དུང་ཁྲག་གི་སྙན་ཚན་གསུམ།

དུང་ཁྲག་གི་སྙན་ཚན་གསུམ།


༡ ས་ཆེན་གྱི་སེམས་དཔའ།


གང་ཚེ་སེམས་ཀྱི་སྨན་ཁྱེད་སྐུ་བལྟམས་པས།།
མ་དག་གཉུག་མའི་རང་བཞིན་ཡོངས་སུ་བཅོམ།།
དྲི་བསིལ་བདུད་རྩི་ཁུར་བའི་ཆུ་འཛིན་མ།།
སྐོམ་གདུང་མནར་བའི་ཁམས་འདིའི་དཔལ་དུ་རྩེན།།

གང་ཞིག་མིག་གི་ཚབ་ཁྱེད་འཁྲུངས་བྱས་ནས།།
རྨོངས་མུན་སྟུག་པོའི་ཚལ་འདིར་ཁུང་བུ་བརྟོལ།།
དྲི་བྲལ་འོད་སྣང་འགྱེད་པའི་རི་བོང་ཅན།།
མུན་པའི་ཁ་དོག་མཐུག་པའི་ཡུལ་འདིའི་ནོར།།

གང་ཉིད་བྱོན་པས་བསོད་ནམས་མཐུ་རྒྱས་ནས།།
སྲིད་ཞིའི་མ་རིག་འཇོམས་མཛད་འོད་ལྔ་པ།།
ལྷ་ལམ་མདངས་སུ་ཆགས་པའི་རྫུ་འཕྲུལ་དེས།།
ལྗོངས་འདིར་དཔལ་གྱིས་ཁེངས་བའི་ཤེས་པ་འཁྲུངས།།

གང་དག་མ་ལུས་གཏོང་མཛད་རོལ་བའི་གར།།
ས་ཆེན་ཕང་བར་བསྒྱུར་བའི་གོམ་པར་ཆགས།།
བྱང་སེམས་འོད་སྣང་དཀར་པོའི་ཐུ་བའི་འོག།
མ་དག་འགྲོ་བ་སྟོང་གི་གནས་མལ་ཡོད།།

གང་ཅིའི་ལས་ཀྱི་གཏད་སོ་གཞན་དུ་གྲུབ།།
ཐུགས་རྗེའི་ཟེགས་མ་ས་ཆེན་པང་དུ་སིམ།།
མངོན་དགའི་མེ་ཏོག་སིལ་མའི་འཛུམ་གྱི་དཔྱིད།།
རྟག་བརྟན་བྱིན་རླབས་འབུས་པའི་དན་རྟགས་ཡིན།།

གང་སླད་མངོན་པའི་སྲིད་པའི་སྒྲོན་མེ་མཆོག།
མཁའ་ཁྱབ་མར་གྱུར་བདེ་རྩོལ་དངོས་གྲུབ་སྟེ།།
རླབས་ཆེན་མཛད་པའི་གདོང་གི་སྤོབས་པ་ལ།།
མི་རབས་སྟོང་གི་བསྟོད་པའི་སྙན་ཚིག་འབུལ།།

༢ ཨ་མ་རྗེ་བཙུན་སྒྲོལ་མ།


ནགས་ཁྲོད་སྙན་འཇེབས་དབྱངས་འགྱུར་རབ་བཏེགས་པའི།།
བྱ་བྱེའུ་མགྲིན་སྒྲ་ཁུར་བའི་དབྱངས་ཅན་མ།།
སྙིང་གཏམ་ཚིག་ལ་བསྟར་བའི་སྐད་ཅིག་ལ།།
བདེན་པའི་དངོས་གྲུབ་ཐོབ་པར་སྐྱིད་ཅིག་ཡོད།།

བྱམས་བརྩེའི་ནུས་མཐུ་སྦྲང་ཆར་ཟིལ་མ་བཞིན།།
ཕྱི་ནང་ཀུན་ལ་ཐིམ་པའི་དུས་རེ་རེར།།
དྲོད་ཁོལ་ཁུང་ནས་བརྡོལ་བའི་སྐད་ཅིག་མ།།
དབྱར་ལྗོངས་མེ་ཏོག་འབུས་པའི་རྣམ་པར་ཆགས།།

