འོག་ན་སྐར་མའི་ཚོགས་ཀྱང་བཟི་ནས་འདུག

ཆུང་དུས།

མི་ཡུལ་གྱི་རྐང་ལམ་དེེད་ནས་ལྷ་ཡུལ་དུ་འགྲོ་བར་བསམས་ལ།

ཟླ་གོར་གྱི་མཛེས་པའི་ཁྱིམ་དུ་རི་བོང་འཛིན་པར་བྲེལ།

འཕྲུལ་སྣང་གི་འཛིན་པ་ཡིན་ལ་མིན་པ་ཡིས།

སེམས་པ་དང་ལག་ཟུང་ཡང་ཡང་བསྲིངས་ཏེ།

ཁྱོད་རང་འཛིན་པར་དགའ་བའི་བྱིས་དུས་ཀྱི་

རྨི་ལམ་མང་པོ་གཟིམས་ཚར་ཨང་།


བློ་ཡུལ་ལས་འདས་པ།

བློ་ཡུལ་ལས་ཕྱིན་པ།

སྒྱུ་འཕྲུལ་གྱི་གསང་བའི་ནང་ན།

ཟླ་བ་དང་མཚོ་མོའི་ཀློང་ན།

སྙན་དངགས་དང་མེ་ལོང་ལྟ་བུའི།

མི་ཡུལ་གྱི་དགའ་སྐྱོ་བཏགས་ནས་ལོ་ཟླ་ག་ཙམ་བསྐྱལ་ཨང་།

སྣ་ཚོགས་དྲན་པ་ལག་མཐིལ་དུ་བླངས་བ་ནང་བཞིན།

ཀུ་རེ་ལྟ་བུའི་མི་ཡུལ་ན་ཕྱིར་དྲན་མང་ལ་རྨི་ལམ་མང་།

གྲིབ་མ།


ལྷོད་ཤིག་ཤིག་གི་ཁྱོད་དེ།

ལུང་པའི་ཕ་རོལ་ན།

བྲེལ་འཚུབ་འཚུབ་ཀྱི་ང་སྟེ།

རི་བོའི་ཚུར་ཀ་ན།


བརྩེ་དུང་མིན་པའི་བརྩེ་དུང་།

རྔོན་པ་མིན་པའི་རྔོན་པ།

གཟུགས་མེད་སྒྲིབ་མེད་ཀྱི་ཆགས་ཐོགས་མང་པོ།

དྲི་བཞོན་གྱི་རླུང་དང་གཙང་པོར་བསྐུར།

༢༠༡༥  ༩  ༩


དུས་ཚོད།


ཁ་སང་མང་པོ་འཇམ་ལྷང་ལྷང་གིས་རི་ཆེན་གྱི་རི་བོ་བརྒལ།

དེ་ནི་ཕྱིར་ཡོང་མེད་པའི་དྲན་བཟོ་ཞིག

ཁ་སང་མང་པོས་བྲེལ་ལང་ལོང་གིས་ལང་ཚོ་ཡི་གཉེར་རིས་བྲིས།

དེ་ནི་བསུབ་ཐབས་མེད་པའི་མེ་ལོང་ཞིག


མི་ཚོས་སྡུག་བསྔལ་གྱི་ཀློང་ནས་བདེ་བ་མི་འཚོལ་བར།

བདེ་བའི་ཁྲོད་ནས་སྡུག་བསྔལ་ཉུག་མཁན་ནི་མང་བ་ལ།

སྐྱེ་དུས་གཅེར་བུར་སྐྱེས་ཤིང་།

འཆི་དུས་ཀྱང་གཅེར་བུར་འགྲོ་དགོས།


སྐད་ཅིག་མའི་དུས་ཚོད་ཕྲ་མོ།

ཆུང་དུས་ཀྱི་ཉམ་ཆུང་དེ་མ་ཡིན་པར།

ད་ནི་འཇིག་རྟེན་ཉིད་ཀྱི་བྱེད་པོ་སྟེ།

མི་ཡི་ཚེ་སྲོག་ནི་དུས་ཚོད་ལས་མ་འདས་སོ།།


༢༠༡༥  ༢༦ 


རྨི་ལམ་གྱི་ལོ་ཟླ།


ལྗང་མདོག་གིས་སྐྱོར་བའི་རྩྭ་ལོ།

ཕ་ཡུལ་གྱི་དབྱར་གཞུང་ན།

སེམས་གསོ་དང་དབྱངས་འགྲོས་ཐེངས་མ་གཅིག

ངེས་འབྱུང་གི་བསླུ་བྲིད་རེ་རེ།

རི་མཐའ་ན་མེ་ལྕེ་དང་སྙན་ངག་གིས་སྦར།

རང་ཉིད་ཀྱི་མགུར་མ་ནང་བཞིན།

དྲོ་གྲང་གི་འགྱུར་བག་དེའང་།

འཇིག་རྟེན་ལ་བལྟམས་པའི་གོམ་འགྲོས་ཤིག


རྨི་ལམ་གྱི་ཞིང་ཁམས་དག་ན།

ཐར་བ་གཉེར་བཞིན།

ཐང་ལ་ཉུལ་བཞིན།

མེ་ལོང་གི་ཕར་ངོས་ཚུར་ངོས་ནས།

ལང་ཚོའི་གྲུ་ག་ལ་ཡང་ཡང་བལྟས་ཚེ།

གཤོག་རྩལ་གྱི་བར་སྣང་ཐག་རིང་ཡིན་ནའང་།

ང་སྔར་བཞིན་རྨི་ལམ་གྱི་ལམ་ལ་ཆས།


ཚོན་མདོག་བྱུགས་པའི་ཁོར་ཡུག་གིས།

ཐག་རིང་གི་ཉི་མའི་འོད་ཟེར་དང་།

མུན་ནག་གི་བྱ་ཚོགས་ལ་གྱེར་བཞིན།

ལས་དབང་གི་དགའ་སྐྱོ་སླ་ལ་དབྱངས་རྟ་བོར།

བསམ་གཞིག་གྲངས་མེད་ཀྱི་བར་མཚམས་ནས།

འཛེམ་མེད་དུ་འཆོར་འོང་བའི་ལོ་ཟླ་བརྩེགས་མས།

ང་ཡི་ལྗང་མདོག་དང་འཇིག་རྟེན་ཡང་ཡང་སྒུལ།

༢༠༡༥༨༢༡

རྟེན་འབྲེལ་ཉིན་ཤར་རྒྱལ་པོ།


ཤར་གྱི་ཁྲི་གདུགས་ཉི་མའི་ཉི་ཟེར་ལ་གཟིགས་དང་།།

ཉིན་ཤར་རྟེན་འབྲེལ་རྒྱལ་པོ་ཕྱོགས་རིས་དང་བྲལ་བ།།

མ་བཅོས་ལྷན་སྐྱེས་ཐུགས་རྗེ་བྱམས་ཆེན་གྱི་བརྩེ་བས།།

མི་ཡུལ་འཇིག་རྟེན་ཁམས་ལ་འོད་སྣང་གིས་སྐྱོང་འདུག།


སྟོང་ཆེན་སྒྲིབ་གཡོག་བྲལ་བའི་མཁའ་ཆེན་ལ་གཟིགས་དང་།།

འོད་གསལ་ནམ་མཁའི་སྙིང་པོ་ཐོགས་རེག་དང་བྲལ་བ།།

སེམས་ཉིད་རིག་པའི་ངོ་བོ་ཡེ་ཤེས་ཀྱི་མཁྱེན་པས།།

དོན་དམ་སྒྱུ་མའི་རྒྱལ་པོའི་ལས་སྣང་ལ་གཟིགས་འདུག།


གནམ་ལོའི་མདངས་སུ་སྨིན་པའི་བདེན་ཚིག་གི་སྨོན་ལམ།།

ལས་འབྲས་བསླུ་མེད་མཆོག་གསུམ་སྙིང་པོ་ལ་ཞུས་ནས།།

གངས་ཅན་ཕན་བདེའི་མགོན་པོའི་བཞེད་དོན་རང་འགྲུབ་སྟེ།།

འཛམ་གླིང་ཞི་བདེས་འཚོ་བའི་རྟེལ་འབྲེལ་དུ་ཞུའོ།།


སྟེང་ན་རྩ་གསུམ་ལྷ་ཡིས་བྱིན་རླབས་ཀྱི་དངོས་གྲུབ།།

ས་ལ་དགེ་བཅུ་ཕུན་ཚོགས་མངའ་ཐང་གི་དཔལ་ཡོན།།

མི་ལ་ཚེ་རིང་ནད་མེད་བདེ་སྐྱིད་ཀྱི་ལོངས་སྤྱོད།།

དུས་གསུམ་དུས་སུ་འཆར་བའི་རྟེན་འབྲེལ་ཞིག་ཞུའོ།།


སྟོན་མཇུག


སྟོན་མཇུག་ལྷོ་ལམ་བཅད་པའི།།

ལྷ་བྱ་ཁྲུང་ཁྲུང་དཀར་མོ།།

འཇིག་རྟེན་མཚོ་མོའི་ཁ་ནས།།

བདེ་མོའི་གར་ལ་རྩེན་ན།།

སྟོང་ཉིད་མགུར་དུ་བཞེས་པའི།།

སྒོམ་ཆེན་ཐུགས་དམ་དཀྲུགས་སོང་།།


རྩི་ཤིང་འདབ་ལོ་འགྱུར་དུས།།

ནམ་ཟླའི་འབོད་པ་ཤེས་སོང་།།

ཆོས་ཉིད་འགྱུར་བ་མཐོང་དུས།།

མིག་ཆུ་སེམས་ལ་སྦས་ཡོད།།

སྣང་སྲིད་སྒྱུ་མའི་ཁ་ལོ།།

སྐྱིད་སྡུག་ལས་ཀྱིས་འཁོར་འགྲོ།།


འདི་ལ་འཁོར་བ་མི་ཟེར།།

འཁོར་བ་གང་ལ་འདོགས་པ།།

མི་ཚེ་རྨི་ལམ་འདྲ་ཡང་།།

བག་ཆགས་ཡིད་ལ་མང་བྱུང་།།

