དོ་ནུབ་ང་དར་རྩེ་མདོ་ན་ཡོད། དགྲ་ཟོར།

དོ་ནུབ་ང་དར་རྩེ་མདོ་ན་ཡོད།

དགྲ་ཟོར།

      དོ་ནུབ་ང་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་རྒྱུད་དུ་ཡོད་པའི་དར་རྩེ་མདོ་ན་ཡོད། ང་ལོ་བཅུ་གསུམ་ཙམ་ཡིན་དུས་ནས་ངས་རྒྱུན་དུ་"རྒྱ་ནག་དར་རྩེ་མདོ་"ཞེས་ཡང་ཡང་ཐོས་མྱོང་ལ། སྐབས་དེའི་སྣང་ངོ་ཞིག་ལ་དེ་ནི་རྒྱ་མི་རིགས་ཀྱི་གྲོང་ཁྱེར་ཞིག་ཡིན་པར་ཡང་ཡང་བསམ་མྱོང་། ཕོ་ལོ་བཅུ་དགུའི་སྐས་ཐེམ་རིམ་གྱིས་བརྒལ་བའི་དེ་རིང་ང་དངོས་སུ་དར་རྩེ་མདོར་ཐོན་ཡོད། ཆུང་དུས་སུ་ཐོས་མྱོང་བའི་རྒྱ་ནག་དར་རྩེ་མདོ་ཞེས་པའི་མིང་དེ་ནི་ཁོངས་མེད་ཀྱི་ཧམ་བཤད་ཙམ་ལས་ཅི་ཡང་མ་རེད་དོ།། དར་རྩེ་མདོ་ཞེས་པའི་མིང་ནི་ལྟག་སྒོ་གསུམ་སྟེ་མི་ཉག་ལྟག་སྒོ་དང་གཡག་རྭ་ལྟག་སྒོ། རྒྱ་ཡུལ་ལྟག་སྒོ་བཅས་ལམ་གསུམ་གྱི་འདས་མདོ་དང་དར་རས་ཕྲུག་གསུམ་དང་སྨན་རྩྭ་ཇ་བཅས་ཀྱི་ཚོང་ར་ཤིན་ཏུ་དར་བའི་སའི་རྩེ་མོ་ལྟ་བུ་ཞིག་ཡིན་པས་ན་དར་རྩེ་མདོ་ཞེས་བརྗོད་ཅིང་མིང་གཞན་དུ་ཇ་ནག་དར་རྩེ་མདོ་ཞེས་ཟེར་རོ།།

      འདི་ནི་རྒྱ་བོད་འབྲེལ་གཏུག་དང་ཚོང་ལས་ཤིན་ཏུ་དར་ས་ཞིག་ཡིན་ལ་ཁམས་སྟོད་སྨད་དབུས་གཙང་བཅས་ཀྱི་རྒྱུད་ལམ་ཞིག་ཀྱང་ཡིན།དམིགས་བསལ་གྱི་ཡུལ་གྱི་གནས་སྟངས་ལས་འདི་ནི་ལོ་རྒྱུས་ཐོག་ཁམས་ཕྱོགས་ཀྱི་དཔོན་རྒྱུད་ཅུང་སྔ་ཞིང་སྟོབས་དང་ལྡན་པའི་མི་ཉག་ལྕགས་ལ་རྒྱལ་པོས་རྒྱལ་སའི་ཕོ་བྲང་རྒྱག་ས་ཡིན། གནའ་སྔ་མོ་ས་ཆ་འདི་ནི་འབྲོག་པའི་དགུན་ས་བྱེད་པའི་ས་གནས་ཤིག་ཡིན་པར་བཤད་ལ་རྗེས་སུ་ཇ་འདྲེན་རྡལ་ལམ་གྱི་ཚོང་ར་ཆེན་པོ་ཞིག་ཏུ་གྱུར་ནས་ཁང་པ་ཆེ་ཆུང་མང་པོ་བརྒྱབ་ནས་འབྲོག་པའི་རུ་འདུག་ས་མེད་པར་གྱུར། འབྲོག་པའི་རུ་བ་རྣམས་ཡུན་གྱིས་ཡར་མི་ཉག་ལྷ་སྒང་དུ་སྤོས་ནས་བསྡད། དེ་ཡང་ལྕགས་ལ་རྒྱལ་པོའི་དཔོན་རྒྱུད་བྱུང་ཚུལ་ལ་མང་པོ་ཞིག་ཡོད་ན་ཡང་ཡོངས་གྲགས་སུ་མི་ཉག་རྒྱལ་རྒྱུད་ལས་བྱུང་བ་ཡིན་པར་བཤད། ཉག་ཆུའམ་བོན་པོ་གཤིས་སྨད་དུ་རྒྱུད་ཀྱི་སི་ཧུ་རོང་གི་མཁར་ཤུལ་西吴绒城དེ་མི་ཉག་རྒྱལ་པོའི་རྒྱལ་ས་ཡིན་པར་བཤད་ལ་དེ་དུས་ལྕགས་ལ་རྒྱལ་པོ་མི་ཟེར་བར་ཀུན་གྱིས་མི་ཉག་རྒྱལ་པོ་ཞེས་འབོད་པར་གྲགས། མི་ཉག་ནི་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་གི་རྒྱུད་པ་ཡིན་ལ་དེ་ལྟར་ན་ལྕགས་ལ་རྒྱལ་པོའི་རུས་ཀྱང་ལྡོང་གི་ཁོངས་སུ་གཏོགས་དགོས་སོ། །དེ་ཡང་ཡོན་རྒྱལ་རབས་སྐབས་སུ་མི་ཉག་རྒྱལ་པོའམ་ལྕགས་ལ་རྒྱལ་པོའི་རྒྱལ་ས་མི་ཉག་གི་ཡེན་ཀོན་ཀྲེ་རུ་ཡོད་ཅིང་ཕྱིས་སུ་མིང་རྒྱལ་རབས་སྐབས་སུ་རྒྱལ་པོ་ངག་དབང་བསྟན་འཛིན་བྱ་བས་མིང་གོང་མར་རོགས་སྐྱོར་གྱི་འཇང་ཡུལ་དུ་ཧོར་དམག་བཅོམ་ཞིང་གོང་མར་འཚམས་ཞུར་ཕེབས་པས་མིང་གོང་མས་ཁམས་ཤར་མཐའི་དམག་སྲིད་ཟུང་གི་དབང་སྤྲད་ཅིང་དེ་ནས་བཟུང་རྒྱལ་ས་ནི་དེང་གི་དར་མདོར་སྤོས་པ་ཡིན་ནོ།། མི་ཉག་ལྕགས་ལ་རྒྱལ་པོ་རིམ་བྱོན་ནི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་བཅས་ལ་འབྲེལ་གཏུག་ཟབ་ཅིང་རྒྱབ་རྟེན་བཅོལ་བ་ཡིན་ལ་ཆིང་རྒྱལ་རབས་མཇུག་སྒྲིལ་བ་དང་ལྷན་ལྕགས་ལ་རྒྱལ་པོའི་སྟོབས་ཤུགས་ཀྱང་ཇེ་ཞན་དུ་སོང་།སྒོས་སུ་དཔོན་བསྐོའི་ལམ་ལུགས་བསྒྱུར་བཅོས་ཀྱི་སྡེ་དཔོན་འཐེན་ནས་གཞུང་དཔོན་གཏོང་བའི་སྲོལ་སྤེལ་རྗེས་ལྕགས་ལ་རྒྱལ་པོ་ཉམས་པར་གྱུར་ཅིང་། དུས་ཕྱིས་སྤྱི་ལོ་༡༩༢༢ལོར་གོ་མིན་ཏང་སྲིད་གཞུང་གིས་ལྕགས་ལ་རྒྱལ་པོ་རྒྱལ་མཚན་ཆོས་འཕེལ་བཙོན་དུ་བཟུང་བ་བྲོས་བྱོལ་གྱིས་ཆུར་ལྕེབས་པས་ལྕགས་ལ་རྒྱལ་པོའི་དཔོན་རྒྱུད་ཆད་པར་གྱུར་ཀྱང་ཉེ་ཚན་བུ་རྒྱུད་ནི་ད་ལྟའི་བར་ཟམ་མ་ཆད་པར་ཡོད་པར་གྲགས། 