ཚ་ཁོ་རྒྱལ་པོ་མདོ་བཞེར་དང་འཕན་བཞེར།
རྒྱལ་མོ་ཚ་བ་རོང་རྫི་འགག་འཕན་བཞེར་དབང་ཆེན་རྒྱལ་པོ་ཚེ་དབང་མགོན་པོ་ནི། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྤྲུལ་པ་ཡིན་པར་གྲགས། འདི་ཉིད་ལ་བཙུན་མོ་བདུན་དང་། ཕྱི་བློན་དང་ནང་བློན་བཅུ་ཡོད་ཀྱང་འཕན་བཞེར་ཚེ་དབང་མགོན་པོ་ལ་སྲས་མེད། མདོ་བཞེར་ལ་སྲས་གཉིས་བྱུང་བའི་ཆེ་བ་ལྕགས་མགོན་ཁྲི་དཔོན་ལ་འཕན་བཞེར་གྱི་རྒྱལ་སྲིད་གཏད། ཆུང་བ་སྲས་ཁྲོ་བོ་སྐྱབས་དེ་ཁྲོ་སྐྱབས་ལ་སོང་བས་སའི་མིང་ཡང་ཁྲོ་སྐྱབས་ཞེས་གྲགས་སོ། །
དེའི་དུས་སུ་བཻ་རོ་ཙ་ནས་རང་ག་ཕུག་ཏུ་བྱ་ཚོགས་དང་སྤྲེལ་ཚོགས་རྣམས་ལ་ཆོས་གསུངས་དུས། མདོ་བཞེར་གྱིས་བློན་པོ་ངག་དབང་དཔལ་ལྡན་འཁོར་དང་བཅས་འཛིན་བཟུང་དུ་བཏང་སྟེ། བདུན་གསུམ་བཙོན་དུ་བཅུག་གོ། །དེ་ནས་རང་གའི་སྒྲུབ་ཕུག་ཏུ་བཞུགས་སྐབས་ཕྱུགས་རྫི་འགའ་རེ་དང་རྔོན་ལས་པས་མཐོང་ནས། བོད་ཡུལ་ཕུང་བའི་ངན་སྔགས་མཁན་པནྡེ་མི་ལུས་རྡོ་དཀར་རི་རྒྱུད་རང་ག་ཕུག་པ་ཞིག་གི་ནང་དུ་འདུག་ཅེས་མདོ་བཞེར་ནག་པོར་ཞུས་ཕྲལ་ཕོ་ཉ་བཏང་ནས་འཛིན་བཟུང་གིས་ཁྲིམས་ལ་སྦྱར་བས་ཐོག་མར་སྦལ་དོང་སྦྲུལ་དོང་ནང་དུ་བཅུག་ཀྱང་ཅི་ཡང་མ་ཉེས་པའི་ཟིལ་བ་ཕྲོམ་མེར་བཞུགས་ནས་མགུར་གསུངས་པ། སྐྱེ་བ་འདི་ཡི་གོང་རོལ་ཏུ། །ཡུལ་ཁམས་འདི་ཡི་ནེའུ་ལེར་སྐྱེས། །སྦྲུལ་དང་སྦལ་པ་མང་པོ་འཆོས། །དེ་ཡི་རྣམ་སྨིན་འདི་རུ་བྱུང་། །ལན་ཆགས་དེ་ཡིས་འཁོར་གྱུར་ཅིག །གསུངས་ནས་སྦལ་སྦྲུལ་གྱི་དོང་ནས་བཏོན་ཏེ། ཡང་མི་ཤིག་ཁྱི་ཤིག་ར་ཤིག་འདྲེ་ཤིག་གི་དོང་ནང་དུ་བསྐྱུར་ནས་མགུར་གསུངས་པ། སྐྱེ་བ་འདི་ཡི་གོང་རོལ་ཏུ། །དགེ་སློང་པུཎྜའི་ལུས་བླངས་ཏེ། །ཆོས་གོས་ཤིག་ཟ་བྱ་འཐུར་བཅུག །དེ་ཡི་རྣམ་སྨིན་འདི་རུ་བྱུང་། །ལན་ཆགས་དེ་ཡིས་འཁོར་གྱུར་ཅིག །ཅེས་གསུངས་སོ། །སྔ་ཕྱི་བདུན་གསུམ་ནས་ཡུལ་མི་རྣམས་ཀྱིས་སྐྱེ་བ་སྔོན་དུས་དགེ་སློང་པུཎྜ་ཡིན་པར་ཤེས་ནས་བལྟ་རུ་བྱུང་། ཅི་ཡང་མ་ཉེས་པའི་ཟིལ་བ་ཕྲོམ་མེར་བཞུགས་པར་མཐོང་ཕྲལ་ཡུལ་མི་མང་པོས་ལྷ་ལྟར་བཀུར་ནས་ཉེས་བྱས་སུ་བཟོད་པར་གསོལ་ཞིང་བཤགས་པ་བྱས་པས། ཡུལ་གྲོང་དེ་ལ་མང་བཀུར་ཞེས་གྲགས།
དེ་ནས་ཡུལ་མི་ཀུན་གྱིས་མདོ་བཞེར་ལ་ཉེས་ཁག་མེད་པའི་དགེ་སློང་འདི་གཏོང་དགོས་པའི་རེ་འདུན་ཆེ་བ་དང་ཆབས་ཅིག་སྔ་གོང་ནས་ཁྲི་སྲོང་ལྡེའུ་བཙན་གྱི་ཆབ་ཤོག་རྫི་འགག་འཕན་བཞེར་ལ་བསྐུར་བའི་ནང་དོན་ལྟར་སློབ་དཔོན་བཻ་རོ་ཙ་ན་ནག་མེད་ཉེས་འགེལ་ཕོག་པར་ཤེས་པའི་ཕྱིར། ཉེས་འགོག་ལེགས་སྤེལ་ཞེས། ཉེས་པ་ཐམས་ཅད་འགོག་པ་དང་། ལེགས་པ་ཐམས་ཅད་སྤེལ་བའི་ཆེད་དུ་འཕན་བཞེར་དང་མདོ་བཞེར་གཉིས་ཀྱིས་ཅོག་ཙེ་ལ་གྲོས་བྱས་ཏེ་ཉེས་མེད་དཀར་འདོན་གྱི་ཁྲུན་ཐག་གཙང་མར་བཅད་མ་ཐག་ཏུ། སོ་མང་ཆུ་བོའི་འགྲམ་ནས་ཆུ་ཤིང་སྡོང་གཅིག་ཕྱག་རྟེན་བྱས་ཏེ་རི་ངོས་འོད་གསལ་སྒྲུབ་ཕུག་ཏུ་ཕེབས་ནས་སྐབས་ཤིག་བཞུགས། ཕ་བོང་ལ་སྐུ་ལུས་ཚང་མའི་སྐུ་རྗེས་དང་ངོ་མཚར་ཅན་གྱི་ཞབས་རྗེས་དང་ཕྱག་རྗེས། སྒྲུབ་ཆུ་དང་མཁའ་འགྲོའི་བྲོ་ར། མཁའ་འགྲོའི་བྲག་ལམ། སློབ་དཔོན་བཻ་རོ་ཙ་ནའི་གཟུགས་སྐུ་རང་བྱོན་སོགས་དུ་མ་ཞིག་མཇལ་རྒྱུ་ཡོད། བཻ་རོ་ཙ་ནའི་འོད་གསལ་ཕུག་ཅེས་གྲགས། འབར་ཁམས་ནས་སོང་ན་སྤྱི་ལེ་བཅུ་ཙམ་གྱི་རི་ངོས་ན་ཡོད། རྒྱལ་དབང་དྲུག་པ་ཕེབས་ནས་རེ་ཞིག་བཞུགས་པར་གྲགས་པ་དེ་བར་སྐབས་ཤིག་ནས་སེམས་དཔའ་ཆེན་པོ་བཀྲ་ཤིས་ལྷུན་པོ་བློ་བཟང་འཇམ་དཔལ། བོན་གྱི་ལྟ་བ་དོར་ནས་དགེ་ལྡན་རིང་ལུགས་འཛིན་པ་འབྲས་ཡེ་ཤེས་ཡར་འཕེལ། སྒྲོལ་མས་འཇིགས་པ་ལས་བསྐྱབ་ཅིང་། པད་མ་ཧེ་རུ་ཀ་གྲུབ་པ་ཐོར་མཁན་བླ་མ་གྲགས་པ་སྟེ་གསུམ་དགེ་སྦྱོར་ལ་ཡུན་རིང་གཞོལ། སྔ་མ་གཉིས་ཀྱི་བཀའ་དྲིན་གྱིས་ཕྱོགས་འདིར་སྨྱུང་གནས་ཀྱི་སྲོལ་དར། སྔོན་ནས་ད་ལྟའི་བར་སྐྱེས་བུ་དམ་པ་མང་པོ་གནས་རི་དེར་ལོ་དང་ཟླ་རེ་བཞིན་སྒྲུབ་སྦྱངས་སུ་བཞུགས་པ་དང་། སྐྱེ་བུ་ཕོ་མོ་མང་པོ་མཇལ་སྐོར་ལ་ཡོང་བ་ཡིན། བོད་གདོང་དམར་རྣམས་འདུལ་བའི་ཕྱིར་རྟགས་དང་རྫུ་འཕྲུལ་དུ་མ་བསྟན་པས། མདོ་བཞེར་ཀྱང་འགྱོད་སེམས་སྐྱེས་པས་ཕོ་བྲང་དུ་གདན་དྲངས་ནས་བཤགས་པ་བྱས་ནས་བཟོད་གསོལ་གྱི་མགུར་འདི་ཕུལ། བོད་ཀྱི་འདོ་མེད་རྒྱལ་པོ་འདོད་པ་ཅན། །སྐྱེ་མང་མཁྱེན་པའི་བྱང་ཆུབ་སེམས་དཔའ་ཁྱོད། །འགྲོ་བའི་དོན་ལ་འཛམ་བུའི་གླིང་དུ་བྱོན། །ཁྱད་པར་དུ་ཡང་སྲིན་པོ་གདོང་དམར་གྱི། །བོད་ཀྱི་དོན་མཛད་བློན་པོ་ནག་པོ་རྣམས། །འདུལ་བའི་དུས་ལ་མ་བབ་འདིར་བྱོན་ཏེ། །བྱང་ཆུབ་སེམས་དཔས་འགྲོ་དོན་མཛད་པ་ལ། །སྤྱོད་པ་གཉིས་མཛད་བྱང་ཆུབ་མཐར་ཕྱིན་པས། །འགྲོ་བའི་དོན་ལ་ཅིར་ཡང་སྟོན་མཛད་པའི། །བྱང་ཆུབ་སེམས་དཔའ་ཁྱོད་ལ་བཟོད་པར་གསོལ། །ཞེས་བརྗོད་པའི་ཕྱག་ནི་གྱང་འགྱེལ་བ་བཞིན་དུ་འཚལ། །དེ་ནས་བཟུང་སྟེ་མདོ་བཞེར་ནག་པོ་ཡབ་སྲས་ཀུན་གྱིས་ཞབས་པད་སྤྱི་བོར་བླངས་སོ། །
དེ་ནས་བཀའ་གོང་སེང་གེའི་ཡང་རྫོང་དུ་ཕེབས་ནས་སྒྲུབ་པ་བཀའ་བརྒྱད་ཀྱི་འཇམ་དཔལ་སྐུ། པད་མ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་འཕྲིན་ལས་ཀྱིས་མ་གཟའ་དམ་གསུམ་དམ་ལ་བཏགས་ནས་སྲུང་མར་བཀོད། མནན་བསྲེགས་འཕངས་གསུམ་གྱིས་སྲི་མནན་པ། གདོན་བགེགས་བསྲེགས་པ། གཏོར་ཟོར་འཕངས་ནས་བདུད་སྲིན་མ་རུངས་པ་རྣམས་ཚར་བཅད། སྒྲུབ་པ་ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་སྒོམ་བཟླས་ཀྱིས་བར་ཆད་ཐམས་ཅད་ཕྱིར་བཟློགས། དེར་ཡང་སྐུ་དང་ཕྱག་རྗེས་ཞབས་རྗེས་ཤིན་ཏུ་མང་པོ་མཇལ་རྒྱུ་ཡོད།
《རིན་ཆེན་གཏེར་མཛོད》ལས་བཏུས།
|