འདི་སྣང་འཁྲེང་བའི་དངོས་པོ།།

སེམས་པའི་གྲང་རོགས་འདྲ་བ།།


རྫོགས་ཆེན་གནས་བསྟོད་བཀྲ་ཤིས་དབྱངས་སྙན།

གཞས་ཚིག


 ༈ ཐུབ་བསྟན་ཡོངས་སུ་འདུས་པའི་སེངྒེའི་སྒྲས།།

བསིལ་ལྡན་ར་བ་དཀར་པོའི་ཁྱོན་ན་འགེངས།།

ས་ཡི་བླ་ན་མངོན་མཐོ་རྫོགས་ཆེན་པ།།

ཡབ་སྲས་བརྒྱུད་པར་བཅས་ལ་ཕྱག་བགྱིའོ།།


སྒང་དྲུག་ས་ཡི་ལྟེ་བ་ཟལ་མོའི་སྒང་།།

གངས་ར་ཉེར་ལྔའི་ནང་ཚན་ཡོན་ཏན་ལུང་།།

རི་ལུང་སྣོད་བཅུད་བཀོད་པ་ལྷ་ཡུལ་ཞིང་།།

མདོ་ཁམས་བསྟན་པའི་ཞིང་ས་རྫོགས་ཆེན་པ།།


ལུང་རྟོགས་བསྟན་པའི་ཉི་འོད་འདི་ནས་འདྲེན།།

སྔ་འགྱུར་བསྟན་པའི་གདུགས་དཀར་འདི་ནས་བསྒྲེངས།།

ཆོས་བརྒྱུད་གསེར་གྱི་དར་ཐག་འདི་ན་འབྲེལ།།

དད་གསུམ་གླུ་ཡིས་བསྟོད་དོ་རྫོགས་ཆེན་པ།།


མ་ཧ་གུ་རུ་ཆེན་མོ་འདི་རུ་བྱོན།།

བདུད་རྩི་སྨན་གྱི་སྒྲུབ་པ་འདི་ནས་མཛད།།

མཁའ་སྤྱོད་ས་ལ་འཕོས་འདྲའི་ངོ་མཚར་ལྗོངས།།

བཀྲ་ཤིས་གླུ་ཡིས་བསྟོད་དོ་རྫོགས་ཆེན་པ།།


གངས་ལྗོངས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་བ།།

ཆེ་བ་དྲུག་གིས་འཕགས་པའི་རྫོགས་ཆེན་པ།།

ཆོས་སྲིད་མི་ཉམས་དར་བར་ཡག་རེ་ལྟོས།།

རྟེན་འབྲེལ་གླུ་ཡིས་བསྟོད་དོ་རྫོགས་ཆེན་པ།།



ཁྱབ་བདག་མགོན་པོས་ཆོས་འཁོར་འདི་ནས་བསྐོར།།

ལྷར་བཅས་དགྱེས་པའི་མེ་ཏོག་འདི་ན་འཐོར།།

འཁོར་སློབ་པདྨའི་འདབ་སྟོང་འདི་ནས་བཞད།།

ཨེ་མ་གླུ་ཡིས་བསྟོད་དོ་རྫོགས་ཆེན་པ།།


ཕུ་ན་གཡའ་རྫ་ནགས་ཀླུང་གངས་ཀྱིས་མཛེས།།

དེ་ན་པདྨ་གཡང་རྫོང་སྒྲུབ་རིའི་སྡེ།།

བར་ན་མཁས་པའི་ལྗགས་དབྱིབས་འཇམ་དབྱངས་ཐང་།།

ཤྲཱི་སེང་ཧ་དཔལ་གྱི་ཆོས་སྡེ་ཆགས།།


འདབས་ན་གླང་ཆེན་ཐལ་ཀར་འགྱིང་བའི་རིར།།

སྔ་འགྱུར་རྫོགས་ཆེན་བསམ་གཏན་ཆོས་འཁོར་གླིང་།།

གསང་ཆེན་བསྟན་པ་རྒྱ་མཚོའི་གཙུག་གི་ནོར།།

སྡེ་གསུམ་ཀློང་ཆེན་ཀ་བ་འདི་ན་བརྟན།།


མདོ་ཁམས་བཤད་སྒྲུབ་ཐོག་མ་འདི་ནས་དར།།

དམ་ཆོས་འདུལ་བའི་ཕྱག་བཞེས་འདི་ན་བཞུགས།།

ཡོངས་རྫོགས་བསྟན་པའི་རྩ་ལག་འདི་ན་གནས།།

སྒྲ་སྙན་གླུ་ཡིས་བསྟོད་དོ་རྫོགས་ཆེན་པ།།


ངུར་སྨྲིག་འདུས་པའི་རྒྱ་མཚོ་འདི་ན་འཁྱིལ།།

ལྔ་རིག་ནོར་བུའི་བང་མཛོད་འདི་ན་བརྩེགས།།

མཁས་གྲུབ་གསེར་རིའི་ཕྲེང་བ་འདི་ནས་བྱོན།།

གྲེ་འགྱུར་ངག་གིས་བསྟོད་དོ་རྫོགས་ཆེན་པ།།


ངོ་མཚར་སྟོང་ལྡན་ཕོ་བྲང་དགའ་བའི་ཚལ།།

གཅིག་ཏུ་ཞལ་འཛོམས་བསྟན་པའི་རྒྱལ་མཚན་མཐོ།།

རྩ་བའི་བླ་མ་གཙུག་གི་ནོར་བུ་ལ།།

དགྱེས་འཛོམས་གླུ་ཡིས་བསྟོད་དོ་རྫོགས་ཆེན་པ།།


ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཆོས་ཀྱི་བརྒྱུད།།

མ་ཉམས་ས་ལའི་ལྗོངས་སུ་ཕྲིན་ལས་འཛིན།།

བུ་དགོན་སུམ་བརྒྱ་དྲུག་ཅུའི་མ་དགོན་ཆེ།།

ཆེ་བ་གླུ་ཡིས་བསྟོད་དོ་རྫོགས་ཆེན་པ།།


འཆད་རྩོད་རྩོམ་པའི་དབྱར་རྔ་འདི་ནས་ལྡིར།།

མཁས་བཙུན་བཟང་པོའི་རྣམ་ཐར་འདི་ན་སྙན།།

ཐོས་བསམ་སྒོམ་པའི་བསྟན་པ་འདི་ནས་དར།།

སྙན་འགྱུར་གླུ་ཡིས་བསྟོད་དོ་རྫོགས་ཆེན་པ།།


གླིང་རྗེ་གེ་སར་རྟོགས་བརྗོད་འདི་ནས་དར།།

སྨུག་པོ་ལྡོང་གི་རིགས་རྒྱུད་འདི་ནས་བྱུང་།།

ངོ་མཚར་སྲིད་པའི་སྒྲུང་རིང་འདི་ནས་ལེན།།

ཨ་ལ་གླུ་ཡིས་མཆོད་དོ་རྫོགས་ཆེན་པ།།


ས་ལ་དགེ་བཅུའི་དཔལ་ཡོན་འདི་ན་འཛོམས།།

མི་ལ་དཔའ་མཛངས་མཁས་མང་འདི་ན་འཛོམས།།

གཙུག་ལག་རིག་གནས་ནོར་བུ་འདི་ན་འཛོམས།།

བཀྲ་ཤིས་གླུ་ཡིས་བསྟོད་དོ་རྫོགས་ཆེན་པ།།


 བོད་རྒྱལ་ལོ་༢༡༤༣སྤྲེལ་ལོ་སྤྲེལ་ཟླར།


སྲིད་པའི་གངས་རི།

གཞས་ཚིག 

གངས་རི། སྲིད་པའི་གངས་རི།།

སྤྲིན་པའི་བང་རིམ་མཐོང་དུས།།

གངས་རི་ཡིད་ལ་འཁོར་སོང་།།

ཁང་ཆར་རླུང་བུའི་བར་ནས།།

སྲིད་པའི་གངས་རི་མ་རྒས།།

སྲིད་པའི་གངས་རི་དཀར་པོ།།

རང་གི་ཕ་ཡུལ་ལོས་ཡིན།།


གངས་རི་ཡ། སྲིད་པའི་གངས་རི།

མེས་པོའི་སེམས་ཀྱི་ལོག་འཕྲོ།།

གཞོན་པའི་སེམས་ཀྱི་རྨི་ལམ།།

དགའ་སྐྱོ་སེམས་པའི་ཀློང་ནས།།

ཕ་ཡུལ་གངས་རི་དྲན་སོང་།།


གངས་རི། སྲིད་པའི་གངས་རི།

སྦྲང་ཆར་ས་ལ་འཐོར་དུས།།

ཕ་གཞིས་ཡིད་ལ་འཁོར་བྱུང་།།

ནམ་ཟླ་འགྱུར་བའི་བར་ནས།།

ས་ཆེན་འཁོར་ལོ་མ་རྒས།།

སྐྱིད་པའི་ས་གཞི་ཕྱུག་མོ།།

རང་གི་ཕ་ཡུལ་ལོས་ཡིན།།


ཕ་ཡུལ་ཡ། སྤུར་རྒྱལ་བོད་ཡུལ།

མེས་པོའི་སེམས་ཀྱི་ལོག་འཕྲོ།།

གཞོན་པའི་སེམས་ཀྱི་རྨི་ལམ།།

དགའ་སྐྱོ་སེམས་པའི་ཀློང་ནས།།

ཕ་ཡུལ་གངས་རི་དྲན་སོང་།།

 ཕ་ཡུལ་རྫོགས་ཆེན།

 གཞས་ཚིག


 

