བཞག་པ་རིན་པོ་ཆེའི་གསུང་རྩོམ་དཔེ་ཚོགས་འགྲེམ་བརྡ།


ལི་ཐང་བཞག་པ་རིན་པོ་ཆེ་འཇམ་དབྱངས་མཁས་གྲུབ་ཀྱི་གསུང་རྩོམ་དཔེ་ཚོགས་པར་སྐྲུན་འགྲེམ་བརྡ། 

[ནང་དོན་གནད་བསྡུས།]

པོད་ཕྲེང་དང་པོ།  སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར།

       ཀླུ་སྒྲུབ་ཀྱི་རྣམ་ཐར།  དབུ་མའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་ཐར་ལ་ཞིབ་མོར་གཟིགས་འདོད་མཁན་ཞིག་ཡིན་ན་རྒྱའི་སློབ་དཔོན་ལོ་ཆེན་གཞོན་ནུ་སྲོག་དང་།  རྒྱ་གར་གྱི་སློབ་དཔོན་ལེགས་ལྡན་འབྱེད་དང་དཔལ་ལྡན་ཟླ་བ་གྲགས་པ།  སྤྱན་རས་གཟིགས་བརྟུལ་ཞུགས།  བོད་ཀྱི་སློབ་དཔོན་བུ་སྟོན་ཐམས་ཅད་མཁྱེན་པ་དང་ཇོ་ནང་ཏཱ་ར་ནཱ་ཐ་བཅས་སློབ་དཔོན་བདུན་གྱི་གསུང་ལ་ཉམས་ཞིབ་ཅིག་མི་བྱེད་ཐབས་མེད་ཡིན་ལ།  འདིར་ནང་སློབ་དཔོན་བདུན་པོ་དེའི་གསུང་ལ་བརྗོད་བྱའི་གནད་གསལ་ལ་རྗོད་བྱེད་སྒྲ་འགྲོས་དག་ཅིང་སྒྲུབ་བྱེད་ལུང་རིགས་ཡངས་པའི་སྒོ་ནས་ཉམས་ཞིབ་འཐུས་སྒོ་ཚང་བ་ཞིག་བྱས་ཡོད་པས། སུས་ཞིབ་གཟིགས་བྱེད་ཚེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ངོ་མཚར་རྨད་བྱུང་གི་རྣམ་ཐར་དངོས་ནི་འདི་འདྲ་རེད་འདུག་ཅེས་སེམས་ལ་ཚོར་བ་འགོག་མེད་དུ་བསྟེན་ཐུབ་པ་ནི་གདོན་མི་ཟ།   སྤྱིར་ཀླུ་སྒྲུབ་ཀྱི་རྣམ་ཐར་ལ་རྒྱས་བསྡུས་ལ་མ་ལྟོས་པའི་མང་ཉུང་སྣ་ཚོགས་པ་ཞིག་ཡོད་ཀྱང་འདི་ལས་ཁ་གསལ་ལ་ཁུངས་དག་ཅིང་རྒྱས་པ་ཞིག་དེ་སྔོན་རྒྱ་བོད་གང་ལའང་མེད།  

       ཐོགས་མེད་ཀྱི་རྣམ་ཐར།    རྣམ་ཐར་ནང་དོན་ཚན་བཅོ་ལྔའི་ཐོག་ནས་སེམས་ཙམ་གྱི་གྲུབ་མཐའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་ཐོགས་མེད་ཀྱི་གསང་གསུམ་གྱི་མཛད་རྗེས་ཇི་ཡོད་ལེགས་པར་གཏན་ལ་ཕབ་ཅིང་རྒྱ་ཡི་སློབ་དཔོན་ཞོན་ཙང་གིས་མཛད་པའི་ཆེན་པོ་ཐང་གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་དང་བུ་སྟོན་ཆོས་འབྱུང་དང་སློབ་དཔོན་དོན་དམ་པས་བསྒྱུར་བའི་དབྱིག་གཉེན་གྱི་རྣམ་ཐར་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་ཀྱི་གསུང་ལ་ཁུངས་ལེགས་པར་བཅོལ་ཡོད།  དམིགས་བསལ་ཐོགས་མེད་ནས་བརྒྱུད་པའི་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུའི་མཚན་གྱི་ཁྱད་པར་དང་ལེའུའི་གྲངས།  གཞུང་སོ་སོའི་བརྗོད་དོན་བཅས་སྤྱི་ཁོག་ཏུ་བསྒྲིགས་ཡོད།  

      སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།   ལོ་ཆེན་གཞོན་ནུ་སྲོག་གིས་ཕྱི་ལོ་༤༠༡ལོརལེགས་སྦྱར་ནས་རྒྱ་ཡིག་ཏུ་བསྒྱུར་ཅིང་དེ་ཉིད་བོད་ཡིག་ཏུ་བསྒྱུར་བའི་སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར་ནང་ཐོག་མར་སློབ་དཔོན་རྟ་དབྱངས་ཀྱིས་གནས་བརྟན་རྩིབས་དང་རྩོད་པ་ཇི་ལྟར་བྱེད་ཚུལ་དང་དེ་ནས་གནས་བརྟན་རྩིབས་ཀྱི་སློབ་མར་གྱུར་ཏེ་རིམ་བཞིན་བསྟན་པ་རྒྱས་པར་བྱེད་ཚུལ་བཅས་མཆིས་སོ།།



པོད་ཕྲེང་གཉིས་པ།  ལམ་རིམ་དང་བློ་སྦྱོང་སྣ་ཚོགས།

     ༡  ༽  ལམ་རིམ་ཐར་འདོད་དཔའ་བོའི་སྙིང་ནོར་དུ་སྤྱིར་ལམ་རིམ་གྱི་ཉམས་ལེན་མཐའ་དག་དམིགས་སྐོར་བཅུ་ནང་བསྡུས་ཚུལ་དང་།ཁྱད་པར་དུ་སྦྱོར་བའི་ཆོས་དྲུག་ལ་སོགས་དེ་སྔོན་མ་གྲགས་པའི་ལེགས་བཤད་ཤིན་ཏུ་རྒྱས་པ་ཁ་གསལ་གོ་བདེ་ངང་སྐྱེ་བོ་མཆོག་དམན་སུས་བལྟས་ནའང་བློ་བསྐྱེད་འཕེལ་ངེས་ཤིང་ལག་དུ་ལེན་བདེ་བ་ཞིག་མཛད་ཡོད།

       ༢  ༽  བློ་སྦྱོང་དོན་བདུན་མའི་འགྲེལ་བ་སྙན་བརྒྱུད་ཆེན་མོའི་མན་ངག་སྙིང་གི་ནོར་བུ་རུ་བློ་སྦྱོང་དོན་བདུན་མའི་རྩ་བ་པར་མ་མི་འདྲ་བ་ཡོད་པ་དག་ཕན་ཚུན་གཤིབ་བསྡུར་དང་།  རྗེའི་གསུང་ཟིན་བྲིས་བློ་སྦྱོང་ཉི་མའི་ཉི་ཟེར་དང་རྒྱལ་སྲས་ཐོགས་མེད་བཟང་པོ་དང་ཇོ་ནང་ཏཱ་ར་ནཱ་ཐ་དང་བློ་བཟང་དགོངས་རྒྱན་དང་བདུད་རྩིའི་སྙིང་པོ་དང་ཀྭེའུ་ཚང་དང་སྐྱབས་རྗེ་བདེ་གཤེགས་སྙིང་པོ་སོགས་ཀྱི་རྩ་གཞུང་ཇི་ལྟར་ཡོད་པ་དག་གིས་ཟུར་བརྒྱན་བྱས་ཏེ་བློ་སྦྱོང་གི་གནད་ཐམས་ཅད་ཉམས་ལེན་ཕྱོགས་གཅིག་ཏུ་བྱེད་ཆོག་ཆོག་ལྟ་བུ་ཞིག་བྱས་ཡོད།

      ༣  ༽   དགེ་ལྡན་ལུགས་བཟང་རྒྱས་པའི་སྨོན་ལམ་གྱི་ཡང་འགྲེལ་མདོ་རྒྱུད་རྒྱ་མཚོའི་ཉིང་ཁུ་རུ་རྩ་བར་རང་འགྲེལ་བསྡུས་པ་དེ་ལ་གཞིར་བཅོལ།  དེར་མདོ་དང་རྒྱུད་སོགས་ཀྱི་གཞུང་ཆེན་པོ་དག་དངོས་སུ་ལུང་འདྲེན་མཛད་པ་མེད་ཀྱང་ཞལ་འཕང་མཛད་པའི་མདོ་རྒྱུད་བསྟན་བཅོས་རྣམས་ཀྱི་ལུང་གི་ཁུངས་བཙལ་ཏེ་དངོས་སུ་བཀོད་ཅིང་དེར་མ་གསུངས་ཀྱང་དགོས་གལ་ཆེ་བ་རྣམས་ཀྱིས་ཁ་གསབ་བྱེད་ཅིང་རྩ་ཚིག་གང་ཡིན་ལ་ཚིག་འགྲེལ་བསྡུས་པ་རེས་ཟུར་རྒྱན་བྱས་ནས་བཤད་པ་རྒྱས་པར་མཛད་ཡོད།

པོད་ཕྲེང་གསུམ་པ།  སཾ་བོད་ཤན་སྦྱར་གྱི་དཀོན་མཆོག་རྗེས་དྲན་གྱི་མདོའི་བསྡུས་འགྲེལ་དང་རྒྱ་ཆེར་འགྲེལ་བ། 

     ༡  ༽   དེབ་འདིར་སྔར་ཡོད་ཀྱི་དཀོན་མཆོག་རྗེས་དྲན་གྱི་མདོ་དེ་ཉིད་རྒྱ་དཀར་ནག་བོད་གསུམ་གྱི་ཡིག་རིགས་མི་འདྲ་བ་གསུམ་དུ་དག་པར་བཅོས་ཏེ་མཉམ་དུ་བཀོད་ཡོད་པས་སཾ་བོད་རྒྱ་གསུམ་གི་ཡིག་རིགས་ལ་མཁྱེན་རྒྱ་ཡོངས་པོར་མངའ་མཁན་ཡོད་ན་དམིགས་བསལ་དགོས་མཁོ་ཆེ་བ་སྨོས་ཅི་དགོས།

     ༢  ༽   དེའི་ཁར་སྔར་རྩོམ་གྱི་དཀོན་མཆོག་རྗེས་དྲན་གྱི་མདོའི་རྒྱ་ཆེར་འགྲེལ་དེ་ཉིད་ཤིན་ཏུ་རྒྱས་པས་སྐྱེ་བོ་མཆོག་དམན་སུ་ལའང་གཟིགས་བདེ་བའི་སླད་དུ་དོན་གྱི་སྙིང་པོ་དག་ལྡོག་འདྲིལ་ནས་གོ་བདེ་བའི་ལུགས་ཀྱིས་དཀོན་མཆོག་རྗེས་དྲན་གྱི་མདོའི་བསྡུས་འགྲེལ་མཛད་ཡོད།

