རིས་མེད་གྲྭ་བཙུན་ཀུན་ལ་འགན་དུ་བབས།
རིས་མེད་གྲྭ་བཙུན་ཀུན་ལ་འགན་དུ་བབས།
ཐེ་བོ་དཀོན་སེང་།
ལས་སེམས་འདུ་འཛིས་དབེན་པའི་གནས་དག་ཏུ།།
ལས་སེམས་ལས་རུང་ཏིང་འཛིན་སྒོམ་ཉམས་ཀྱིས།།
ཞི་བའི་ས་ལ་གཤེགས་པའི་སྟོན་མཆོག་གང་།།
ཞི་བདེ་ལམ་བཟང་སྟོན་པའི་མགོན་དུ་བསྔགས།།
རྒྱ་གར་བཙུན་པས་ཕྱགས་དར་གོས་ཧྲུལ་མནམས།།
བོད་རིགས་གྲྭ་བས་ཕྲུག་ཐེར་ན་བཟའ་གྱོན།།
རྒྱ་ནག་བཙུན་པས་སྟབས་བདེ་དོར་མའང་གོན།།
སྟོན་པའི་རྗེས་འཇུག་ཡིན་པར་ཁྱད་ཅི་མཆིས།།
ཕྱི་ཡི་ཆ་ལུགས་མི་གཅིག་འགལ་ན་ཡང་།།
ནང་གི་དད་སེམས་སྟོན་པ་གཅིག་ལ་བྱེད།།
ཁོར་ཡུག་རྐྱེན་གྱིས་སྤྱོད་ལམ་སྣ་ཚོགས་འདིར།།
མ་སྨོད་མཐུན་ལམ་གསེར་ཐག་དམ་ན་ལེགས།།
ལུང་བ་རེ་ལ་ཆོས་ཀྱི་དགོན་སྡེ་རེ།།
དགོན་སྡེ་རེ་ལ་བླ་སྤྲུལ་བརྗིད་པོ་རེ།།
བླ་སྤྲུལ་རེ་ལ་ཕྱག་ལེན་ཁ་ཁ་རེ།།
གྲྭ་ཚང་རེ་ལ་འགྲིག་ལམ་འཕར་མ་རེ།།
འདུལ་བའི་བཅས་ཁྲིམས་སྟོན་པ་ཉིད་ལ་དབང་།།
དགོན་སྡེའི་འགྲིག་ཁྲིམས་གྲྭ་མང་ཡོངས་ལ་དབང་།།
འདུལ་བསྟན་དགུང་ལ་འདེགས་པའི་ལས་དོན་མཆོག།
རིས་མེད་གྲྭ་བཙུན་ཀུན་ལ་འགན་དུ་བབས།།
རིགས་དང་རུས་ཀྱང་མི་གཙོ་བསླབ་པ་གཙོ།།
གྲྭ་བཙུན་གྲངས་འབོར་མི་གཙོ་སྤུས་ཀ་གཙོ།།
གསེར་ཟངས་རྟེན་བཞེངས་མི་གཙོ་སློབ་གཉེར་གཙོ།།
གཙོ་ཕལ་གོ་ནོར་ཐེབས་ན་གྱོང་ལས་མེད།།
གཙོ་དང་ཕལ་བའི་དབྱེ་བ་རྟོགས་ན་ལེགས།།
ཁེ་དང་གྱོང་གི་ཕན་གནོད་ཤེས་ན་ལེགས།།
འཕྲལ་ཕུགས་ཁེ་ཉེན་གང་ཆེ་དཔྱོད་ན་ལེགས།།
མ་དཔྱད་ལས་ལ་འཇུག་པ་རྒུད་པའི་རྒྱུ།།
སྙིགས་མ་ལས་ཀྱང་སྙིགས་མའི་དུས་ཀྱི་ཚེ།།
དམ་སྡོམ་སྲུང་བའི་བར་ཆད་མང་ན་ཡང་།།
བསླབ་ཁྲིམས་མ་རལ་བཙུན་པ་མགོ་རིལ་ཚོ།།
བཀུར་བསྟིའི་ཞིང་དུ་མི་བསྔགས་རང་དབང་ཅི།།