ཕ་ཡུལ་ཡ། ཕ་ཡུལ། 

མི་ཡུལ་གྱི་རྩེད་ར།

ཕ་ཡུལ་ཡ། ཕ་ཡུལ། 

ལྷ་ཡུལ་གྱི་དག་ཞིང་།

ཨེ་མ། ང་ཡི་ཕ་ཡུལ་རྫོགས་ཆེན།

གངས་ལྷ་མེ་ཏོག་གི་ཞིང་ཁམས།

གངས་ཅན་མཐོ་སྒང་གི་གཡང་ར།

རྟ་ནོར་ལུག་གསུམ་གྱི་ཕ་ས།

བདེ་སྐྱིད་འབྱོར་ཕྱུག་གི་ཕ་ཡུལ།

ཨེ་མ།

དཔའ་མཛངས་མཁས་གསུམ་གྱི་ལོ་རྒྱུས་སྲིད་ན་སྙན།

ངས་ཕ་ས་ཕ་ཡུལ་གྱི་ངོ་སོ་ཡར་ལ་བསྟོད།


ཕ་ཡུལ་ཡ། ཕ་ཡུལ། 

རང་ཡུལ་གྱི་རྒྱབ་རི།

ཕ་ཡུལ་ཡ། ཕ་ཡུལ། 

མི་ཡུལ་གྱི་དག་ཞིང་།

ཨེ་མ། ང་ཡི་ཕ་ཡུལ་རྫོགས་ཆེན།

གངས་ཅན་མཁས་གྲུབ་ཀྱི་གདན་ས།

གངས་ལྗོངས་ཤེས་རིག་གི་གླིང་ཁ།

སྐལ་བཟང་མེ་ཏོག་གི་སྐྱེད་ཚལ།

རུ་དམ་གནས་མཆོག་གི་ལུང་པ།

ཨེ་མ།

བསྟན་པ་རིན་ཆེན་གྱི་ཉི་མ་གླིང་ལ་ཤར།

ངས་ཆོས་ས་ཆོས་ཡུལ་གྱི་དབུ་འཕང་གླུ་ཡིས་བསྟོད།


ཨེ་མ། ང་ཡི་ཕ་ཡུལ་རྫོགས་ཆེན།

བརྩེ་བའི་ཕ་ས་ཡི་ཕ་ཡུལ།

བསྐལ་བ་བསྐལ་བ་ཡི་བར་ལ།

ཕ་ཡུལ་བདེ་སྐྱིད་ཀྱི་སྨོན་ལམ།

གཏན་དུ་བདེ་སྐྱིད་ཀྱི་སྨོན་ལམ།

ཨེ་མ།

ངས་ཕ་ས་ཕ་ཡུལ་གྱི་ངོ་སོ་ཡར་ལ་བསྟོད།

ངས་ཆོས་ས་ཆོས་ཡུལ་གྱི་དབུ་འཕང་གླུ་ཡིས་བསྟོད།


རིག་འཛིན་འཇིགས་མེད་གླིང་པ།

ཡར་བལྟས་བྲག་དམར་ལྷུན་པོའི་བ་གམ་གྱི་རྩེ་ནས།།
མཁའ་ལྡིང་ཐང་དཀར་རྒོད་པོའི་གཤོག་འགྱུར་དེ་མཐོང་དུས།།
སེམས་ཉིད་རང་བཞིན་ནམ་མཁར་བྲི་གང་དང་བྲལ་བའི།།
མཁྱེན་བརྩེའི་འོད་ཟེར་འཇིགས་མེད་གླིང་པ་དེ་དྲན་ནོ།།


ཚུར་བལྟས་རང་སེམས་འཁོར་བའི་སོ་ནམ་ལ་བྲེལ་བའི།།
རྣམ་རྟོག་ལུ་གུ་རྒྱུད་ཀྱི་བདག་འཛིན་ལ་བལྟས་ན།།
སྣང་སྲིད་འཁོར་འདས་རྫུན་གྱི་རང་མཚང་དུ་མཐོང་པའི།།
རྟོག་ཚོགས་རང་གྲོལ་འཇིགས་མེད་གླིང་པ་དེ་དྲན་ནོ།།


ཕར་བལྟས་སྙིགས་མའི་གྲོང་གི་འདི་སྣང་ལ་གཡེང་ནས།།
ཆོས་དྲེགས་ཆོས་ཀྱིས་མྱོས་པའི་ཟློས་གར་ལ་བསམས་ན།།
བསྟན་པའི་སྙིང་པོས་སྟོན་འཁོར་སྨིན་གྲོལ་ལ་འཇུག་པའི།།
ཤེས་བྱ་ཀུན་གཟིགས་མཁྱེན་བརྩེའི་འོད་ཟེར་དེ་དྲན་ནོ།།


མར་བལྟས་སྲིད་པའི་མཚོ་ཆེན་དགའ་སྡུག་གི་རླབས་རིས།།
འགྱུ་དྲན་སེམས་ཀྱི་ཆོས་ཉིད་ཤུར་ཤུར་དུ་འཁྱིལ་བས།།
སྣ་ཆོགས་དྲན་པའི་ཡུལ་ལ་གཟུགས་རིས་སུ་ཕབ་པའི།།
སྙན་ངག་མཁན་པོ་འཇིགས་མེད་གླིང་པ་དེ་དྲན་ནོ།།


ཕུང་ཁམས་སྐྱེ་མཆེད་དྭངས་མ་ཡེ་ཤེས་ཀྱི་ཁམས་ལ།།
རང་རིག་མི་འགྱུར་བྱང་ཆུབ་སེམས་མཆོག་གི་ངོ་བོ།།
སྣང་བཞི་སྤྲོས་བྲལ་དོན་དམ་འོད་གསལ་དུ་འཆར་པའི།།
ནམ་མཁའི་རྣལ་འབྱོར་འཇིགས་མེད་གླིང་པ་དེ་དྲན་ནོ།།


གཞི་དབྱིངས་མ་བཅོས་ཁྱད་ཆོས་དྲུག་ལྡན་གྱི་ཀློང་ན།།
ནང་དབྱིངས་མི་འགྱུར་ཆོས་ཉིད་བཙན་ས་རུ་བཞུགས་པ།།
འཁོར་འདས་བརྡ་གླུ་ལེན་མཁས་རྫོགས་ཆེན་གྱི་མཁན་པོ།།
སྒྱུ་མའི་རྣལ་འབྱོར་མཁྱེན་བརྩེའི་འོད་ཟེར་དེ་མཁྱེན་ནོ།།


མཐོན་མཐིང་དབུ་སྐྲ་མཛེས་པའི་ཐོར་ཅོག་གི་རྩེ་ན།།
ཟབ་མོ་རྒྱུད་ཀྱི་གླེགས་བམ་ལྡེམ་འཕྲུ་རུ་འཆང་བ།།
རྗེས་ཆགས་རང་བཞིན་བདེ་གཤེགས་ཀུན་འདུས་ཀྱི་ངོ་བོ།།
རྟེན་འབྱུང་སྣང་གླུ་ལེན་པའི་བླ་མ་ཁྱེད་དྲན་བྱུང་།།


སྟོང་གསལ་སྒྲིབ་གཡོག་བྲལ་བའི་བར་སྣང་གི་མཐོངས་ན།།
མཁྱེན་རབ་གཤོག་ཟུང་ངོམ་པའི་བྱ་རྒྱལ་གྱི་རྒོད་པོ།།
རེ་དོོགས་འཛིན་བྲལ་ཀློང་ཆེན་ཆོས་དབྱིངས་ལ་སྐྱོད་པའི།།
ཚོགས་དྲུག་རང་གྲོལ་འཇིགས་མེད་གླིང་པ་དེ་དྲན་ནོ།།


འདི་ནས་མ་མཐོང་མཐོང་བའི་རྟེན་འབྲེལ་གྱི་ཆོས་ཀུན།།
མཐོང་ཡང་ཐོག་མཐའ་བར་མེད་རྨི་ལམ་གྱི་རོལ་རྩེད།།
ལུང་རིགས་གད་རྒྱངས་སྙན་པའི་རྒྱལ་ཁམས་ཀྱི་གླུ་བ།།
ཁྱོད་ཞལ་ལན་གཅིག་མཇལ་བའི་སྐལ་བཟང་ཞིག་བྱུང་ན།།


སྤྲིན་བྲལ་མཁའ་ལ་ཟླ་བའི་དཀྱིལ་འཁོར་གྱི་མཛེས་པ།།
མཛེས་པའི་ཕ་མཐའ་མ་མཐོང་མི་ཡུལ་གྱི་དྲན་པ།།
འཁོར་བའི་བུ་ཆུང་དད་གསུམ་སྙིང་ཁ་ཡི་པདྨོར།།
བྱིན་རླབས་འཛད་མཐའ་མེད་པའི་དངོས་གྲུབ་ཅིག་ཞུའོ།།


