《གུ་བཀྲའི་ཆོས་འབྱུང་》དང་《རྙིང་མའི་ཆོས་འབྱུང་》 གཉིས་དེབ་ཐེར་གཅིག་ཡིན་མིན་སྐོར་གྱི་དོགས་དཔྱོད།

མཁའ་འབུམ་རྒྱལ།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་《གུ་བཀྲའི་ཆོས་འབྱུང་》དང་《རྙིང་མའི་ཆོས་འབྱུང་》གཉིས་ཀྱི་མཚན་བྱང་དང་། དཀར་ཆག རྩོམ་པ་པོའི་ལོ་རྒྱུས་སོགས་ཕན་ཚུན་གཤིབ་བསྡུར་དང་། དེ་བཞིན་འབྲེལ་ཡོད་ཁུངས་བཙན་དཔྱད་ཡིག་ལ་གཞི་བཅོལ་ཏེ། བསྟན་བཅོས་དེ་གཉིས་ནི་གཅིག་ཡིན་ཚུལ་དང་། དེའི་རྩོམ་པ་པོ་ནི་ངག་དབང་བློ་གྲོས་སམ་གུ་རུ་བཀྲ་ཤིས་ཡིན་སྐོར་གླེང་བརྗོད་རགས་ཙམ་བགྱིས་ཡོད།

[བརྡ་ཆད་གཙོ་བོ།]《གུ་བཀྲའི་ཆོས་འབྱུང་》《རྙིང་མའི་ཆོས་འབྱུང་》 དེབ་ཐེར། དོགས་གཅོད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256 [ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)04-097-07
          《གུ་བཀྲའི་ཆོས་འབྱུང་》①ནི་ངག་དབང་བློ་གྲོས་སམ་གུ་རུ་བཀྲ་ཤིས་ཀྱིས་མཛད་ཅིང་། རྡོ་རྗེ་རྒྱལ་པོས་བསྒྲིགས་གནང་བའི་རྙིང་མའི་ཆོས་ཀྱི་བྱུང་བ་བརྗོད་པའི་དེབ་ཐེར་ཞིག་སྟེ། སྤྱི་ལོ་༡༩༩༠ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པ་ཞིག་ཡིན། 《རྙིང་མའི་ཆོས་འབྱུང་》②ནི་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་བརྩམས་གནང་ཞིང་། བསྟན་བཅོས་ཧྲིལ་པོ་སྟོད་ཆ་དང་སྨད་ཆ་གཉིས་སུ་བཀར་ནས་དེབ་གཉིས་ཀྱི་ཚུལ་དུ་སྤྱི་ལོ་༡༩༩༢ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པ་ཞིག་ཡིན། དེ་ཡང་རྙིང་མའི་ཆོས་ཀྱི་བྱུང་བ་བརྗོད་པའི་དེབ་ཐེར་ཞིག་ཡིན། དཔེ་སྐྲུན་ཁང་སོ་སོས་བསྟན་པའི་དེབ་ཐེར་དེ་གཉིས་ཀྱི་རྩོམ་པ་པོའི་མཚན་དང་། དེ་བཞིན་དཔེ་སྐྲུན་ཁང་ཁག་ཁག་ཡིན་པ་སོགས་ཀྱི་ཕྱི་ངོས་ཀྱི་རྣམ་པར་གཞིགས་ན། དེབ་ཐེར་དེ་གཉིས་ནི་ཐ་དད་སོ་སོ་ཡིན་པ་གསལ་པོར་མཐོང་ཐུབ་པ་མ་ཟད། རིག་གཞུང་ཞིབ་འཇུག་གི་ཁྲོད་དང་དུས་རྒྱུན་གྱི་ཁ་བརྡའི་ཁྲོད་དུ་བོད་ཀྱི་མཁས་པ་ཕལ་ཆེ་བས་ཀྱང་དེབ་ཐེར་དེ་གཉིས་ནི་ནང་དོན་ལ་སོགས་ཕྱོགས་ཀུན་ནས་མི་འདྲ་བའི་བསྟན་བཅོས་ཁག་གཉིས་ཡིན་པར་བཞེད་ཀྱི་ཡོད། ཡིན་ན་ཡང་ཉེ་བའི་ལོ་འགའ་ཤས་རིང་། ཁོ་བོས་རྙིང་མའི་སྐོར་གྱི་ཡིག་ཚགས་ལ་ཞིབ་འཇུག་བྱེད་སྐབས་དེབ་ཐེར་དེ་གཉིས་ཐེངས་མང་ཀློག་མྱོང་ལ། ཀློག་པའི་བརྒྱུད་རིམ་ནང་དེབ་ཐེར་དེ་གཉིས་ནི་དོན་དུ་གཅིག་ཡིན་པའི་སྣང་བ་ཤུགས་ཆེན་པོ་བྱུང་བས། རིམ་པས་དེབ་ཐེར་དེ་གཉིས་ཕན་ཚུན་གཤིབ་བསྡུར་ཞིབ་འཇུག་བྱས་པ་ན། མཐར་བསྟན་བཅོས་གཅིག་ཡིན་པའི་ངེས་པ་རྙེད་བྱུང་། གཤམ་དུ་དེབ་ཐེར་དེ་གཉིས་ཀྱི་མཚན་བྱང་དང་། དཀར་ཆག རྩོམ་པ་པོའི་ལོ་རྒྱུས་སོགས་ཕྱོགས་འགའ་ཞིག་ནས་ཕན་ཚུན་དཔྱད་བསྡུར་གྱིས་དེའི་སྐོར་གླེང་བར་བྱ།