     ༣  ༽  སཾ་བོད་ཤན་སྦྱར་གྱི་དཀོན་མཆོག་རྗེས་དྲན་གྱི་མདོའི་རྒྱ་ཆེར་འགྲེལ་བའི་ནང་།  ལེགས་སྦྱར་གྱི་དཀོན་མཆོག་རྗེས་དྲན་གྱི་མདོ་རང་ཉིད་གཞིར་བྱས་དེའི་ཁར་དཀོན་མཆོག་གསུམ་རྗེས་སུ་དྲན་ཚུལ་གསུངས་པའི་ཐུན་མོང་བ་ཐེག་པ་ཆེ་ཆུང་གཉིས་ཀའི་མདོ་༡ དང་།  ཐུན་མོང་མ་ཡིན་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་༢ དང་།  དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་༣ དང་།  འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པའི་འགྲེལ་བ་༤ དང་།  ཐོགས་མེད་ཀྱིས་མཛད་པའི་རྣལ་འབྱོར་སྤྱོད་པའི་ས་༥ དང་།  གཞན་ཡང་ཐོགས་མེད་ཀྱིས་མཛད་པའི་དཀོན་མཆོག་རྗེས་སུ་དྲན་པའི་མདོ་འགྲེལ་བ་༦ དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་དཀོན་མཆོག་རྗེས་དྲན་གྱི་མདོ་འགྲེལ་བ་༧ དང་།  བོད་འགྱུར་གྱི་འདུལ་བ་ལུང་གཞི་༨ དང་།  རྒྱ་ནག་འགྱུར་གྱི་མདོ་སྡེ་ལུང་རིང་པོ་དང་།  ལུང་འབྲིང་པོ་དང་། ལུང་སྣ་ཚོགས་དང་། ལུང་གཅིག་མ་མདོ་སྡེ་ལུང་སྡེ་བཞི་ག་༩དང་།  གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་༡༠དང་།  དཀོན་མཆོག་བརྩེགས་པའི་མདོ་ཚན་མང་པོ་༡༡ དང་། མདོ་ཕལ་པོ་ཆེ་༡༢དང་།ཤེར་ཕྱིན་གྱི་ཚོགས་༡༣དང་། མྱང་འདས་ཆེན་པོའི་མདོ་༡༤དང་།འཕགས་པ་ཤཱ་རིའི་བུས་མཛད་པའི་ཆོས་ཀྱི་ཕུང་པོ་༡༥དང་། སློབ་དཔོན་འཇམ་དཔལ་གྲགས་པའི་ཏིང་ངེ་འཛིན་རྒྱལ་པོའི་མདོའི་འགྲེལ་བ་༡༦སོགས་མདོ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཤིན་ཏུ་མང་པོ་ལ་ཁུངས་བཅོལ་རྩ་ཚིག་རེ་རེ་བཞིན་ཚིག་འགྲེལ་དོན་འགྲེལ་དཀའ་འགྲེལ་མཐའ་དཔྱོད་སོགས་མཐར་ཕྱིན་པ་ཞིག་བྱས་ཞིང་འབྲེལ་ཡོད་པས་མདོ་དང་བསྟན་བཅོས་དག་ལས་ཤིན་ཏུ་དཔྱད་དཀའ་བའི་སཾ་སྐྲྀའི་ཏའི་ཡིག་རིགས་དག་ལ་སྒྲ་སྒྲུབ་ཇི་ལྟར་བྱེད་ཚུལ་དང་བཅས་པ་ལེགས་པར་གཏན་ལ་ཕབ་འདུག་པས་དཀོན་མཆོག་རྗེས་དྲན་གྱི་མདོ་ལ།  བརྗོད་བྱ་དོན་གྱི་གནད།  རྗོད་བྱེད་ཚིག་གི་འགྲོས། རྒྱབ་རྟེན་ལུང་གི་ཁུངས།  སྒྲུབ་བྱེད་རིགས་པའི་རྣོ་ངར་སོགས་གང་ལ་བལྟས་ཀྱང་འདི་ལས་ལྷག་པའི་ཁ་གསལ་གོ་བདེ་ཁུངས་དག་པ་ཞིག་མ་མཆིས་པས་དམིགས་ཕུགས་ནས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ལ་ཞིབ་འཇུག་འཐུས་སྒོ་ཚང་བ་ཞིག་བྱེད་འདོད་མཁན་ཞིག་ཡིན་ན་འདི་ལ་ཞིབ་གཟིགས་ཤིག་བྱེད་རྒྱུ་མ་བྱུང་ན་ཕོངས་སེམས་སྐྱེ་འོས་པར་སྣང་ངོ་།།

     ༤ ༽   ཤཱ་རིའི་བུས་མཛད་པའི་ཆོས་ཀྱི་ཕུང་པོ་ལས་བྱུང་བའི་དཀོན་གསུམ་རྗེས་སུ་དྲན་པའི་འགྲེལ་བ་རྒྱ་ཡིག་ཐོག་ཡོད་པ་དེ་ཤིན་ཏུ་ཁ་གསལ་གོ་བདེ་བའི་ལུགས་ཀྱིས་བོད་ཡིག་ཏུ་བསྒྱུར་ནས་མཉམ་དུ་བཀོད་ཡོད། 

  གླེགས་བམ་འདི་གསུམ་ཉེ་ཆར་མི་རིགས་དཔེ་སྐྲུན་ཁང་ནས་གསར་དུ་དཔར་བསྐྲུན་བྱས་ཏེ་ས་གནས་སོ་སོར་སྡེབ་ཚོང་དང་སིལ་ཚོང་བྱེད་ཀྱིན་ཡོད་པས་རྒྱ་ཆེ་བའི་དཔེ་ཀློག་པ་རྣམས་དང་དཔེ་ཁང་སོ་སོས་དུས་ལྟར་བླུ་བར་དགའ་བསུ་ཞུ།

    ཞེས་ཧྲིན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་གི་དཔེ་སྒྲིག་ཁང་གིས་སྤྱི་ལོ་༢༠༡༩ལོའི་ཟླ་༨ཚེས་༡༥ཉིན་ཕུལ།

འབྲེལ་གཏུག་བྱ་ཡུལ།


དགེན་བསམ་འཕེལ། 

ཁ་པར་ཨང་གྲངས།

15104018866


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/8/29 བལྟ་ཀློག (41320)