རེ་བའི་མིག་ཟུང་ནམ་མཁའི་ཟླ་བ་བཞིན།།
ལམ་གྱི་རིང་ཐུང་ཀུན་ལ་སྨིན་ནས་ཡོད།།
རང་ལུས་འབེན་ལ་བཞག་ནས་ང་བསྐྱང་ཚུལ།།
གླེང་ན་ལོ་རྒྱུས་གླེགས་བམ་པོད་ཕྲེང་ཅན།།

སེམས་པས་ང་རང་ཁུར་ནས་མི་ཚེ་སྐྱེལ།།
ཤ་རུས་ངའི་ཆེད་ཟད་པའི་རྣམ་ཐར་བསྐྱངས།།
གཡོག་པོའི་བརྟུལ་ཞུགས་འཛིན་པའི་དྲིན་མོ་ཆེ།།
བསམ་ཞིང་བསམ་ན་ཁྱེད་ལས་ལྷག་པ་གང་།།

དུས་ཀྱི་ཕྱིར་མིག་འཕེན་སའི་ལོ་ཟླའི་ཁྲོད།།
གྲང་ངར་ལག་པས་བཟུང་ཞིང་དྲག་ཆར་དག།
དབུ་སྐྲ་སིལ་སིལ་གཡོ་བས་གདོང་ལེན་པ།།
བསམ་ཞིང་བསམ་གྱིན་སེམས་པ་ལྷོག་ལྷོག་ཁོལ།།

འཛུམ་གྱི་ཕག་ན་དཀའ་བ་སྟོང་ཕྲག་ཡིབ།།
སྐད་ཆའི་གསེབ་ན་བདེན་པའི་གཏམ་རྒྱུད་མང་།།
ལུས་ཀྱི་སྙེ་མ་སྒུར་སོགས་ངང་ཚུལ་དག།
དོན་དམ་ངའི་ཆེད་ཡིན་པ་སུས་མི་རྟོགས།།

དམིགས་ཡུལ་རེ་རེའི་སོ་ཁ་རེ་རེ་ན།།
ང་ལ་དབང་བའི་བདེ་སྐྱིད་རེ་རེ་ཡོད།།
བྱ་བ་རེ་རེའི་སྲུབ་ཁ་རེ་རེ་ན།།
ང་ལ་གནང་བའི་སྤྲོ་བ་རེ་རེ་ཡོད།།

སེམས་ཀྱི་ཟབ་སར་ཐིམ་པའི་བདུད་རྩི་ཞིག།
དྲན་པའི་ཉེ་སར་ཆགས་པའི་ཕོ་བྲང་ཞིག།
རྨི་ལམ་དབུ་ཁྱུད་བསྐྲུན་པའི་ལྷ་མོ་དེ།།
ང་ཡི་མ་ཡུམ་རྗེ་བཙུན་སྒྲོལ་མའོ།།

༣ དྲན་པའི་ཕྲ་རྒྱན།
    
ཟླ་འོད་མག་མོག་འོག་གི་འཕྲིན་ཐུང་ཞིག་གིས།།
ནང་སེམས་ཁ་དོག་བྲིས་ལ་དབྱངས་རྟ་བསྩལ་བྱུང་།།
དྲན་པའི་ཉེ་སར་འཁོར་བའི་གཤིས་འཇམ་ཁྱེད་རང་།།
འདི་ལྟར་བདག་གི་སྣང་བའི་ཁམས་སུ་བཞད་སོང་།།

སྙིང་གཏམ་ཚིགས་སུ་བཅད་པའི་སྤང་ཐང་ཞིག་ནས།།
མཛེས་འཛུམ་ལྷུག་པོར་གྲོལ་བའི་སེར་ཆེན་ཁྱེད་ལ།།
ཉི་འོད་ཟེར་གྱིས་བརྒྱན་པའི་མཁའ་དབྱིངས་དེ་ནས།།
སྤྲིན་དཀར་ཆིབས་སུ་བླངས་ནས་རྒྱང་གླུ་ལེན་འདོད།།

བར་ཐག་སྐྱོ་བས་མ་འཇལ་དབྱངས་ལ་བཀུག་ནས།།
སེམས་ཀྱི་ཟབ་ས་དེ་གར་རི་མོར་བརྐོས་ཡོད།།
དུང་བའི་འཁྲི་ཤིང་ཁྱེད་ཀྱི་ལོ་མ་རེ་རེ།།
སེམས་གཏམ་གླུ་རུ་ལེན་པའི་མཛེས་པ་ལོས་ཡིན།།