དང་པོ། མཚན་བྱང་གི་གཤིབ་བསྡུར།
          《གུ་བཀྲའི་ཆོས་འབྱུང་》གི་མཚན་བྱང་ཆ་ཚང་ལ་《བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ་》ཞེས་ཟེར་བ་དང་། 《རྙིང་མ་ཆོས་འབྱུང་》གི་དཔེ་མིང་ཆ་ཚང་ལ་《བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ཞེས་བྱ་བ་གླེགས་བམ་དང་པོ་དང་གཉིས་པ་བཞུགས་སོ་》ཞེས་ཞུ་བས། དེབ་ཐེར་དེ་གཉིས་ཀྱི་མཚན་བྱང་གཅིག་པར་སྣང་བ་གསལ་པོ་ཡིན།
གཉིས་པ། དཀར་ཆག་གི་གཤིབ་བསྡུར།
          《གུ་བཀྲའི་ཆོས་འབྱུང་》གི་དཀར་ཆག་མདོར་ཙམ་བརྗོད་ན། “ཐོགཅ།ར་དགེ་བ་ཀླད་ཀྱི་དོན། དང་པོ། མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅའ་བ།  གཉིས་པ། གཞུང་གི་སྤྱི་དོན་རྣམ་གྲངས་བསྟན་པ། བར་དུ་དགེ་བ་གཞུང་གི་དོན། ལེའུ་དང་པོ། སྟོན་པ་སངས་རྒྱས་བྱོན་ཚུལ་དང་། བསྟན་པ་དམ་ཆོས་གསུངས་ཚུལ་ལ་གཉིས། ས་བཅད་དང་པོ། སྟོན་པ་སངས་རྒྱས་བྱོན་ཚུལ་ལ་གཉིས། ས་བཅད་གཉིས་པ། བསྟན་པ་དམ་པའི་ཆོས་ཇི་ལྟར་གསུངས་པའི་ཚུལ་ལ་གསུམ། ལེའུ་གཉིས་པ། རྒྱལ་བསྟན་རིན་པོ་ཆེ་འཛམ་གླིང་འཕགས་བོད་སོགས་སུ་ཇི་ལྟར་དར་ཚུལ་དང་། དེ་ཉིད་སྐྱེས་བུ་སུ་ཞིག་གིས་ཇི་ལྟར་བསྐྱངས་ཚུལ་བརྗོད་པ་ལ་གཉིས། ས་བཅད་དང་པོ། བསྟན་པ་འཛམ་གླིང་དུ་དར་ཚུལ་ལ་གཉིས། ས་བཅད་གཉིས་པ། སློབ་དཔོན་རིན་པོ་ཆེའི་དངོས་སློབ་སོགས་གྲུབ་པ་བརྙེས་པ་མང་པོ་བྱུང་ཚུལ། ལེའུ་གསུམ་པ། གསང་ཆེན་རྙིང་མའི་བཀའ་མའི་ཕྱོགས་ལས་དངོས་གྲུབ་བརྙེས་ཤིང་བཤད་སྒྲུབ་ཀྱི་བྱ་བ་བྱེད་པའི་སྐྱེས་བུ་དམ་པ་རྣམས་བྱོན་ཚུལ་བརྗོད་པ་ལ་བཞི།  དང་པོ། ལྗོངས་འདིར་སེམས་ཀློང་མན་ངག་གི་སྡེ་བཅས་ཇི་ལྟར་བྱོན་ཞིང་བརྒྱུད་ཚུལ་གྱི་རྣམ་གཞག་བརྗོད་པ། གཉིས་པ།  སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་གཉགས་གནུབས་ཟུར་གསུམ་ལ་བབས་པ།  གསུམ་པ། བོད་ཡུལ་འདིར་རྡོ་རྗེ་ཕུར་པ་ཇི་ལྟར་དར་བའི་ཚུལ་བཤད་པ། བཞི་པ། བོད་ཡུལ་འདིར་དམ་ཆོས་འདུལ་བ་ཇི་ལྟར་དར་ཚུལ་བཤད་པ། ལེའུ་བཞི་པ། ཟབ་མོ་གཏེར་གྱི་ཁ་བྱང་འཛིན་པའི་སྐྱེས་ཆེན་རིམ་བྱོན་གྱི་ལོ་རྒྱུས་བརྗོད་པ། ལེའུ་ལྔ་པ། ཟབ་མོ་དག་སྣང་མར་གྲགས་པའི་ཆོས་ཀྱི་ཚུལ་བརྗོད་པ་ལ་དྲུག