མཐིང་ནག་སྐྲ་ལོ་བཅད་དེ་མགོ་རིལ་བྱས།།
སྟབས་བདེ་ལྭ་རིང་ཕུད་ནས་གཟན་ཤམ་གྱོན།།
ཕྱི་ཡི་ཆ་ལུགས་བརྗེས་པའི་དགོས་པ་ཡང་།།
ནང་སེམས་དྲན་ཤེས་བསྟེན་ཕྱིར་ཅི་ལ་མིན།།
མི་གཅིག་རིག་གནས་སྣ་ཚོགས་མ་མཁྱེན་ཡང་།།
མི་ཚེའི་སྙིང་བོ་བསྟན་པའི་ནང་མཛོད་ཀྱི།།
འདུལ་གཞུང་དག་ལ་ཨ་གཟིགས་ཡང་གཟིགས་ཀྱིས།།
སེམས་རྒྱུད་བཏུལ་ན་དགེ་སྦྱོང་ཡང་རྩེར་བསྔགས།།
ཆོས་བརྒྱད་འདུན་པ་གད་སྙིགས་རྫས་བཞིན་དོར།།
མང་ཐོས་སེམས་རྒོད་འདུལ་བའི་ཐབས་སུ་འཁྱེར།།
ལྟུང་བ་ཞག་དང་མི་འགྲོགས་ཕྱིར་བཅོས་པའི།།
བཙུན་པའི་རིགས་ལ་རེ་སྨོན་གཏིང་ནས་ཤོར།།
བསྟན་ལ་སྒྲོ་འདོགས་ཚད་མའི་ལམ་ནས་ཆོད།།
སྟོན་ལ་དད་གུས་རིགས་པའི་ལམ་ནས་རྙེད།།
བག་ཡོད་སྤྱོད་པས་མི་ཚེ་འདའ་བྱེད་པའི།།
ཆོས་གྲོགས་ཡོངས་ལ་ཡི་རང་ནམ་ཡང་ཡོད།།
ཕྱི་ཡི་ཆ་རྐྱེན་དབྱར་མཚོའི་རླབས་བཞིན་འཕྱོ།།
ནང་སེམས་འཁྲུག་པའི་ཚན་རྩལ་མེ་ལྟར་འབར།།
འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པའི།།
ཉེར་གཅིག་དུས་ཀྱི་བཙུན་ཚོགས་ང་ཚོའི་རྒྱན།།
རང་རེའི་བླ་སྲོག་ཆོས་རིག་སྐད་ཡིག་སོགས།།
མི་ཉམས་རྒྱུན་འཛིན་ཕྱིར་དུ་ལས་ཕྲ་རགས།།
ཅི་རིགས་བརྩོན་པའི་རིས་མེད་ངུར་སྨིག་སྡེ།།
མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག།
ཅེས་པ་འདི་ཆོས་སྡེ་ཆེན་པོ་ལྷ་མོ་ཀིརྟི་དགོན་པའི་གྲྭ་རིགས་ཐེ་བོ་དཀོན་སེང་དུ་འབོད་པས་ཁམས་མི་ཉག་མགར་ཐར་རྒྱལ་མཆོག་བདུན་པའི་གསུང་ཆོས་ར་བའི་ཡངས་སྟེང་དུ་དཔེ་ཁྲིད་ཀྱི་བར་གསེང་ནས2020/5/15/ སེམས་འཚེར་ཤིག་གིས་བསྐུལ་ཏེ་ཤར་མར་སྦྱར་བ་དགེ་གྱུར་ཅིག།
རྩོམ་སྒྲིག་པ། ཁཱ་ཤེས་རབ་རྒྱ་མཚོ།
སྤེལ་དུས།
2020/5/16
བལྟ་ཀློག (3453)