ཁྱེད་དབང་བ་ཐུང་དྲགས་སོང་།

༄༅།།ཁྱེད་དབང་བ་ཐུང་དྲགས་སོང་།

ཨ་མཆོག་རིན་པོ་ཆེའི་མདུན་ནས་བཀའ་ཆོས་ལ་གསན་བཞིན་པ།


བསྟན་པའི་གཞི་མ་ལྷག་པའི་བསླབ་ཁྲིམས་འབུམ་དུ་བསྙད་པའི་ཨུ་བ་ལི།།
ཤེས་བྱའི་དཀྱིལ་འཁོར་རིགས་པས་བཅུམས་པའི་ལུང་གི་དབང་ཕྱུག་ཀུན་དགའ་བོ།།
ལུང་རྟོགས་ཉིད་ཀྱིས་བསྟན་པ་འཛིན་པའི་ཤཱཀྱའི་སྲས་པོ་རབ་འབྱོར་སྟེ།།
འཕགས་པའི་ནོར་ལ་མངའ་དབང་བསྒྱུར་པའི་དགེ་སྦྱོང་ཆེན་མོར་ལན་བརྒྱར་འདུད།།

གངས་རིའི་ར་བར་གཏེར་དུ་བརྗིད་པ་ཡོན་ཏན་ཚོགས་ཀྱི་སྒོ་མོ་ཆེ།།
བཙན་པོའི་ཐུགས་སྤོབས་སྲོག་གི་ཀ་བས་གནམ་དུ་འདེགས་པ་ཉི་ཟླའི་གྲོགས།།
ཆོལ་གསུམ་འཛིན་མའི་འདུན་པ་དྲག་པོ་ཨ་ལོང་སྒོར་མོར་སྡུད་པོ་སྟེ།།
ལྷ་ཆོས་མི་ཆོས་ཟུང་དུ་སྡེབ་པའི་རང་ལུགས་སྐྱོང་མཛད་མ་དབང་སྐྱོ།།

ལྷག་བསམ་ཁ་བའི་རྡུལ་མང་སྤུངས་པ་གཡོ་མེད་ལྷུན་པོའི་ཐབས་ཀྱི་ཆ།།
རྟོག་གེའི་རྣོ་ངར་འབུམ་དུ་བསྣན་པའི་ཏིང་འཛིན་མཐུག་པོའི་ཡེ་ཤེས་དབལ།།
མཐའ་གཉིས་བྲལ་བའི་དབུ་མར་གནས་བཅས་ཚངས་ཐིག་ཟིན་པའི་དྲན་དབང་སྟེ།།
རྒྱལ་བའི་སྲས་པོ་ཁྱེད་ཉིད་མ་དབང་གློ་བུར་གཤེགས་པས་སྙིང་ཡང་གཟེར།།

རིགས་ལ་ཞེན་པ་ཟླ་བ་སྟོང་གི་གཟི་འོད་ཕབས་པས་གངས་མདངས་བྱིན།།
ཆོས་ལ་དད་པ་གུས་རྟགས་སྦྱོར་བས་ས་ལམ་རྟོགས་པ་མཐོན་པོར་གཤེགས།།
ལེ་ལོ་གསུམ་གྱི་ཉེས་ཀུན་བཅོམ་པས་བསམ་གཏན་འཁོར་ལོ་ཕྱོགས་སུ་བསྒྱུར།།
བྱེ་བ་ཕྲག་བརྒྱའི་གསུང་གི་མཛད་པས་གངས་རིའི་མུ་ཁྱུད་བསྐོར་མཛད་དྲན།།

ཐོས་བསམ་སྒོམ་པའི་ཆུ་བོའི་རླབས་རྒྱུན་དུས་ལས་མ་ཡོལ་ཕྱད་ཀྱིས་སོང་།།
འབྱམས་ཀླས་གཞུང་གི་དཀའ་གནད་གཅོད་པའི་འབར་བའི་རལ་གྲི་སྤོབས་པས་གདེངས།།
རིགས་སྨྲ་སྟོང་གི་ཚོགས་ཀྱི་དབུས་སུ་མཁས་པ་མགུ་བའི་གཏམ་གྱིས་བཀང་།།
གནའ་དེང་རིག་པའི་རིན་ཆེན་མཚོ་ལ་རྐྱལ་རྩལ་བསྒྱུར་པའི་སེམས་དཔའ་ཕངས།།

གཅིག་སྒྲིལ་དཔལ་བེའུ་ཨ་ལོང་དམ་པོ་སྐུ་དང་བསྡོས་པའི་མཚན་མ་གསལ།།
ཕྱག་ན་པད་མོའི་བཀའ་ལུང་བདུད་རྩི་གསུང་ལ་བསྐྱིལ་བའི་ལྗགས་ཡངས་འཁྱིལ།།
བསིལ་ལྡན་ཁ་བའི་གོད་ཆག་རི་མོ་ཐུགས་ལ་བྲིས་པའི་རང་མདངས་འབར།།
ཀླུང་རྟ་སྡེ་བཞིའི་ཕྱྭ་གཡང་འཛིན་པའི་སེམས་དཔའ་ཆེན་པོ་མ་དབང་སྡུག།