ཀློང་ཆེན་དགོངས་པའི་གསང་མཛོད་ལྷོད་ལྷོད་དུ་བཙལ་ན།།

ཉམས་སྣང་ཆུ་ཟླ་རིག་པའི་འོད་གསལ་དེ་སྟོན་དང་།།
སྟོང་ཉིད་སྙིང་རྗེའི་གདངས་གླུ་ཡང་ཡང་དུ་ཉན་ན།།
ཆོས་ཉིད་བརྡ་གླུར་གོ་བའི་ངེས་འབྱུང་ཞིག་སྩོལ་དང་།།


ལྷ་ཆོས་ཁ་རུ་གྱེར་ཡང་ཁ་དོག་གི་ཚུལ་འཆོས།།
མི་ཆོས་དོན་ལ་གཉེེར་ཡང་དོན་མེད་དུ་འདའ་བ།།
ཆོས་དང་འཇིག་རྟེན་བར་ན་ཕུང་གསུམ་དུ་རྒྱུ་བའི།།
བདག་འདྲའི་ལས་ཉོན་བུ་ལ་ཐུགས་རྗེ་རེ་ཞུའོ།།


སྒོ་གསུམ་དགེ་ལ་མ་བརྩོན་ཉོན་མོང་ལ་གོམས་ཀྱང་།།
ཡིད་ཤེས་དད་པའི་ངོ་བོར་ལྷད་མེད་དུ་བཞུགས་པས།།
ཚེ་རབས་ཕྲེང་བར་འབྲལ་མེད་རྟེན་འབྲེལ་ཞིག་བསྒྲིགས་ནས།།
ཐུགས་ཡིད་གཅིག་ཏུ་འདྲེས་པའི་བྱིན་རླབས་ཤིག་ཞུས་ཡོད།།


ཀ་དག་འོད་གསལ་ཆོས་སྐུའི་ཕོ་བྲང་དུ་བཞུགས་པའི།།
ལྷུན་གྲུབ་ངེས་པ་ལྔ་ལྡན་ངོ་ཤེས་ཀྱི་བླ་མ།།
གང་གི་གདན་ས་ཆེན་མོ་ཚེ་རིང་གི་ལྗོངས་ནས།།
དབྱིངས་རིག་ཡེ་ཤེས་མཇལ་བའི་སྨོན་ལམ་ཞིག་འདེབས་སོ།།

    རྒྱལ་ལོ་2145ཟླ་11ཚེས་25  2018  12 31 ཡུལ་ལྷོ་ཁ་འཕྱོངས་རྒྱས་དོན་མཁར་ལུང་པའི་ཕུ་ཀུན་མཁྱེན་འཇིགས་མེད་གླིང་པའི་གདན་ས་ཚེ་རིང་ལྗོངས་འདབས་སུ་དོན་འགྲུབ་རྡོ་རྗེས་དད་ཅིང་སྨོན་ལམ་བཏབ་པར་དགེ།