ལམ་གྱི་ཁ་ཞེང་ཆེ་ཆུང་ཇི་འདྲ་ཡིན་ཆོག།
ལམ་འདིར་མཉམ་པོར་བགྲོད་པའི་དམ་བཅའ་བཞག་ནས།།
ལམ་གྱི་མཛེས་པ་རེ་རེ་ཉམས་སུ་མྱོང་བའི།།
ཁ་སེམས་མཐུན་པའི་ལམ་གྲོགས་ཁྱེད་རང་ཡིན་ཤོག།

རྨི་ལམ་གཤོག་ཟུང་ཐོག་པའི་ཁྲུང་ཁྲུང་ཁྱེད་རང་།།
ཁྲ་ཆུང་མིག་དང་ཡ་ཆུང་སེམས་ཀྱི་དགའ་སྟོན།།
ལོངས་སྤྱོད་ཚུལ་དུ་གནས་པའི་འཇིག་རྟེན་མཛེས་སྡུག།
མཚན་མོར་རྨི་ལམ་པང་དུ་ཡང་ཡང་འཁོར་བྱུང་།།

བརྩེ་བའི་ས་བོན་སྨིན་པའི་སྡོང་མགོ་དེ་ཡི།།
དྲན་པ་འཁུར་བའི་ཡིད་འོང་བྱེའུ་ཆུང་ཁྱེད་རང་།།
ནང་སེམས་དྲོད་དུ་སྦྲུམ་པ་བདག་གི་བདེ་སྐྱིད།།
རྟག་བརྟན་དམ་བཅའ་བྱང་གི་སྐར་མར་བཅོལ་ཡོད།།

ལོ་ཟླའི་ཤོག་དཀར་ངོས་ལ་གཏམ་རྒྱུད་འབྲི་ཀྱིན།།
དུས་ཀྱི་དྲན་སྐུལ་རེ་རེའི་སྙིང་བོ་ལེན་བཞིན།།
མཛེས་པ་ཕྲན་བུ་དེ་དག་དལ་མོར་འཐུས་ནས།།
མ་འོངས་མཛེས་སྡུག་འབར་བའི་གྲུ་ཀ་བསྐྲུན་ཡོང་།།

སྐྱིད་ཀྱི་རྟ་ཕོ་ཞོན་པའི་ལང་ཚོ་ཁྱེད་ཡིན།།
སྡུག་གི་ཁུར་བོར་འཁོར་བའི་སྟོབས་ཤུགས་ཁྱེད་ཡིན།།
མི་ཚེའི་ལམ་རིང་བརྒྱུད་པའི་སྙིང་སྟོབས་ཁྱེད་ཡིན།།
དྲན་པའི་ཟབ་སར་སྨིན་པའི་དབྱར་གཞུང་ཁྱེད་ཡིན།།

དམ་བཅའི་བར་གསེང་ཟིམ་པའི་དམ་བཅའ་ཁྱེད་ཡིན།།
རྨི་ལམ་ཁུགས་སོར་ཐིམ་པའི་རྨི་ལམ་ཁྱེད་ཡིན།།
མ་འོངས་མདུན་དུ་ལྷག་པའི་མ་འོངས་ཁྱེད་ཡིན།།

ཡོད་ཚད་ཁྱེད་རང་ཡིན་ནོ་དྲན་པའི་ཕྲ་རྒྱན།།


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།


དངོས་མིང་། ཀུན་བཟང་། སྨྱུག་མིང་ལ་སྨོན་དུང་ཁྲག་དུ་འབོད། 2002ལོར་ཕ་ཡུལ་ཛམ་ཐང་རྡོ་སྟོད་ནས་སྐྱེས་ཤིང་། ད་ལྟ་མཛོད་དགེ་བོད་ཡིག་སློབ་འབྲིང་དུ་མཐོ་འབྲིང་འདོན་བཞིན་པའི་སློབ་མ་ཞིག་ཡིན། སྙན་རྩོམ་འབྲི་རྒྱུ་ནི་རང་ཉིད་ཀྱི་དགའ་ཕྱོགས་ཉག་གཅིག་དེ་ཡིན། ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ་དང་། ཁམས་པའི་ཚགས་པར། དེ་མིན་འཕྲིན་སྟེགས་ཆེ་ཆུང་གང་མང་ལ་རྩོམ་བཀོད་མྱོང་།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2020/3/24 བལྟ་ཀློག (3092)