དང་པོ། ཟབ་མོ་དག་སྣང་གི་ཆོས་ལོགས་སུ་བཤད་པའི་རྒྱུ་མཚན། གཉིས་པ། རྟ་མགྲིན་ཟླ་རྒྱལ་ལུགས་བཤད་པ། གསུམ་པ། གཡུ་ཐོག་སྙིང་ཐིག་སྐོར་བཤད་པ། བཞི་པ། ཕག་རྡོར་སྙན་བརྒྱུད་བཤད་པ། ལྔ་པ། གནམ་ཆོས་ཐུགས་ཀྱི་གཏེར་ཁ་བཤད་པ། དྲུག་པ།མཇུག་བསྡུ་བ། ལེའུ་དྲུག་པ། སྔ་འགྱུར་རྙིང་མའི་དགོན་གནས་ཁག་དང་གདན་རབས་སོགས་བརྗོད་པ། ལེའུ་བདུན་པ། གསང་སྔགས་གསར་མར་གྲགས་པ་རྣམས་ཇི་ལྟར་བྱུང་ཚུལ་འཕྲོས་དོན་དང་བཅས་བརྗོད་པ་ལ་གསུམ། དང་པོ། སྔགས་སྤྱིའི་བྱུང་ཚུལ། གཉིས་པ། བྱེ་བྲག་གྲུབ་མཐའ་སོ་སོའི་ལོ་རྒྱུས་དང་རྣམ་གཞག་བཤད་པ་ལ་བདུན། ལེའུ་བརྒྱད་པ། ཐུན་མོང་རིག་གནས་ཀྱི་སྐོར་ཇི་ལྟར་བྱུང་ཚུལ་དང་། བསྟན་པའི་གནས་ཚད་བསྟན་པ་ལ་གཉིས། དང་པོ། ཐུན་མོང་རིག་གནས་ཀྱི་སྐོར་ཇི་ལྟར་བྱུང་ཚུལ་བཤད་པ། གཉིས་པ། བསྟན་པའི་གནས་ཚད་བཤད་པ། མཐའ་མར་དགེ་བ་མཇུག་གི་དོན། ཡིད་སྤྲོ་བའི་གཏམ། དཔར་བྱང་སྨོན་ཚིག ཟུར་བཀོད། ཆོས་འབྱུང་འདིའི་ནང་རྣམ་ཐར་འཁོད་པའི་མཁས་གྲུབ་རྣམས་ཀྱི་མཚན་ཐོ་ཀ་ཕྲེང་གི་རིམ་པ་ལྟར་བསྒྲིགས་པ་”③ཞེས་བྱུང་བ་ལྟར་ཡིན་ཞིང་། 《གུ་བཀྲའི་ཆོས་འབྱུང་》རང་གི་དཀར་ཆག་ལས་ཀྱང་གཞུང་གི་སྤྱི་དོན་རྣམ་གྲངས་བསྟན་པར་སྤྱི་དོན་རྣམ་པ་བརྒྱད་ཀྱིས་བསྟན་ནོ་ཞེས་གསུངས་ལ། དོན་ལའང་གོང་དུ་བཀོད་པའི་དཀར་ཆག་བཞིན་ལེའུ་བརྒྱད་ཀྱིས་གྲུབ་ཡོད།
          《རྙིང་མའི་ཆོས་འབྱུང་》གི་དཀར་ཆག་མདོར་ཙམ་བཀོད་ན་འདི་ལྟར་ཏེ། “མཆོད་བརྗོད་དང་གཞུང་འདིའི་སྤྱི་དོན་རྣམ་པ་བརྒྱད་ཀྱི་མཚན་བྱང་། སྤྱི་དོན་དང་པོ། སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ་སྐོམ ནང་གསེས་དོན་ཚན་དགུ་ཡོད། སྤྱི་དོན་གཉིས་པ། སངས་རྒྱས་ཀྱི་བསྟན་པ་འཕགས་བོད་སོགས་སུ་ཇི་ལྟར་བྱོན་པའི་སྐོར། ནང་གསེས་དོན་ཚན་བདུན་ཡོད། སྤྱི་དོན་གསུམ་པ། སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པ་བཀའ་གཏེར་གཉིས་ལས་བཀའ་མའི་ཕྱོགས་ཀྱི་སྐྱེས་བུ་དམ་པ་རྣམས་ཇི་ལྟར་བྱོན་ཚུལ། ནང་གསེས་དོན་ཚན་ལྔ་ཡོད། སྤྱི་དོན་བཞི་པ། ཟབ་མོ་གཏེར་གྱི་ཁ་བྱང་འཛིན་པ་རིམ་བྱོན་སྐྱེས་ཆེན་རྣམས་ཀྱི་མཛད་བསྡུས། ནང་གསེས་དོན་ཚན་བརྒྱད་ཡོད། སྤྱི་དོན་ལྔ་པ། ཟབ་མོ་གཏེར་གྱི་འཁོར་ལོས་བསྒྱུར་བའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིམ་པར་བྱོན་པའི་སྐོར། ནང་གསེས་དོན་ཚན་གཉིས་ཡོད། སྤྱི་དོན་དྲུག་པ། ཟབ་མོ་དག་སྣང་གི་ཆོས་སྡེ་བྱུང་ཚུལ་བརྗོད་པ། སྤྱི་དོན་བདུན་པ། དགོན་གནས་དང་གདན་རབས་སོགས་ཀྱི་སྐོར། ནང་གསེས་དོན་ཚན་དགུ་ཡོད། སྤྱི་དོན་བརྒྱད་པ། སྔགས་གསར་མ་རྣམས་བྱུང་ཚུལ་སྐོར། ནང་གསེས་དོན་ཚན་བརྒྱད་ཡོད། སྤྱི་དོན་དགུ་པ། ཐུན་མོང་རིག་གནས་ཀྱི་སྐོར་དང་བསྟན་པའི་གནས་ཚད་བཤད་པའི་སྐོར། ནང་གསེས་དོན་ཚན་བདུན་ཡོད་”④ཅེས་བྱུང་བ་ལྟར་ཡིན་ཞིང་། འདིར་《རྙིང་མའི་ཆོས་འབྱུང་》གི་དཀར་ཆག་ལས། “གཞུང་འདིའི་སྤྱི་དོན་རྣམ་པ་བརྒྱད་ཀྱི་མཚན་བྱང་”ཞེས་བརྗོད་ནའང་། ང་ཚོས་དཀར་ཆག་ལ་ཞིབ་མོར་དཔྱད་ན། དེ་ནི་སྤྱི་དོན་དགུའི་བདག་ཉིད་ཅན་ཞིག་ཡིན་པ་ཤེས་ཐུབ། གང་ལྟར་གོང་ཞུས་དེབ་ཐེར་གཉིས་ཀྱི་དཀར་ཆག་ལ་ཞིབ་ཏུ་བལྟས་ན། རིག་དབྱེ་མི་འདྲ་བ་ཙམ་མ་གཏོགས་ནང་དོན་གྱི་ཐད་ནས་ཆ་འདྲ་བར་སྣང་བ་གསལ་པོར་རྟོགས་ཐུབ།
གསུམ་པ། རྩོམ་པ་པོའི་སྐོར་གྱི་དོགས་དཔྱོད།
          གོང་དུ་གླེང་བ་ཇི་བཞིན་ཆོས་འབྱུང་དེ་གཉིས་ཀྱི་ཁ་བྱང་དང་དཀར་ཆག་སོགས་ལ་གཞིགས་ན། དེབ་ཐེར་གཅིག་རང་ཡིན་པའི་ངེས་པ་རྙེད་སླ་མོད། དཔེ་སྐྲུན་ཁང་སོ་སོས་དེ་གཉིས་ཀྱི་རྩོམ་པ་པོ་གུ་རུ་བཀྲ་ཤིས་དང་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ་ཞེས་སོ་སོར་བསྟན་གནང་བ་དེས། མི་རྣམས་སོམ་ཉིའི་དྲ་བར་ཚུད་ངེས། དེས་ན་གཤམ་དུ་བསྟན་བཅོས་དེ་གཉིས་སོ་སོའི་དཔེ་སྐྲུན་གསལ་བཤད་དང་མཇུག་བྱང་སྨོན་ཚིག་སོགས་ལ་དབྱེ་ཞིབ་རགས་ཙམ་ཞིག་བྱས་ན་དཔྱད་པར་བྱ་བ་འདི་ལྟར་སྣང་སྟེ།
          《གུ་བཀྲའི་ཆོས་འབྱུང་》གི་དཔེ་སྐྲུན་གསལ་བཤད་དུ། “གསང་སྔགས་རྙིང་མའི་ཆོས་འབྱུང་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོའམ་ཡོངས་གྲགས་སུ་གུ་བཀྲའི་ཆོས་འབྱུང་ཞེས་པ་འདི་ནི། སྨད་མདོ་ཁམས་སྐང་དྲུག་གི་ནང་གསེས་འབྲུ་རྫ་ཟལ་མོ་སྐང་གི་ཆར་གཏོགས་པ་འཛིང་སྟག་མོ་དགོན་དུ་ངག་དབང་བློ་གྲོས་སམ་གུ་རུ་བཀྲ་ཤིས་ཀྱིས་སྤྱི་ལོ་༡༨༠༧ལོ་སྟེ་བོད་རབ་བྱུང་བཅུ་བཞི་པའི་ཐོག་མ་མེ་ཡོས་ལོར་དབུ་བརྩམས་ཏེ་སྤྱི་ལོ་༡༨༧༣ལོ་སྟེ་བོད་རབ་བྱུང་བཅོ་ལྔ་པའི་ཆུ་བྱ་བར་ལ་བརྩམས་པར་མཛད་པ་ཞིག་ཡིན་ཅིང་།......དེ་ཡང་ཁོང་ཉིད་རིག་འཛིན་འཇིགས་མེད་གླིང་པ་དང་དུས་མཉམ་དུ་བྱོན་པ་ཞིག་ཡིན་པས་སི་ཏུ་རིན་པོ་ཆེ་བསྟན་པའི་ཉིན་བྱེད་དང་། དཔལ་སྤུངས་མཁས་པ་ཚེ་དབང་ཀུན་ཁྱབ་ཡབ་སྲས།......སོགས་མདོར་ན་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་མང་པོ་སྤྱི་བོར་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་......