འཁོར་བ།

གཞས་ཚིག


ཡུལ་འདིའི་ཡར་ལ་སོང་སོང་།།

སོང་སོང་འཇིག་རྟེན་ལུང་པ།།

འཇིག་རྟེན་ལུང་པའི་ཕུ་ནས།།

སྐྱིད་པོ་ཨེ་ཡོང་བསམས་ཡོད།།

སྐྱིད་པོ་ཡོང་དང་མི་ཡོང་།།

རང་སེམས་སེམས་ལ་ཤར་སྟངས།།

སེམས་པའི་ཁ་ལོ་དེ་ལ།།

ཁྱེད་རང་ཐུགས་བསམ་བཞེས་དང་།།


ཡུལ་འདིའི་མར་ལ་སོང་སོང་།།

སོང་སོང་འཁོར་བའི་རི་གྲོང་།

འཇིག་རྟེན་འཁོར་བའི་གྲོང་ནས།།

སྐྱོ་བ་མེད་ན་བསམས་ཡོད།།

སྐྱོ་བ་ཡོང་དང་མི་ཡོང་།།

རང་སེམས་སེམས་ལ་བཞག་སྟངས།།

སེམས་པའི་ཁ་ལོ་དེ་ལ།།

ཁྱེད་རང་ཐུགས་བསམ་བཞེས་དང་།།


ཡུལ་འདིའི་བར་ལ་བསྡད་བསྡད།།

མི་ཡུལ་འཇིག་རྟེན་འཁོར་བ།།

འཁོར་བའི་ཆོས་ཉིད་ཐང་ན།།

སྐྱིད་སྡུག་འདྲ་མ་འདྲེས་མ།།

དགའ་སྐྱོ་བསམ་དང་མི་བསམ།།

རང་སེམས་སེམས་ལ་བཞག་སྟངས།།

སེམས་པའི་ཁ་ལོ་དེ་ལ།།

ཁྱེད་རང་ཐུགས་བསམ་བཞེས་དང་།།



ཁ་གཡང་བཀྲ་ཤིས་བདེ་ལེགས་ཀྱི་མཚོན་དོན།



སྲིད་པ་སྲིད་པའི་རྒྱ་མཚོའི་ཀློང་།།

སྲིད་གསུམ་འགྲོ་བ་འདྲེན་པའི་དཔལ།།

ཐབས་མཁས་ཐུགས་རྗེ་ཡེ་ཤེས་མགོན།།

དཀོན་མཆོག་གསུམ་གྱིས་ཤིས་པ་སྩོལ།།


གནམ་ལོ་གསར་པ་རྟེན་འབྲེལ་ཆེ།།

ཡུལ་ལ་དགེ་མཚན་བཀྲ་རེ་ཤིས།།

མི་རྣམས་ཚེ་རིང་བདེ་ཞིང་སྐྱིད།། 

སྨོན་ལམ་ཚིག་གསུམ་ཉམས་སུ་བཞེས།།


ལུས་ལ་བདེ་ཐང་འཕྲོད་བསྟེན་གལ།།

ངག་ལ་བདེན་པ་གནས་ལུགས་གལ།།

ཡིད་ལ་འཚེ་མེད་བྱི་དོར་གལ།།

སྒོ་གསུམ་དགེ་བ་བཀྲ་༵ཤི༵ས་ཡིན།།


མི་ཡི་སྤྱོད་པ་ཡ་རབས་གཙོ།།

ཡུལ་གྱི་སྤྱོད་པ་མཐུན་སྒྲིལ་གཙོ།།

ཀུན་གྱི་སྤྱོད་པ་གཞན་ཕན་གཙོ།།

བཟང་གསུམ་སྤྱོད་པ་བདེ༵་ལེ༵གས་ཡིན།།


ལྷ་ཆོས་རྩ་བ་སྙིང་རྗེ་ཡིན།།

མི་ཆོས་རྩ་བ་བཟང་སྤྱོད་ཡིན།།

སེམས་ཅན་མོས་པ་སོ་སོ་ལ།།

གནས་ལུགས་ཆོག་ཤེས་བདེ་སྐྱིད་ཡིན།།


ཕ་མ་དགེ་རྒན་གཙུག་ཏུ་བཀུར།།

ཆོས་རིག་རིག་གནས་གཙུག་ཏུ་བཀུར།།

ཤེས་བྱ་ཡོན་ཏན་གཙུག་ཏུ་བཀུར།།

རང་ཉིད་རང་བཀུར་ཡར་རྒྱས་ཡིན།།


རིག་པའི་གནས་ལ་འབད་པས་བརྩོན།།

ཐོན་སྐྱེད་གསར་སྐྲུན་འབད་པས་བརྩོན།།

བདེ་སྐྱིད་འཚོ་བ་འབད་པས་བརྩོན།།

འབད་པས་སྒྲུབ་པ་རང་གཞན་དོན།།


རང་བྱུང་ཁམས་ལ་གཙང་སྦྲ་ཤེས།།

བརྡ་འཕྲིན་ལག་རྩལ་བེད་སྤྱོད་ཤེས།།

གནའ་དེང་རིག་གནས་དགོས་པ་ཤེས།།

རྒྱུན་ཤེས་ཤེས་པ་འོས་འགན་ཡིན།།


ཁ་ཡི་བཀྲ་ཤིས་སྨོན་ལམ་ཚིག།

སེམས་ཀྱི་སྨོན་འདུན་རི་མོར་བྲིས།།

རྣམ་དཀར་བསོད་ནམས་ལས་བཟང་བ།།

རྒྱལ་ཁམས་བདེ་ཞིང་དགེ་བར་ཤོག།


ཁ་གཡང་བཀྲ༵་ཤི༵ས་བདེ༵་ལེ༵གས་ཀྱི།།

དོན་མཚོན་བདེ་ལེགས་ཚིག་གི་ཕྲེང་།།

སྤྲེལ་ལོ་གསར་པའི་འཚམས་འདྲི་རུ།།

རང་མཉམ་གྲོགས་ལ་ཕུལ་བར་དགེ།།


རྒྱལ་ལོ༢༡༤༢-༡༢ -༣༠ 


ཀུན་མཁྱེན་ཀློང་ཆེན་ལ་བསྟོད་དབྱངས་ལྷ་ཡི་རོལ་མོ།


ཀློང་ཆེན་སྣང་འགྲོས་རིག་པའི་རྩལ་རྫོགས།།

དགོངས་པ་ཟང་ཐལ་མཁའ་རུ་འཕྱོ་ཡི།།

ཆོས་དབྱིངས་རང་གྲོལ་ཐོག་མའི་མགོན་པོ།།

ཀུན་མཁྱེན་རྒྱལ་པོའི་ཞབས་ལ་འདུད་དོ།།


གདོད་ནས་སྤྲོས་བྲལ་ཆོས་སྐུ་འགྱུར་མེད།།

འོད་གསལ་ལྷུན་གྲུབ་ལོངས་སྤྱོད་རབ་རྫོགས།།

གང་འདུལ་ཐུགས་རྗེས་མཁའ་ཁྱབ་འདྲེན་པ།།

རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས།།


སྣང་བ་འོད་གསལ་རང་རིག་གདངས་སུ།།

ཆོས་ཉིད་གཟུགས་བརྙན་དབྱེར་མི་ཕྱེད་ཅིང་།།

གཟུང་འཛིན་རྣམ་རྟོག་འདྲ་མ་འདྲེས་ལ།།

འཛིན་མེད་རྟོགས་པ་དྲི་མེད་འོད་ཟེར།།


ཟབ་ལམ་རྨད་བྱུང་བདུད་རྩིའི་དམ་ཆོས།།

ཐོས་གྲོལ་གདམས་པ་ཐེག་ཆེན་དམ་ཆོས།།

རང་བཞིན་རྫོགས་ཆེན་གཞི་ལམ་སྟོན་པའི།།

རྒྱལ་བ་གཉིས་པ་ཀློང་ཆེན་རབ་འབྱམས།།


མདོ་རྒྱུད་གཞུང་ལུགས་རྒྱ་མཚོའི་མཛོད་ཆེན།།

རྣམ་དཔྱོད་མཁྱེན་པས་ཡོངས་སུ་བཞེས་ནས།།

ལུང་རིགས་ནོར་བུའི་དགོངས་ཟབ་མངོན་གྱུར།།

བསྟན་པའི་འཁོར་ལོ་ཀློང་ཆེན་རབ་འབྱམས།།


དབྱིངས་རིག་ཀུན་བཟང་ནམ་མཁའི་ཀློང་ཆེན།།

བདེ་སྟོང་བློ་འདས་གཉུག་མ་བརྡལ་བ།།

སྐྱེ་མེད་དབྱིངས་ནས་སྐྱེ་བའི་གར་བསྒྱུར།།

ཀུན་མཁྱེན་བླ་མ་ཀློང་ཆེན་རབ་འབྱམས།།


སྲིད་ཞིའི་ཆོས་ཀུན་མཁྱེན་པའི་མཁྱེན་པ།།

མང་ཐོས་སྡེ་སྣོད་མཁས་པའི་མཁས་པ།།

མི་ཡི་སེངྒེར་མཚན་གྱིས་སྙན་པའི།།

ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས།།


གཞི་དབྱིངས་གདོད་མའི་མཁའ་ལམ་ཡངས་ནས།།

གཞི་ལམ་འབྲས་བུའི་དོན་བརྒྱུད་སྟོན་པ།།

གཞི་སྣང་མ་འགགས་ལོངས་སྐུའི་རྩལ་ཆེན།།

གཞི་དབྱིངས་མགོན་པོ་ཀློང་ཆེན་རབ་འབྱམས།།


རྒྱ་ཆད་ཕྱོགས་ལྷུང་བསལ་བཞག་མ་བྲལ།།

སྟོང་ཉིད་སྙིང་རྗེ་ཟུང་དུ་སྦྱོར་མཁས།།

ཆོས་སྐུའི་སྟོན་པ་སངས་རྒྱས་དེ་ཡི།།

དགོངས་པའི་ཀློང་མཛོད་ཀློང་ཆེན་རབ་འབྱམས།།


མཁས་མང་རྒྱུ་སྐར་ཕྲེང་བའི་དབུས་ན།།

མ་གྲོས་རང་གསལ་་བདེ་འབྱུང་གཙུག་རྒྱན།།

གངས་ཅན་གཙུག་ན་འཇམ་དབྱངས་རྣམ་གསུམ།།

མཁས་པའི་མཁས་པ་ཀློང་ཆེན་རབ་འབྱམས།།


བསྟན་པ་ཡོངས་རྫོགས་གཅིག་ཏུ་འདུས་པའི།།

རྒྱ་ཆེན་ལེགས་བཤད་གསུང་རབ་རི་བོ།།

སྐལ་བཟང་འགྲོ་བ་འདྲེན་པའི་དཔལ་དུ།།

སྤང་བླང་ལམ་སྟོན་ཀློང་ཆེན་རབ་འབྱམས།།


སངས་རྒྱས་མེད་ལ་སེམས་ཅན་མེད་ཅིང་།།

ཡིན་པ་མེད་ལ་མིན་པ་མེད་པ།།

མཐའ་བརྒྱད་སྤྲོས་བྲལ་ཀུན་གཞིའི་རྒྱལ་པོ།།

མཉམ་ཉིད་དོན་རྟོགས་ཀློང་ཆེན་རབ་འབྱམས།།


ཐེག་དགུའི་ཡང་རྩེ་རྫོགས་པ་ཆེན་པོ།།

བརྒྱུད་གསུམ་དགོངས་པའི་མན་ངག་ཆེ་བ།།

ལྗོངས་འདིར་གསང་ཆེན་བསྟན་པའི་ཆེ་བ།།

ཆེ་བའི་བདག་ཉིད་ཀློང་ཆེན་རབ་འབྱམས།།


སྡེ་གསུམ་ཀློང་དགུའི་བསྟན་པའི་ཀ་བ།།

འཁོར་འདས་ཆོས་སྐུར་རྟོགས་པའི་རྣལ་འབྱོར།།

ཀློང་ཆེན་དཔལ་གྱི་སྐུ་གསུང་ཐུགས་ལ།།

ཡིད་ཤེས་དད་པའི་གསོལ་བ་འདེབས་སོ།།


མཁྱེན་གཉིས་ཡེ་ཤེས་གཏེར་ཆེན་སྣང་བས།།

སྒྲིབ་གཉིས་མུན་པ་རིང་དུ་སེལ་ཞིང་།།

རིམ་གཉིས་ལམ་གྱི་རྒྱལ་སར་བསྙེག་སྟེ།།

དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག་ཅིག།


གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་འདས་མཆོད་རྒྱལ་ལོ་༢༡༤༣ཟླ་༡༢ ཚེས་༡༨་ཉིན་དོན་འགྲུབ་རྡོ་རྗེས་སོ།།

ཕ་ཡུལ་གྱི་ཞོགས་པ།


སྨུག་སྤྲིན་བླ་བྲེ་འཕྱ་མ་འཕྱུར།།

འདབ་ཆགས་གླུ་ལེན་ཀྱུ་རུ་རུ།།

ལྗོན་ཤིང་གཡུ་ལོ་ལྡེམས་སེ་ལྡེམ།།

ཞོགས་ཁའི་ན་བུན་བན་མ་བུན།

ལྷུན་པོའི་གངས་རི་མཐོ་ཞིང་མཐོ།།

རྫ་རི་བརྗིད་ཆགས་རྔམ་ཞིང་རྔམ།།

སྟོང་ཉིད་བར་སྣང་ཡངས་སེ་ཡངས།།

རྒོད་པོའི་གཤོག་འགྱུར་ལྡེམ་སེ་ལྡེམ།།

མུ་ཏིག་ཆར་བ་ཟལ་མ་ཟིལ།།

རྩི་ཤིང་དྲི་ངད་ཐ་མ་འཐུལ།།

ནེའུ་སིང་མེ་ཏོག་འཛུམ་སེ་འཛུམ།།

སྦྲང་ཆུང་སྐྱིད་གླུ་དར་མ་དིར།།

སྤང་ཐང་རི་ལུང་སྔོ་མ་ལྗང་།།

རི་དྭགས་རྩེ་གར་ལྡ་མ་ལྡིང་།།

གངས་ཀྱི་ཆུ་བོ་བསལ་མ་བསིལ།།

འབབ་སྒྲ་སྙན་མོ་ལྷ་མ་ལྷུང་།།

རུ་དམ་ཆོས་ཀྱི་ལ་དང་ལུང་།།

ཆོས་དུང་དཀར་པོ་སྙན་སེ་སྙན།།

རྒྱ་ཕིབས་གསེར་འོད་ལམ་སེ་ལམ།།

བླ་མའི་གཟི་བྱིན་ལྷམ་མེར་ལྷང་།།

སྐལ་ལྡན་འདུས་པ་ཤིག་སེ་ཤིག།

བཤད་སྒྲུབ་ཆོས་སྒྲ་འུ་རུ་རུ།།

ཉམས་རྟོགས་རིག་པ་གསལ་སེ་གསལ།།

ཡོན་ཏན་གནས་མཆོག་མཛེས་སེ་མཛེས།།

དད་པས་མཇལ་བར་ཡིད་རེ་དགའ།།

དང་བ་འདྲེན་པས་སེམས་རེ་སྤྲོ།།

སྐྱེ་བ་ཡང་ཡང་མཇལ་བ་ཡི།།

སྨོན་ལམ་རྣམ་པ་དག་པར་འདེབས།།

ཕ་ཡུལ་དུ།

འཇིག་རྟེན་རྨི་ལམ།


མི་ཚེ་རིང་མ་ཐུང་དེ་འཇའ་ཚོན་གུར་ཁང་ཕུབ་འདྲ།།

ནམ་ཟླས་ཕྱིར་མིག་འཕངས་ན་དྲན་པ་རི་ཡི་བརྩེགས་མ།།

དགའ་སྐྱོ་སྣང་བའི་དབྱིངས་སུ་འཁོར་བའི་ངེས་ཤེས་ཆུང་བ།།

སྒྱུ་མའི་འཁྲུལ་བག་ཟེར་བ་སེམས་ཀྱི་གཤིས་སུ་འདྲའོ།།


ལུས་དང་སེམས་པ་འཁྲི་ས་སྟོང་ཉིད་ཤེལ་སྒོ་ཡིན་ནམ།།

འཁོར་བ་ལས་ཀྱི་ཁ་ལོར་སོང་ན་གང་ལ་བསླེབ་འགྲོ།།ོ

རྨི་ལམ་ཆུ་ཟླའི་རོལ་གར་བསམ་ན་དྲན་པའི་རི་རབ།།

མི་ཤིགས་རིག་པའི་ངོ་བོ་གང་དང་གང་གི་ཡུལ་རེད།།


ཕྱི་ནང་དྲན་པའི་སྣེ་ན་སྣང་སྲིད་རྟེན་འབྱུང་མེ་ལོང་།།

དངོས་པོའི་གཤིས་སུ་བརྟག་ན་མ་གྲུབ་སྟོང་བར་འདྲ་བ།།

སྣང་བ་དགའ་སྐྱོ་ཆགས་སྡང་མེ་ལོང་ནང་གི་གཟུཊ་རིས།།

འདི་ནས་མ་མཐོང་སྒྲིབ་པ་དེ་ལ་ཤེས་རབ་སྩོལ་དང་།།


ཉམས་རྟོགས་ཆོས་ཉིད་མགུར་མ་ལྷང་ལྷུང་རྣ་བར་སྙན་ཡང་།།

མ་རྟོག་ཡིད་ཀྱི་ཆུ་བོ་དྲན་པའི་ཀློང་དུ་བཞུར་འགྲོ།།

མདུན་གྱི་འགྲོ་ལམ་ཀྱག་ཀྱོག་མི་འགྲོ་དབང་མེད་ཡིན་ན།།

འཇིག་རྟེན་བདེ་མོའི་ཐང་དུ་སོང་ན་ག་ཚོད་འགྲོ་དགོས།།


མི་ཡུལ་དགའ་སྐྱོའི་ཟློས་གར་མཐོང་དང་མི་མཐོང་མ་གསུང་།།

ཞེ་ལ་རེག་པའི་ཚོར་བ་ཚོར་བ་བྲག་ལ་བརྐོས་འདྲ།།

འདི་སྣང་སྒྱུ་མའི་ཆོ་འཕྲུལ་ཡེ་ཤེས་སྤྱན་རས་མིན་ན།།

ང་ལ་ཐུགས་རྗེ་ཆེན་པོའི་ཤེལ་གྱི་སྒོ་མོ་གནང་དང་།།


དྲ་འབུ།


 ཀ་མད་སུམ་ཅུ་ཤེས་པའི་ན་ཆུང་གི་གཞོན་ནུ།།

ཁ་དོག་འདྲ་མིན་བརྫུས་པའི་དྲ་ནང་གི་དྲ་འབུ།།

ག་དུས་མཐོ་དང་དམན་ལ་སྒྲོ་འདོགས་སུ་སྨྲ་བའི།།

ང་ཅག་ཀུན་གྱི་རང་ཚུགས་ཤོར་བ་འདི་མཚར་རོ།།


ཅ་ཅོ་གཏམ་ལ་དགྱེས་པའི་ཕུང་གསུམ་གྱི་སྡེ་རུ།།

ཆ་མེད་ཡ་མཚན་སྒྲོག་པའི་མཁས་རློམ་དེ་མང་བ།།

ཇ་ཡུན་ཙམ་གྱིས་བཟང་བཟང་ངན་ངན་དུ་འདྲེས་པའི།།

ཉ་ཉོབ་དྲ་འབུའི་རིགས་ལ་ཁ་སེམས་དེ་མ་གཡེང་།།


ཏ་ཐའི་བསྟན་པ་ཆབ་སྲིད་སྐྱོང་མདོག་གི་ཁ་ཕོ།།

ཐ་སྙད་སྐམ་པོ་སྒྲིག་མཁས་བསླུ་བྲིད་ཀྱི་ཕུང་པོ།།

ད་དགོས་དངོས་མིང་མི་ཕོད་གཞན་མིང་གིས་འབྲི་བའི།།

ན་ནིང་ད་ལོའི་དྲ་འབུའི་སྨྱོ་རྩོམ་ལ་ལྟོས་དང་།།


པ་སངས་རི་མོ་འཆར་འདྲའི་བསམ་དཀར་ཞིག་མེད་ཀྱང་།།

ཕ་རོལ་དོན་མེད་མི་ལ་བསམ་ནག་དེ་མ་འཆང་།།

བ་རྒྱའི་སྡོམ་དུ་མ་ཚུད་རིན་ཐང་གི་མི་བུ།།

མ་རབས་རང་གཤིས་ངན་པའི་གཡོ་རྗེས་སུ་མ་འབྲངས།།


ཙ་ར་ནོར་འཁྲུལ་མི་ཤེས་རང་མཐོང་གི་ང་རྒྱལ།།

ཚ་གཟེར་གནད་ལ་ཐུག་ཚེ་ཐ་ཤལ་གྱི་སྡར་མ།།

ཛ་རེ་ཛོ་རེར་མཁས་པའི་གཡོ་ཅན་གྱི་རྒྱལ་པོ།།

ཝ་སྐྱེས་གཙུག་ཏུ་མ་བཀུར་རང་འཕུང་གི་གཞི་ཡིན།།


ཞྭ་གོས་རྒྱན་ཆ་ཡོན་ཏན་རང་ཉིད་ཀྱིས་གྱོན་ལ།།

ཟ་འཐུང་ལོངས་སྤྱོད་ཡོད་ན་སྐྱིད་པོ་རང་སྡོད་ཅིག།

འ་འུར་གཞན་རྗེས་མ་སྙེག་རང་ཚུགས་རེ་གཟུང་ན།།

ཡ་རབས་སྐྱེ་བོ་ཟེར་བ་དེ་ག་ལས་མ་འདས།།


ར་བ་གངས་ཀྱི་ལྷུན་པོ་ཆོལ་གསུམ་གྱི་གཞིས་ཡུལ།།

ལ་ལུང་ཕྱོགས་རིས་མ་ཆད་མཐུན་སྒྲིལ་ལ་སྙོམས་དང་།།

ཤ་ཚའི་དོན་གྱི་བདེན་པ་རང་ཉིད་ཀྱིས་དཔྱད་ན།།

ས་སྟེང་སྐྱེ་བོའི་བཟང་ངན་རང་བཞིན་དུ་ངེས་སོ།།


ཧ་ཅང་ཁྲ་ཁྲ་རིས་རིས་དྲ་ནང་གི་དྲ་འབུ།།

ཧ་ལམ་ཆུ་སྣ་ག་ཁྲིད་ཅོལ་ཆུང་གི་འབུ་ནག།

ཨ་མེས་ཆོས་སྲིད་རིག་གནས་འཕུང་དཀྲུག་གི་རིགས་སུ།།

ཨ་གསར་སྣང་བ་མ་གཡེང་སྙིང་གཏམ་ཞིག་ཞུའོ།།


            ༢༠༡༤     ༥  ༢༦  ཡི་གེར་ཕབ། 


གསོལ་འདེབས་སེམས་ཀྱི་དབྱངས་རྟ།


ངེས་དོན་གསང་ཆེན་བསྟན་པའི་བཀའ་བབ་ཀྱི་སྒྲོན་མེ།།

མདོ་རྒྱུད་མན་ངག་མཛོད་འཆང་ཁྱབ་བདག་གི་མགོན་པོ།།

བརྒྱུད་གསུམ་དགོངས་པའི་བྱིན་རླབས་འཛད་མེད་དུ་འཇོ་བའི།།

མཚུངས་མེད་ཡོན་ཏན་ཀུན་འདུས་བླ་མ་དེ་མཁྱེན་ནོ།།


འཆད་རྩོད་རྩོམ་ལ་ཐོགས་མེད་མཁྱེན་རབ་ཀྱི་ཕུང་པོ།།

མཁས་བཙུན་གྲུབ་པའི་རྣམ་ཐར་ས་གསུམ་ན་སྙན་པ།།

མཁྱེན་བརྩེ་ནུས་ལྡན་ལྷར་བཅས་འགྲོ་བ་ཡི་སྐྱབས་གནས།།

ཚུལ་དགུའི་དམ་པའི་མངའ་བདག་རྗེ་བཙུན་གྱི་བླ་མ།།


རྒྱལ་ཀུན་མཁྱེན་རབ་ཀློང་ཆེན་ཡེ་ཤེས་ཀྱི་ཉི་ཟེར།།