      དམར་སེར་ཆོས་གོས་སྐུ༵་ཡི་རྒྱན་དུ་བླངས།།
     འཆད་རྩོད་རྩོམ་པའི་གསུ༵ང་དབྱངས་མཁའ་རུ་སྤུར།།
      སྡོམ་གསུམ་བཅས་པའི་གོ་ཆ་ཐུག༵ས་ལ་མནབས།།
      ངེས་དོན་སྐྱེས་ཆེན་ཁྱོད་ཉིད་མ་དབང་སྐྱོ།།

      རྣམ་དཔྱོད་གློག་གི་འགྱུ་བའི་གར་སྟབས་ཀྱིས།།
      མངོན་ལྐོག་སྒོ་མོ་སྟོང་གི་དཀྱིལ་འཁོར་ཕྱེས།།
      ཟབ་རྒྱས་ཆོས་ཚུལ་འབུམ་གྱི་སྡེ་སྣོད་རྣམས།།
      ཆེ་གསལ་མཁྱེན་པས་བཅལ་ཁྱོད་མ་དབང་སྐྱོ།།
    
      འཕགས་བོད་ལི་ཁྲིའི་མཚོ་ཆེན་བསྐྱིལ་བའི་དབུས།།
       ཐོས་བསམ་སྒོམ་པའི་ཆུ་ཡི་ཤིང་རྟར་ཞུགས།།
      དད་སོགས་གྲུ་ཁྱེམ་ཤུགས་ཀྱིས་རབ་བསྐུལ་བས།།
      མཁས་པའི་མཁས་པར་བཞུད་ཁྱོད་མ་དབང་སྐྱོ།།
   
      རྨོངས་པས་རྨོངས་པ་འཁྲིད་པའི་དུས་ཚོད་ལ།།
       ཁྲམ་པས་བླུན་པོ་བསྡུ་བའི་ཁོར་ཡུག་ལ།།
       ནཱ་ལེནྡྲ་ནས་བརྒྱུད་པའི་གསེར་སྦྱངས་ཆོས།།
     དཔྱད་གསུམ་རིགས་པས་སྤེལ་མཁས་མ་དབང་སྐྱོ།།
 
     གཡོ་ཟོལ་རྐུན་པོས་མ་བརླན་དྭངས་གཙང་གི།།
    བསིལ་ལྗོངས་ལུགས་གཉིས་འཁྲུད་པའི་བདུད་རྩིའི་ཆབ།།
     མཁྱེན་བརྩེ་ནུས་གསུམ་འཁྲིགས་པའི་སྤྲིན་ཆེན་ལས།།
      གཡང་གཟར་འབབ་ཆུར་སྙིལ་བ་མ་དབང་སྐྱོ།།
    
     ནག་ཐིག་སྟོན་པའི་མཛུབ་རྩེ་དྲང་མོའི་མདའ།།
     མཚང་ལ་ཕོག་པའི་གདམས་ངག་གསེར་ཞུན་མ།།
      མཁས་པའི་གོ་ས་འཛིན་པའི་དབུས་ཉིད་ན།།
     གདོང་ནས་ཐང་མར་བརྡལ་མཁན་ཁྱེད་ཁོ་ན།།
     
       བསླབ་གསུམ་དབེན་པའི་བསྟན་འཛིན་དམ་པ་མེད།།
       སྡེ་སྣོད་མི་ཤེས་གྲུབ་པའི་དབང་ཕྱུག་མེད།།
        མེད་དང་དགག་པའི་སྐད་ཆ་གསོང་བོ་དག།
        ངོ་སྲུང་ཚིག་གིས་མ་སྦས་ཁྱེད་ཀྱིས་བརྗོད།།
      
       དབུ་མའི་བགྲོ་གླེང་ཞིབ་པ་ཁྱེད་ཀྱི་དྲིན།།
       མདོ་ཁམས་འཇང་དགུན་ལེགས་པ་ཁྱེད་ཀྱི་དྲིན།།
        མཁས་པའི་བགྲོ་གླེང་མཛེས་པ་ཁྱེད་ཀྱི་དྲིན།།
        མཐའ་མེད་མཛད་རྗེས་ཆེ་ཡང་འདིར་མི་ལོང་།།
      
       མཁས་ཤིང་བཙུན་པའི་དགེ་སྦྱོང་ཁྱེད་ཉིད་བཞིན།།
        ས་ཆེན་འདི་ན་ཉིན་མོའི་སྐར་མར་མཚུངས།།
        དེ་ཕྱིར་ནུབ་རིར་བཞུད་པའི་ངང་ཚུལ་དེས།།
        སྨག་རུམ་འཕྱུར་བའི་ལྗོངས་ལ་དུཿཁ་བསྣན།།
   
       བསྟན་དང་ཤ་སྐལ་མི་བརྗེ་ཤཱཀྱའི་སྲས།།
      ཆོལ་གསུམ་གངས་རི་བཅིང་བའི་བཙན་པོའི་བུ།།
      ད་དུང་ཡིན་ཡང་ཁ་བའི་ལྗོངས་འདི་ཉིད།།
       ཐུགས་རྗེ་ཆེན་པོའི་གུར་ཁང་བཙན་པོས་སྲུངས།།
 ཞེས་གདན་ས་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེ་གླིང་ཆེན་མོའི་རིགས་པ་སྨྲ་བའི་གྲལ་མཐའ་འཛིན་པ་སྐྱོར་བསྟན་པའི་རྒྱལ་མཚན་གྱིས་ཤུགས་རིང་དང་བཅས་ལྷ་བབ་ལ།

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2019/12/19 བལྟ་ཀློག (2284)