སྐྱེ་བོ་དམ་པ་དེས་གྲུབ་མཐའི་ཕྱོགས་ཞེན་དང་འོལ་སྤྱི་ཙམ་གྱི་བཤད་ཡམ་རིང་དུ་དོར་ཏེ། ཕྱོགས་གང་ཐད་ནས་ཡིག་ཐོག་དང་ངག་ཐོག་གི་དཔྱད་གཞི་བསྡུ་འདེམས་ཐོག་ནས་ཡུལ་དང་དུས་སོ་སོར་རྒྱུ་གང་ལས་བྱུང་།  རྐྱེན་གང་གིས་གྲུབ། ངོ་བོ་གང་ཞིག་ཡིན། འབྲས་བུ་ཅི་འདྲ་ཐོན་པ་རྣམས་གཟབ་ནན་གྱིས་དཔྱད་དེ་གཏན་ལ་ཕབ་པ་ཞིག་ཡིན་”⑤ཞེས་རྩོམ་པ་པོ་ངག་དབང་བློ་གྲོས་སམ་གུ་རུ་བཀྲ་ཤིས་ཞེས་མཚན་གསལ་པོར་བཀོད་གནང་ཡོད་པ་མ་ཟད། ཁོང་གི་ལོ་རྒྱུས་མདོར་བསྡུས་ཤིག་ཀྱང་བརྗོད་གནང་ཡོད་པ་དང་། དེབ་ཐེར་དེ་རང་གི་མཇུག་བྱང་ལས་ཀྱང་། “རབ་བྱུང་བཅུ་བཞི་པའི་ཐོག་མར་སླེབས་པ་མེ་ཡོས་ཧོར་ཟླ་གཉིས་པ་ནས་བརྩམས་ཀྱང་གཞན་དབང་གིས་རྣམ་པར་གཡེང་བ་མང་པོས་ཅུང་ཟད་འགྱངས་ཀྱང་རིམ་པར་ལྕགས་སྦྲུལ་ལོ་ཡན་ཆད་ཕལ་ཆེར་བརྩམས་གྲུབ་ཀྱང་། ཡི་གེ་འགའ་ཞིག་ལག་ཏུ་མ་སོན་པས་ལོ་ཤས་འགོར་བར་སླར་ཡང་ཆུ་ཕོ་སྤྲེལ་ལོར་ལེའུ་དྲུག་པ་སྔགས་གསར་མའི་རྒྱུད་ཚུལ་བཅས་བྲིས་ཤིང......ཆུ་མོ་བྱ་ལོར་སྔར་བརྩམས་པ་རྣམས་ལ་ཞུས་དག་དང་སྣོན་ཕྲི་ཡང་ཅི་རིགས་བགྱིས་པ་ཡིན་ཏེ། དེ་ཡང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་སི་ཏུ་རིན་པོ་ཆེ་བསྟན་པའི་ཉིན་བྱེད་ཐུགས་སྲས་ཟུང་དང་བཅས་པའི་བཀའ་དྲིན་ལས་རིག་གནས་འགའ་ཞིག་མིང་རྐྱང་ཙམ་ཐོས་ཤིང་......པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་རྡུལ་ལ་ཅུང་ཟད་རེག་ཅིང་བཀའི་སློབ་ཚོགས་ཡོངས་ཀྱི་གྲལ་མཐར་སོན་པའི་ཐ་ཤལ་བ་རྨོངས་བརྟུལ་སྙོམས་ལས་མཁན། ཤཱཀྱའི་རྒྱལ་པོའི་བསྟན་པའི་རྗེས་སུ་ཞུགས་པའི་མིང་ངག་དབང་བློ་གྲོས་སམ་མིང་གཞན་དབྱངས་ཅན་དགའ་བའི་བློ་གྲོས་ཞེས་བགྱི་བས་རེས་གཟའ་ལྷའི་བླ་མ་རྒྱུ་སྐར་རྒྱལ་གྱི་དགའ་མ་དང་ལྷན་ཅིག་རྣམ་པར་རྩེ་བའི་དགའ་སྟོན་དང་ལྡན་པའི་ཡར་ཚེས་བཟང་པོ་ལ་......ཐུབ་བསྟན་སྟག་མོ་སྐལ་བཟང་གླིང་གི་ཆོས་གྲྭ་ཆེན་པོར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་ཀུན་བཟང་ཆོས་དར་གྱིས་བགྱིས་པ་”⑥ཞེས་རྩོམ་པ་པོ་ངག་དབང་བློ་གྲོས་ཞེས་གསལ་པོར་བསྟན་ཡོད་ལ། ཁོང་གི་ལོ་རྒྱུས་རགས་བསྡུས་དང་སྦྲགས་《གུ་བཀྲའི་ཆོས་འབྱུང་》བརྩམས་པའི་བརྒྱུད་རིམ་ལོ་དུས་བཅས་ཀྱང་རགས་ཙམ་གླེང་ཡོད།  《རྙིང་མའི་ཆོས་འབྱུང་》གི་དཔེ་སྐྲུན་གསལ་བཤད་བ “ཆོས་འབྱུང་འདི་གྲུབ་དབང་ཤཱཀྱ་ཤིའི་རིགས་སུ་འཁྲུངས་པའི་ཉི་སྤྲུལ་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མའམ་ཨོ་རྒྱན་མཆོག་གྲུབ་ཀྱིས་མཛད་པ་ལགས་ན། སྐབས་སུ་བབས་པར་སྐྱེས་ཆེན་འདིའི་སྐུ་ཐོག་དང་པོ་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱི་ལོ་རྒྱུས་ཟུར་ཙམ་གླེང་བར་བྱ་སྟེ་”⑦ཞེས་རྩོམ་པ་པོ་ནི་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མའམ་ཨོ་རྒྱན་མཆོག་གྲུབ་ཅེས་མཚན་ཙམ་གསུངས་པ་ལས་ཁོང་གི་ལོ་རྒྱུས་ཇི་ལྟར་ཡིན་ཚུལ་ཡེ་ནས་གླེང་མེད། འོན་ཀྱང་དེབ་ཐེར་དེ་གཉིས་ཀྱི་དཔར་བྱང་སྨོན་ཚིག་ཏུ “ཨོ་སྭཱ་སྟི། །ཁྱད་ཆོས་དྲུག་ལྡན་ཆོས་ཉིད་སྤྲོས་བྲལ་ཀ་ནས་ཡོངས་སུ་དག་པ་ཆོས་ཀྱི་སྐུ། ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་བརྟག་པ་མི་འགྱུར་ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས། །......ཆོས་ཕུང་བརྒྱད་ཁྲིའི་བྱེད་པོ་མཁས་གྲུབ་ཚོགས། ། རིས་མེད་བྱོན་ཀུན་ཇི་ལྟར་མཛད་པའི་ཚུལ། ། ཆོས་འབྱུང་ངོ་མཚར་གཏམ་གྱི་རོལ་མཚོ་ཞེས། ། རིམ་དགུའི་ལ་ཤན་འབྱེད་པ་ཐེག་པའི་ཚུལ། ། རྒྱ་བོད་གྲུབ་མཐའ་ཡོངས་ཀྱི་སྤྱི་ནོར་ཆེ། ། ཉི་རྫོགས་ཀཿཐོག་དྭགས་པོ་ལ་སོགས་པའི། ། སྤྲུལ་པའི་སྐྱེས་ཆེན་མང་པོའི་བཀས་བསྐུལ་ཕྱིར། ། པཎ་གྲུབ་ངག་དབང་བློ་གྲོས་ཀྱིས་བསྡུས་པ། ། སྔོན་མེད་ལེགས་བཤད་དག་སྣང་འོད་པོ་ཆེས། ། ལོག་རྟོག་ཕྱོགས་རིས་མུན་པ་རྩ་ནས་སྙིལ། ། མི་ཕྱེད་དད་དང་རྟོགས་དཔྱོད་ཀྱིས་དྲངས་པའི། ། ངེས་གསང་ཤིང་རྟ་འདི་ཉིད་རྨད་དུ་བྱུང་།  ། དེ་ཕྱིར་ཡིད་བརྟན་ཡི་གེའི་ཕྱི་མོ་རུ། ། གཅིག་ལས་དུ་མར་འཇོ་བའི་པར་གྱི་འཕྲུལ། ། ལྷག་བསམ་མི་ཕྱེད་དྭངས་པས་ཉེར་དྲངས་ཏེ། ། སྔོན་གྱི་ལས་འཕྲོ་སྨོན་ལམ་མཚམས་སྦྱར་ནས། ། གྲུབ་དབང་ཤཱཀྱ་ཤྲཱིའི་རིགས་ཀྱི་རྒྱུད། ། ཉི་སྤྲུལ་དྲུག་པའི་མིང་འཛིན་དེ་ཡིས་བསྐྲུན། ། ཞལ་འདེབས་དད་དང་འབྱོར་ལྡན་སྤྲུལ་པའི་སྐུ། ། བླ་གྲ་བུ་ཚ་སོགས་ཀྱི་མཐུན་པའི་རྐྱེན། ། རིན་ཆེན་གཉིས་པ་བོད་སྲང་དྲུག་བརྒྱ་དང་། ། དྲུག་ཅུ་རེ་ལྔ་རྣམ་དཀར་ཡོན་སྦྱར་རྗེས། ། དེ་འཕྲོས་སྡེབ་རེར་རིན་འཁོར་ས་བཅུའི་གྲངས། ། སྡོམ་པའི་བོད་རྡོ་སོ་དྲུག་ལྷག་ཙམ་གཙོས། ། གཞན་ཡང་བདག་རྐྱེན་ཇི་རིགས་མཚམས་སྦྱར་ནས། ། ཉི་གྲགས་བླ་བྲང་ཡོན་སྦྱོར་ལེགས་པར་བྱས། ། འབྲི་བརྐོ་པར་ཤིང་དག་ཞུས་ཀུན་རྫོགས་པར། ། ཆུ་མོ་ཕག་ནས་ལྕགས་མོ་ལུག་གི་བར། ། ཐེག་དགུའི་གྲངས་ལྡན་ལོ་ལ་སྲིང་རྫོང་དུ། ། རྟེན་ཅིང་འབྲེལ་འབྱུང་བཟང་པོས་པར་དུ་གྲུབ། ། དེ་ལས་བྱུང་བའི་དགེ་བས་རྗེ་བླ་མ། ། གངས་ཅན་མགོན་སོགས་སྤྱི་དང་བྱེ་བྲག་ཀུན། ། ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མར་བཅས། ། བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ། ། ཞབས་དང་བསྐལ་བ་རྒྱ་མཚོར་རྟག་བརྟན་ཤོག ། དེའི་མཐུས་རིས་མེད་བསྟན་པ་དབྱར་མཚོ་ལྟར། ། ཕྱོགས་དུས་ཀུན་ཏུ་མི་ཉམས་དར་ཞིང་རྒྱས། །ནམ་ཡང་འགྲིབ་དང་ནུབ་པའི་མིང་མེད་པར། ། སྟོན་ཟླའི་དཔལ་བཞིན་གོང་ནས་འཕེལ་གྱུར་ཅིག །......