སྒྲིབ་བྲལ་ཡོངས་སུ་དག་པའི་མཁའ་དབྱིངས་སུ་འཆར་ཏེ།།

ཁམས་གསུམ་འགྲོ་བའི་མུན་ཚོགས་རིང་རིང་དུ་བསྐྲད་པའི།།

བདེན་བཞིའི་ཆོས་དབྱངས་འགྲེམས་མཛད་བླ་མ་དེ་མཁྱེན་ནོ།།


ཀུན་བཟང་ཐུགས་ཀྱི་དགོངས་པ་ཟང་ཐལ་དུ་སྤྱོད་ཅིང་།།

ཕ་བརྒྱུད་རྗེ་བཙུན་བླ་མའི་བྱིན་རླབས་ཀྱི་བདག་ཉིད།།

འོད་གསལ་རྫོགས་ཆེན་སྒོམ་པ་རྣལ་འབྱོར་གྱི་དབང་ཕྱུག།

བསྟན་པའི་མེ་རོ་གཞིར་བཞེངས་རྒྱལ་བསྟན་གྱི་ཉི་མ།།


རབ་འབྱམས་རྒྱལ་ཀུན་གསང་གསུམ་འཕྲིན་ལས་ཀྱི་ངོ་བོ།།

མ་དང་མཁའ་འགྲོའི་དགོངས་བཅུད་སྙིང་ཐིག་གི་བདག་པོ།།

ཉེ་བརྒྱུད་ཌཱ་ཀིའི་ཞལ་རླུང་དྲོ་ལེ་རུ་བཞུགས་པ།།

གཞི་གྲོལ་གདོད་མའི་མགོན་པོ་བླ་མ་ལ་འདུད་དོ།།


ལེགས་གསུང་ཡིད་དུ་འཇེབས་པ་ཚངས་དབྱངས་ཀྱི་ང་རོ།།

ཆོས་ཚུལ་ཞི་བའི་སྒྲ་ཆེན་ཕྱོགས་མེད་དུ་དཀྲོལ་མཛད།།

སྐལ་བཟང་གདུལ་བྱའི་ལམ་འདྲེན་སྟོན་མཆོག་གི་དབང་པོ།།

མཚུངས་མེད་བླ་མའི་ཞབས་ལ་སྒོ་གསུམ་གྱིས་འདུད་དོ།།


མདོ་ཁམས་ཤར་གྱི་མངོན་མཐོ་ལྷ་ལམ་གྱི་དབུས་ན།།

སྣང་གསལ་སྒྲིབ་མེད་སྤྲོས་བྲལ་ཡེ་ཤེས་སུ་འཆར་བ།།

བྱམས་སེམས་ཟླ་གཞོན་གསར་བ་བདེ་འབྱུང་གི་གཙུག་རྒྱན།།

མ་རིག་མུན་པ་སེལ་མཛད་བཤེས་གཉེན་ལ་འདུད་དོ།།


གངས་རིའི་ཁྲོད་འདིའི་མུ་ཏིག་ཕྲ་ཚོམ་གྱི་རྒྱན་ཆ།།

མཁས་མང་བརྒྱ་སྟོང་གྲུབ་པའི་རུ་དམ་གྱི་གདན་སར།།

ཐོས་བསམ་སྒོམ་པར་སྦྱོར་བའི་ལི་ཁྲི་ཡི་མཚོ་མོས།།

ས་འཛིན་དབང་པོར་མཛེས་པའི་སྟོན་པ་དེ་མཁྱེན་ནོ།།


མདོ་སྔགས་ལུང་དང་རྟོགས་པའི་བཤད་སྒྲུབ་ཀྱི་ཆོས་སྡེ།།

རྒྱལ་བསྟན་གསེར་གྱི་བ་དན་བླ་མཐོ་རུ་བསྒྲེངས་ཏེ།།

བསླབ་གསུམ་ནོར་བུས་བཀླུབས་པ་འདུལ་འཛིན་གྱི་སྐྱེས་བུ།།

ཤཀྱའི་དགེ་སྦྱོང་དམ་པའི་ཞབས་པད་ལ་འདུད་དོ།།


སྔ་འགྱུར་བསྟན་པ་རྒྱ་མཚོའི་ངེས་དོན་གྱི་གཙུག་རྒྱན།།

གདོད་མའི་མགོན་པོ་མི་ཡི་རྣམ་གཟུགས་སུ་རོལ་པ།།

སྣ་ཚོགས་རང་སར་གྲོལ་བའི་རྫོགས་ཆེན་གྱི་རྣལ་འབྱོར།།

མཁས་གྲུབ་བྱེ་བའི་གཙུག་རྒྱན་བླ་མ་ཁྱེད་མཁྱེན་ནོ།།


ཁྱོད་ཀྱི་མཁྱེན་རབ་དབང་པོའི་ཟེར་བརྒྱ་ལས་འཕྲོས་པའི།།

སྡེ་སྣོད་རིན་ཆེན་ནོར་བུ་མན་ངག་གི་བང་མཛོད།།

མ་ནོར་རྒྱལ་བའི་དགོངས་དོན་ལྟ་སྒོམ་གྱི་ཉམས་ལེན།།

གསུང་རབས་གླེགས་བམ་བརྩེགས་པ་ལམ་སྟོན་གྱི་སྒྲོན་མེ།།


ཆོས་ཀུན་སྟོང་གསལ་དག་པ་ཆོས་དབྱིངས་ཀྱི་ཀློང་ནས།།

ཟབ་རྒྱས་མཁྱེན་བརྩེའི་ཆུ་འཛིན་དངོས་གྲུབ་རང་དཀྲིགས་ཏེ།།

མཐའ་ཡས་འགྲོ་ཚོགས་ཕན་བདེ་ཀུན་ད་ཡི་ཚལ་དུ།།

བདེ་ལེགས་ཆོས་ཀྱི་སྦྲང་ཆར་འཛད་མེད་དུ་སྙིལ་ཤོག།


དུག་གསུམ་སྒོམ་ཐག་བཅིངས་པའི་བདག་འདྲ་ཡི་སེམས་ཅན།།

སྐྱེ་ནས་སྐྱེ་བར་འབྲལ་མེད་ཐུགས་རྗེས་སུ་བཟུང་སྟེ།།

སྨིན་གྲོལ་དམ་ཆོས་ཟབ་མོའི་སྐལ་བཟང་ལ་སྤྱོད་ནས།།

འཁོར་འདས་མཉམ་པར་རོལ་བའི་བྱིན་རླབས་ཤིག་སྩོལ་དང་།།


སྐྱབས་གནས་ཀུན་འདུས་མཚན་ལྡན་དྲིན་ཆེན་གྱི་བླ་མར།།

དགོངས་བརྒྱུད་བྱིན་རླབས་འཇོ་བའི་དངོས་གྲུབ་དེ་ཞུས་ན།།

འདི་ནས་སྲིད་པ་སྲིད་པའི་བྱང་ཆུབ་ཀྱི་བར་དུ།།

སྙིང་དབུས་མི་ཕྱེད་པདྨའི་དྭངས་མ་རུ་བཞུགས་མཛོད།།


རྒྱལ་དབང་པདྨ༵འི་གདུང་འཚོབ་ཡིད་བཞིན་གྱི་ནོར་བུ།།

སྐལ༵་བཟ༵ང་གདུལ་བྱ་འདྲེན་པའི་དེད་དཔོན་དུ་བཞུགས་པ།།

བཀའ་དྲིན་འཁོར་དུ་མེད་པའི་དྲིན་ཅན་གྱི་བླ་མའི།།

ཞབས་པད་བསྐལ་བ་རྒྱ་མཚོར་རྟག་བརྟན་དུ་ཤོག་ཅིག།

ཅེས་དཔལ་ལྡན་འགྲོ་བའི་མགོན་པོ་༧སྐྱབས་རྗེ་བླ་མ་པདྨ་སྐལ་བཟང་གང་ཉིད་ལ་མུས་གུས་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་ནི་མདོ་སྨད་ཤར་གྱི་ཙོང་ཁའི་རི་ཁྲོད་དུ་དོན་གྲུབ་རྡོ་རྗེས་སྦྱར་བའོ།།

 རྒྱལ་ལོ༢༡༤༡  ༧  ༢༡

གླིང་གེ་སར་ཟློས་གར་གྱི་འབྱུང་ཁུངས།

      བསིལ་ལྡན་བོད་ཆེན་པོའི་ལྗོངས་གངས་རྭ་ཉེར་ལྔའི་ནང་ཚན་ཡོན་ཏན་གྱི་གནས་མཆོག་གཙང་མ། རུ་དམ་སྐྱིད་ཕྲམ་གྱི་ལུང་པར་ཆགས་པ། ཡུལ་མདོ་ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པ་ནི་སྔ་འགྱུར་རྙིང་མའི་གདན་ས་མ་དགོན་ཆེན་མོ་དྲུག་གི་ཡ་གྱལ། མདོ་ཁམས་ཉི་མ་ཤར་ཕྱོགས་ཀྱི་ལྗོངས་སུ་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་གཙང་མ་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བསྟི་གནས་ཀྱི་ཆོས་སྡེ་ཆེན་མོ་ཞིག་ཡིན་ལ། མི་ལོ་སུམ་བརྒྱ་ལྷག་གི་རིང་གངས་རི་དཀར་པོའི་མཁའ་དབྱིངས་ནས་འཛམ་གླིང་ཤར་ནུབ་རྒྱ་མཚོའི་ཚུན་དུ་གནའ་ནས་ད་ལྟའི་བར་ཐུན་མོང་ཐུན་མིན་ཆོས་དང་རིག་གཞུང་གི་ལོ་རྒྱུས་ཀྱི་རང་བཞིན་ལྡན་ལ་སྙན་པས་ཡོངས་སུ་ཁྱབ་པ་ཞིག་རེད།

       གླིང་རྗེ་གེ་སར་རྒྱལ་པོ་ནི་བོད་རིགས་མི་མང་གི་བློ་ངོར་བཙན་པོའི་གཉའ་གནོན་ཞིང་ཉམ་ཆུང་བྱམས་ཀྱིས་སྐྱོང་བའི་དཔའ་བོའི་ལོ་རྒྱུས་ཀྱིས་བལྟམས་པའི་སྐྱེས་བུ་ཞིག་ཡིན་ལ། ཡོངས་གྲགས་སུ་གླིང་གེ་སར་འཁྲུངས་ཡུལ་ནི་སྡེ་དགེའི་མངའ་ཁོངས་སུ་གཏོགས་པའི་ཨ་ཕྱུག་ཚྭ་ཚ་ཡིན་པ་ངོས་འཛིན་གཅིག་གྱུར་ཡིན། ཁམས་སྡེ་དགེ་རྫོགས་ཆེན་གྱི་ཡུལ་མིང་ནི་ཆོས་མིང་ཡུལ་དུ་ཐོགས་པ་ཞིག་ཡིན་ལ་མིང་གཞན་རྫོགས་ཆེན་འབྲོག་རུ་མ་ཡང་འབོད་སྲོལ་ཡོད།