1710ཡས་མས་སུ་ལྕགས་ལ་རྒྱལ་པོའི་མངའ་ཁོངས་རྒྱ་ཆེར་བསྐྱེད་པའི་སྐབས་ཡིན་ཞིང་། ལྕགས་ཟམ་ཁ། བརྒྱད་ཟུར། རོང་བྲག་རྫོང་། མགར་ཐར་རམ་རྟའུ། ཉག་ཆུ་ཁ་སོགས་རྫོང་ཁག་དྲུག་གི་ཆ་ཤས་ལ་འཕེལ་རྒྱས་ཆེན་པོ་བཏང་ཡོད་པར་བཤད། ལྕགས་ལ་རྒྱལ་པོའི་མངའ་འོག་ཏུ་གྲུབ་མཐའ་རྙིང་མ་དང་ས་སྐྱ། བཀའ་བརྒྱུད། དགེ་ལུགས། གཡུང་དྲུང་བོན་བཅས་དགོན་ཁག་༢༠ལྷག་ཙམ་ཡོད་ཅིང་རྒྱལ་པོ་ཁོང་གྲུབ་མཐའ་སོ་སོར་ཕྱོགས་རིས་མེད་པར་གཅིག་ཏུ་མཐོང་མཁན་ཞིག་ཡིན་པར་འདུག   ལྕགས་ལ་རྒྱལ་པོའི་དྲག་དཔུང་ནི་གཙོ་བོ་དམངས་དམག་ལ་བརྟེན་པ་དང་། མངའ་ཞབས་ཀྱི་ལོ་18ནས་60བར་གྱི་སྐྱེས་པ་ཐམས་ཅད་ནི་དམངས་དམག་གི་འོས་མི་ཚད་གཞི་བཟུང་ནས། དམག་འཁྲུག་བྱུང་བའི་སྐབས་སུ་འོས་མི་དག་ལས་དམག་མི་བསྐོང་འགུག་བྱས་ཏེ་གཡུལ་ཐོག་ཏུ་བསྐྱོད་དགོས་པ་ཡིན་ནོ།། དར་རྩེའི་མདོ་ནི་རྒྱ་དང་དབུས་གཙང་བར་དུ་རྒྱུ་འགྲུལ་བྱེད་སའི་འགག་སྒོ་ཡིན་པས། ཡོན་མིང་ཆིང་རྒྱལ་རབས་གསུམ་གྱིས་ལྕགས་ལ་རྒྱལ་པོའི་ཆབ་སྲིད་ཕྱོགས་གཏོགས་ལ་དེ་བས་མཐོང་ཆེན་མཛད་དེ་ཐབས་བརྒྱ་ཇུས་སྟོང་གིས་རང་གི་ཆབ་འོག་ཏུ་བསྡུས་ཏེ་བཀས་བཀོད་བྱེད་ཐུབ་པར་འབད། ཡིན་ན་ན་ཡང་ལྕགས་ལ་རྒྱལ་པོས་རང་གི་ཁེ་དབང་ལ་བསྟུན་ཏེ་སྐབས་འགར་བོད་ས་གནས་སྲིད་གཞུང་ལ་གཏོགས་ཞིང་དེའི་བཀའ་བཀོད་དང་དུ་བླངས། ཕག་གྲུ་བས་སྲིད་སྐྱོང་དུས་རབས་དང་གཙང་པ་རྒྱལ་པོའི་དུས་རབས་སུ། ལྕགས་ལ་རྒྱལ་པོ་ནི་བོད་ས་གནས་སྲིད་གཞུང་དང་ཕྱོགས་གཏོགས་ཀྱི་འབྲེལ་བ་བཙུགས། དགའ་ལྡན་ཕོ་བྲང་གི་དུས་རབས་སུ། སྡེ་སྲིད་ཕྱག་མཛོད་འཕྲིན་ལས་ཁམས་ཕྱོགས་སུ་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་བཏང་། 1669ལོར་སྡེ་སྲིད་ཀྱིས་ལྕགས་ལ་རྒྱལ་པོ་བསོད་ནམས་གྲགས་པ་ཚར་བཅད་ཅིང་བསད་དེ་གོ་གནས་དབྱུང་ཞིང་མངའ་རིས་རང་འོག་ཏུ་བསྡུས། རྒྱ་བོད་གཉིས་ཀྱི་བར་དུ་ལྕགས་ལ་རྒྱལ་པོའི་མངའ་རིས་འཕྲོག་རྩོད་བྱེད་ཆེད་དམག་འཁྲུག་ཆེན་པོ་ལངས་ལ་མཐར་བོད་དམག་གིས་གཡག་རྔའི་བར་དུ་དཔུང་འཇུག་བྱས་ཤིང་ཁྲེན་ཏུའུ་དར་ཉེ་བར་བཅར་བར་བཤད།  སྤྱི་ལོ་1950ཡས་མས་སུ་དར་མདོ་ལ་བཅིངས་འགྲོལ་བཏང་བར་བཤད་ལ་རྗེས་སུ་དར་རྩེ་མདོ་ནི་ལོ་རྒྱུས་སུ་འཐིམ་ཟིན་པའི་དེ་སྔོན་ཞི་ཁམས་ཞིང་ཆེན་ཆགས་ཡོད་སའི་གནས་གཞི་ཡིན། དུས་དེ་ནས་དར་མདོ་ལ་རྒྱ་སྐད་ཀྱིས་ཁང་ཏིན康定སྟེ་ཁམས་པ་ཞི་འཇགས་ཞེས་པའི་དོན་ཅན་གྱི་མིང་ཞིག་བཏགས་ཡོད་ལ་སྐབས་དེར་ཕྱིའི་དྲག་ཤུགས་ཀྱི་ཐོག་ནས་ཞི་འཇགས་ཞེས་པའི་མིང་དེ་བཏགས་པ་ཡིན་སྲིད་ལ་ལོ་རྒྱུས་སུ་འཐིམས་ཟིན་པའི་གནའ་བོའི་བོད་ཀྱི་གྲོང་ཁྱེར་འདིའི་མི་རྣམས་ཀྱིས་དེ་རིང་རང་མི་སྤུན་ཟླ་ལ་ཡང་རྒྱ་སྐད་ཁོ་ན་ལས་བརྡ་མི་འཕྲོད་པའི་སྣང་ཚུལ་མང་པོ་ཡང་དང་ཡང་དུ་མཐོང་ཡོང་དུས་ཚིག་དང་ཡིག་འབྲུས་མི་མཚོན་པའི་སེམས་ཁྲལ་ཟིག་ཤ་དང་རུས་པའི་གསེང་ནས་སྐྱེས་ཡོང་ངོ།།

      དེ་ལྟར་དར་མདོ་ནི་སྤྱི་ལོ་1955ལོར་སི་ཁྲོན་གྱི་མངའ་ཁོངས་སུ་བསྡུས་ཤིང་། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་དར་མདོ་རྫོང་མི་དམངས་སྲིད་གཞུང་གི་ལྟེ་གནས་སུ་གྱུར་ཡོད་ཅིང་དཀར་མཛེས་ཁུལ་གྱི་ཆབ་སྲིད་དང་རིག་གནས་སློབ་གསོ་འགྲིམ་འགྲུལ་དང་སྐྱེལ་འདྲེན་དཔལ་འབྱོར་སོགས་ཀྱི་ལྟེ་བ་རུ་གྱུར་ཡོད་ལ་ད་ལྟ་བོད་རིགས་གཙོ་བྱས་པའི་རྒྱ་རིགས་དང་ཧེ་རིགས་དབྱིས་རིགས། ཆའང་རིགས་སོགས་མཉམ་དུ་འདུས་ཡོད་པའི་གྲོང་ཁྱེར་ཞིག་ཡིན། ཟླ་ཕྱེད་ལྷག་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་ལྷོ་ནུབ་མི་རིགས་སློབ་ཆེན་དང་མཉམ་སྒྲུབ་བྱས་པའི་སློབ་གྲྭ་ཆེན་མོར་ཟུར་རྒྱུགས་སྤྲད་ཅིང་སང་ཉིན་ནས་ཀླུ་ལྡིང་ལྕགས་ཟམ་ཁ་དང་ར་རྔ་སོགས་སུ་མགོ་སྟོད་རྒྱལ་པོ་སོགས་གནའ་བོའི་རྒྱལ་ཕྲན་གྱི་རྒྱལ་པོ་དེ་དག་གི་རྒྱལ་སའི་མཁར་ཤུལ་དུ་སྔར་གྱི་འཆར་གཞི་བཞིན་འགྲོ་འདོད་དོ།། 2019.12.11ལ་ཞིང་ཆེན་བོད་ཡིག་སློབ་གྲྭའི་འགྲམ་གྱི་མགྲོན་ཤག་ཞིག་ཏུ་བྲིས་པ་དགེའོ།།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2019/12/14 བལྟ་ཀློག (2912)