དམ་ཅན་ཆོས་སྐྱོང་སྲུང་མས་བར་ཆད་སེལ། ། དཔལ་ལྡན་རྩ་བ་གསུམ་གྱི་བཀྲ་ཤིས་ཤོག ། ཅེས་པ་འདི་ལྟར་སྲིང་རྫོང་འོད་གསལ་སྒྲུབ་སྡེར་འདི་ཉིད་པར་དུ་བཞེངས་སྐབས་མཁན་ཐུབ་བསྟན་ངག་དབང་རྣམ་རྒྱལ་དང་གྲུབ་ཆེན་ཟླ་བ་རྡོ་རྗེ་བཟང་པོ་བཅས་ནས་བསྐུལ་ངོར་གྲུབ་པའི་རིགས་སུ་སྐྱེས་པའི་ཉི་སྤྲུལ་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མའམ་ཨོ་རྒྱན་མཆོག་གྲུབ་ཀྱིས་སྦྱར་བ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་”⑧ཅེས་《ཆོས་འབྱུང་ངོ་མཚར་གཏམ་གྱི་རོལ་མཚོ》ཞེས་པ་དེ་ངག་དབང་བློ་གྲོས་ཀྱིས་བརྩམས་གནང་བ་དང་། དེ་རྗེས་དེབ་ཐེར་དེ་ཉིད་དཔར་དུ་སྐྲུན་སྐབས་ཉི་སྤྲུལ་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་སྨོན་ཚིག་སྦྱར་གནང་བ་ཡིན་ཚུལ་བསྟན་ཡོད། དེ་མིན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་《བདུད་འཇོམས་ཆོས་འབྱུང་》ནང་དུ། “མཁས་མཆོག་ངག་དབང་བློ་གྲོས་ཀྱི་སྔ་འགྱུར་ཆོས་ཀྱི་བྱུང་ཁུངས་མཁས་པ་དགའ་བྱེད་”ཅེས་དང་། “གུ་རུ་བཀྲ་ཤིས་མིང་གཞན་ལ་ངག་དབང་བློ་གྲོས་ཟེར། ནང་བསྟན་ལོ་རྒྱུས་སྨྲ་བ་གྲགས་ཆེན་ཞིག་སྟེ། ཁམས་ཀྱི་སྟག་མོ་དགོན་དུ་༡༨༠༧ནས་༡༨༧༣བར་ལོ་༦༦རིང་ལ་གུ་བཀྲའི་ཆོས་འབྱུང་བརྩམས། འདི་ནི་རྙིང་མ་བའི་བྱུང་འཕེལ་ལོ་རྒྱུས་ཀྱི་བརྩམས་ཆོས་གྲགས་ཅན་ཞིག་གོ་”⑨ཞེས་འཁོད་ཡོད།
          མདོར་ན།  དེབ་ཐེར་དེ་གཉིས་ཀྱི་ཁ་བྱང་དང་། དཀར་ཆག མ་རྩོམ་ཧྲིལ་པོ། མཇུག་གི་གཏམ། དཔར་བྱང་སྨོན་ཚིག་བཅས་ཕྱོགས་མང་པོ་ཞིག་ནས་ཕན་ཚུན་གཤིབ་བསྡུར་བྱས་འབྲས་སུ། དེབ་ཐེར་དེ་གཉིས་ནི་གཅིག་ཡིན་པར་འདོད་པ་དང་། དེའི་རྩོམ་པ་པོ་ནི་ངག་དབང་བློ་གྲོས་སམ་གུ་རུ་བཀྲ་ཤིས་ཡིན་ཞིང་། དེབ་ཐེར་དེ་ཉིད་དཔར་དུ་སྐྲུན་སྐབས་སུ་ཉི་སྤྲུལ་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་སྨོན་ཚིག་སྦྱར་གནང་བ་ཡིན་པར་ཁ་ཚོན་གཅོད་ཐུབ་སྙམ། དེས་ན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དེབ་ཐེར་དེ་ཉིད་ཞུ་དག་དང་དཔར་སྐྲུན་གནང་སྐབས་སྣང་འཇོག་མ་མཛད་པའི་རྐྱེན་གྱིས་དཔར་བྱང་སྨོན་ཚིག་སྦྱར་གནང་མཁན་ཉིད་རྩོམ་པ་པོར་འཁྲུལ་ཡོད་པས། དེ་ལུགས་ཀྱིས་དག་ཐེར་བྱེད་འོས་པར་སེམས། དེ་མིན་དེབ་ཐེར་དེ་ཉིད་ཀྱི་རྩོམ་པ་པོའི་ལོ་རྒྱུས་གོང་དུ་བརྗོད་པ་ཙམ་ལས་ཁ་གསལ་པོ་ཞིག་འཁོད་པའི་དཔྱད་གཞི་ཞིག་ལག་ཏུ་མ་སོན་པས། ད་དུང་མུ་མཐུད་དཔྱད་པར་འཚལ་ཞེས་ཞུ་བའོ། །
          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
          ①གུ་རུ་བཀྲ་ཤིས་ཀྱིས་མཛད། 《གུ་བཀྲའི་ཆོས་འབྱུང་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་༡༩༩༠ལོར་དཔར།
          ②ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་མཛད། 《རྙིང་མ་ཆོས་འབྱུང་》(སྟོད་ཆ་དང་སྨད་ཆ་)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༩༢ལོར་དཔར།
          ③གུ་རུ་བཀྲ་ཤིས་ཀྱིས་མཛད།《གུ་བཀྲའི་ཆོས་འབྱུང་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༠ལོར་དཔར། དཀར་ཆག་ཏུ་གསལ།
          ④ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་མཛད། 《རྙིང་མ་ཆོས་འབྱུང་》(སྟོད་ཆ་)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༩༢ལོར་དཔར། དཀར་ཆག་ཏུ་གསལ།
          ⑤གུ་རུ་བཀྲ་ཤིས་ཀྱིས་མཛད། 《གུ་བཀྲའི་ཆོས་འབྱུང་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་༡༩༩༠ལོར་དཔར། དཔེ་སྐྲུན་གསལ་བཤད་དུ་གསལ།
          ⑥གུ་རུ་བཀྲ་ཤིས་ཀྱིས་མཛད། 《གུ་བཀྲའི་ཆོས་འབྱུང་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་༡༩༩༠ལོར་དཔར། ཤོག་ངོས་༡༠༥༥ནས་༡༠༥༦བར་ན་གསལ།
          ⑦ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་མཛད། 《རྙིང་མའི་ཆོས་འབྱུང་》(སྟོད་ཆ་དང་སྨད་ཆ་)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༩༢ལོར་དཔར། དཔེ་སྐྲུན་གསལ་བཤད་དུ་གསལ།
          ⑧གུ་རུ་བཀྲ་ཤིས་ཀྱིས་མཛད། 《གུ་བཀྲའི་ཆོས་འབྱུང་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་༡༩༩༠ལོར་དཔར། ཤོག་ངོས་༡༠༥༧ནས་༡༠༥༨བར་ན་གསལ། ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་མཛད། 《རྙིང་མའི་ཆོས་འབྱུང་》(སྟོད་ཆ་)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༩༢ལོར་དཔར།
          ⑨བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད། 《བདུད་འཇོམས་ཆོས་འབྱུང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༡༩༩༦ལོར་དཔར། ཤོག་ངོས་༦༥༠ན་གསལ།

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/8/11 བལྟ་ཀློག (9264)