     འབྲོག་རུའི་མིང་གི་ཐོགས་ཚུལ་ནི་གླིང་འབུམ་པ་རྒྱ་ཚའི་འབྲོག་རུའམ་རྒྱ་ཚའི་འབྲོག་སྡེ་ཡིན་པའི་རྒྱུ་མཚན་སོགས་གནའ་མི་རྒན་རབས་ཚོའི་ངག་རྒྱུན་ལ་ཤོད་སྲོལ་འདུགལྷག་པར་དུས་རབས་བཅུ་དགུ་བའི་ནང་བྱོན་པའི་གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་ནི་ཁམས་སྡེ་དགེ་རྒྱལ་པོའི་དབུ་བླ་ཡིན་པ་དང་ཁོང་གི་སློབ་རྒྱུད་སྐྱེས་བུ་བགྲང་ཡས་པ་བྱོན་ཞིང་ཕྱོགས་ཀྱི་དགོན་ལག་སུམ་བརྒྱ་ལྷག་ཏུ་སྤེལ།

       སྡེ་དགེའི་མངའ་ཁོངས་ཙམ་དུ་མ་ཟད་ཁམས་ཁུལ་དུ་བཤད་སྒྲུབ་ལས་གསུམ་ཆ་ཚང་དར་བའི་རྫོགས་ཆེན་དགོན་པ་ནི་དུས་སྐབས་དེ་ནས་ཀྱང་མདོ་ཁམས་སྨད་ཀྱི་ཆོས་རིག་གི་ལྟེ་གནས་ལྟ་བུར་ཆགས་ཡོད།དུས་རབས་བཅུ་དགུ་བའི་ནང་གྲུབ་དབང་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་དགོན་པ་གཞུང་ལ་ལོ་དར་གྱི་དུས་མཆོད་བཀའ་གཏེར་ཆུ་བོ་ཟུང་འབྲེལ་གྱི་མཆོད་ཁག་བརྒྱད་ཅུ་ཐམ་པ་དང་། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་ཚེ་གཡང་ཁ་སྤྲོད་དུ་སྒྲུབ་པ་ལས་ཀྱི་ཁ་ཚར་དང་བཅས་པ། ཕུར་ཆེན་དགྲ་བགེགས་ཀུན་སྒྲོལ་སྨད་ལས་གར་འཆམ་དང་བཅས་པ། མཐའ་དམག་འདུལ་བའི་གཉེན་པོར་འཛམ་གླིང་གེ་སར་རྒྱལ་པོ་བཀའ་སྡོད་ཕུ་ནུའི་འཁོར་ཚོགས་དགྲ་ལྷ་རླུང་རྟའི་ལྷ་ཚོགས་དང་བཅས་པའི་གར་འཆམ་ཞི་རྒྱས་དབང་དྲག་སོགས་འཆམ་ཚན་སྣ་ཚོགས་པ་ཅན་གསར་འཛུགས་རྒྱ་ཆེན་མཛད་ཅིང་།

      དུས་སྐབས་དེ་ནས་བོད་ཁམས་སུ་གླིང་གི་དཔའ་རྟུལ་བརྒྱད་བཅུའི་ཟློས་གར་ཆ་ཚང་བ་དམངས་ཁྲོད་དུ་འཆམ་པའི་སྲོལ་གཏོད་དེ་དར་བ་ཐོག་མ་ཡིན་པའི་བཤད་སྲོལ་དང་ཡིག་ཆ་འདུག། གླིང་དཔའ་རྟུལ་སོ་སོའི་འབག་དང་། འཆམ་གོས། རྒྱན་ཆ། ཕྱག་མཚན་ཡོ་བྱེད་སོགས་རེ་རེ་ནས་གནའ་བོའི་གླིང་གི་མི་སྣའི་དཔེ་བྲིས་སུ་མཐུན་ལ་ཕལ་ཆེ་བ་ཁོང་གི་དག་སྣང་གིས་འཆར་འགོད་མཛད་པ་དང་གཏེར་མ་ཡང་ཡོད་པ་རེད།

       ཁམས་སྡེ་དགེའི་ལོ་རྒྱུས་རིག་གནས་ཀྱི་ཁྱབ་ཁོངས་སུ་གེ་སར་གྱི་དངོས་ཤུལ་དང་། གྲུབ་ཐོབ་པདྨ་རིག་འཛིན་གྱིས་མཛད་པའི་སྟག་གཟིག་ནོར་འགྱེད་དང་རྫོགས་ཆེན་བཛྲ་སྩལ་གྱིས་མཛད་པའི་མངའ་རིས་གངས་དཀར་ཤེར་རྫོང་། རྫོགས་སྤྲུལ་ལྔ་བ་དང་འཇུ་མི་ཕམ་སོགས་ཀྱིས་མཛད་པའི་གེ་སར་དང་འབྲེལ་བའི་ཆོས་འབྱུང་རྣམ་ཐར། གེ་སར་གསོལ་མཆོད། དགྲ་ལྷའི་དཔུང་བསྟོད། གླིང་གི་རྒྱལ་རབས་ལོ་རྒྱུས་དག་ལ་ཞིབ་འཇུག་གི་ཡིག་ཆ་ཡང་ཡོད་པ་རེད། རྗེས་སུ་དུས་འགྱུར་ཁྲོད་འཆམ་གོས་ཡོ་བྱེད་ཐམས་ཅད་འཕྲོ་བརླག་ཏུ་ཤོར་ཡང་། ལོ་རབས་བརྒྱད་བཅུ་བའི་ནང་སྐྱབས་རྗེ་བླ་མ་རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེས་དབུ་མཛད་དེ་རྒན་རབས་པ་རྣམས་ཀྱིས་རྒྱུན་འཁྱོངས་གནང་ནས། ད་ལྟའི་བར་ལོ་དར་དུ་མདོ་ཁམས་རྫོགས་ཆེན་དགོན་དུ་འཛམ་གླིང་གེ་སར་རྒྱལ་པོ་དགྲ་ལྷ་ཝེར་མའི་དཔུང་ཚོགས་དཔའ་ཐུལ་ཕུ་ནུའི་གར་འཆམ་རླུང་རྟ་སྡེ་བཞི་དང་བཅས་འཆམ་སྲོལ་ཡོད་པ་ཡིན་ནོ།། འབྲེལ་ཡོད་ཡིག་ཆ་ཁག་དང་ཡུལ་མི་རྒན་རབས་པའི་ངག་རྒྱུན་ལ་གཞི་བྱས་རྩོམ་སྒྲིག་པ་མི་ཉག་འོད་ཟེར་ལགས་ཀྱི་ཐུགས་བཞེད་བཞིན་དོན་འགྲུབ་རྡོ་རྗེས་སྤོས་ལྡན་གྲོང་གི་རང་ཤག་ཏུ་སྦྱར།།

              2015  9  5

ནམ་ཟླ་ཡལ་བ།


རི་བོས་ཁ་བའི་དབུ་ཞྭ་མནབས་བྱུང་།།

དྲན་པའི་ནམ་ཟླ་རིང་ལ་ཐུང་བ།།

ཕྱིར་མིག་མེད་པའི་འཇིག་རྟེན་ཆོས་ཉིད།།

འཛད་མཐའ་མེད་པའི་རྨི་ལམ་སྣང་བ།།


སོང་སོང་ལམ་གྱི་དྲན་པ་ཁྲ་ཁྲ།།

སྒྱུ་མའི་ཡུལ་དང་ཡུལ་ལ་བཞག་ན།།

སྣ་ཚོགས་སྣང་བ་ཀུན་རྟོག་རི་མོ།།

སྟོན་རླུང་བསིལ་མའི་གྲོགས་སུ་གྱུར་སོང་།།


མེ་ཏོག་ནམ་ཟླ་ཡལ་མཚམས་རེ་རེར།།

བཟི་བའི་ཁ་དོག་གྱ་གྱའི་འཚོ་བ།།

ཕྱི་རོལ་ཡ་ཡོ་དུས་བཞིའི་འགྱུར་ལྡོག།

ནང་སེམས་རབ་རིབ་རྨི་ལམ་རིང་མོ།།


༢༠༡༨ ༩ ༣༠

དགའ་ལྡན་དགོན་འདབས་ཀྱི་མགྱོགས་བྲིས།


གནས་དབང་བསྐུར་དབེན་རི་ཉམས་དགའ་བ།།

འབྲོག་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་།།

རྗེ་རྒྱལ་བ་ཡབ་སྲས་བཞུགས་པའི་གནས།།

ཡིད་དད་པའི་གསོལ་བ་འདེབས་ལགས་སོ།།


གཞི་ཆོས་དབྱིངས་སྤྲོས་བྲལ་དབྱངས་སུ་གྱེར།།

ལམ་བསླབ་གསུམ་རྒྱལ་མཚན་མཁའ་རུ་བསྒྲེངས།།

བྱམས་སྙིང་རྗེའི་སེམས་མཆོག་འགྲོ་ལ་སྙོམ།།

མགོན་རྒྱལ་བ་རྒྱ་མཚོ་གཙུག་ན་བསྙེན།།


ཕྱི་བཅོས་མའི་ཟོལ་ལ་ཆོས་པའི་གཟུགས།།

ནང་རྫུན་མའི་ལམ་ལ་ཉོན་མོང་ལས།།

ཆོས་འཇིག་རྟེན་བར་གྱི་ཕུང་གསུམ་པ།།

ང་ཐ་མལ་མི་ལ་ཐུགས་རྗེས་གཟིགས།།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/7/1 བལྟ་ཀློག (35247)