མཆོད་རྟེན་བསྐོར་བའི་ཕན་ཡོན།

མཆོད་རྟེན་བསྐོར་བའི་ཕན་ཡོན།

      འདུལ་བ་ལུང་བཞི་ལས།

མཁས་པ་གང་ཞིག་རབ་ཏུ་སེམས་དད་པས།།སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམྦུའི་ཆུ་བོ་གསེར་གྱི་སྲང་ཚད་ནི།།སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་ཡིན། །ཞེས་དང་།

     གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དེ།།ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱི་བཏུད། །བཟང་པོའི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན།།ཞེས་དང་།

     མཆོད་རྟེན་བསྐོར་བའི་ཚིགས་བཅད་ཀྱི་མདོ་ལས། ཤེས་རབ་ཆེན་པོ་ཤཱ་རིའི་བུས།།སྟོན་པ་ལ་ནི་ཞུ་བ་ཞུས། །མཆོད་རྟེན་བསྐོར་བ་བགྱིས་པ་ཡི། །རྣམ་པར་སྨིན་པ་ཅི་འགྱུར་བ།།མཆོད་རྟེན་ཆེན་པོའི་འཇིག་རྟེན་མཆོག །རྣམ་པར་འདྲེན་པས་བདག་ལ་གསུངས།།རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །སྟོན་པས་དེ་ལས་བཀའ་སྩལ་པ།།མཆོད་རྟེན་བསྐོར་བ་བྱས་པ་ཡི། །ཡོན་ཏན་གང་ཡིན་ཕྱོགས་ཙམ་བསྟན།།མཆོད་རྟེན་བསྐོར་བ་བྱས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་།།ལྷ་མིན་མཁའ་ལྡིང་མིའམ་ཅི། །ལྟོ་འཕྱེ་རྣམས་ཀྱིས་མཆོད་པར་འགྱུར།།དལ་པ་རྙེས་དཀའ་ཐོབ་གྱུར་ནས། །སྐད་ཅིག་གཅིག་ཙམ་བར་དུ་ཡང་།།མཆོད་རྟེན་བསྐོར་བ་བྱས་པ་ནི། །མི་ཁོན་བརྒྱད་རྣམས་སྤོང་བར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།དྲན་དང་ལྡན་ཅིང་བློ་གྲོས་ལྡན། །ཁ་དོག་ལྡན་ཞིང་འཛངས་པ་དང་།།ཐམས་ཅད་དུ་ནི་མཆོད་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།ལྷ་དང་དེ་བཞིན་མི་རྣམས་ཀྱི། །ཚེ་རིང་བ་ཡང་དེ་ཡིས་ཐོབ།།གྲགས་པ་ཆེན་པོའང་འཐོབ་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།འཛམྦུའི་གླིང་དུ་རུས་ཀྱི་མཆོག །ཆི་རིགས་ཡོངས་སུ་དག་པར་ཡང་། །བློ་ལྡན་དེ་ནི་སྐྱེ་བར་འགྱུར།།མཆོད་རྟེན་བསྐོར་བ་བྱས་པ་ནི། །ཁ་བཞིན་དག་ཀྱང་བཟང་བ་དང་། །མདོག་སྡུག་པ་དང་མཁས་པ་དང་། །བདེ་བར་གནས་པ་ཐོབ་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི། །ཕྱུག་ཅིང་ནོར་ཡང་མང་བ་དང་། །སེར་སྣ་མེད་ཅིང་གཏོང་ཕོད་དང་། །སྦྱིན་པ་དག་ལ་དཔལ་བར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།ཡིད་དུ་འོང་ཞིང་ལྟ་ན་སྡུག །མདོག་བཟང་མཐོང་ན་དགའ་བ་དང་།།ལོངས་སྤྱོད་རྒྱ་ཆེན་སྤྱོད་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི། །འདུ་བྱེད་སྟོང་པར་མཐོང་ནས་ཀྱང་།།དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དགའ་བ་ཐོབ་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི། །རྒྱལ་རིགས་མཆོག་ཏུ་སྐྱེ་བར་འགྱུར། །བུད་མེད་འཁོར་དང་ལྡན་པ་དང་། །སྟོབས་དང་བརྩོམ་འགྲུས་ལྡན་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི། །བྲམ་ཟེ་ཆེ་ཞིང་མཐོ་བར་སྐྱེ། །ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན།།རིག་བྱེད་གསང་སྔགས་ལྡན་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི། །ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ།།ཕྱུག་ཅིང་ནོར་ཡང་མང་བ་དང་། །ནོར་དང་འབྲུ་རྣམས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ནི། །འཇམྦུའི་གླིང་གི་མངའ་བདག་རྗེ།།ས་སྟེང་མཐའ་དག་དབང་བྱེད་པའི། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།རིན་ཆེན་བདུན་དང་ལྡན་པ་ཡི། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར།།ཆོས་བཞིན་འཁོར་ལོ་བསྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པ་ནི།།འདི་ནས་འཕོས་ཏེ་མཐོ་རིས་འགྲོ། །སངས་རྒྱས་བསྟན་ལ་དགའ་བ་དང་།།རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།ལྷ་ཡུལ་དག་ནས་འཕོས་ནས་ཀྱང་། །དེ་ནི་མི་ཡི་ནང་དུ་སྐྱེ།།རྨོངས་པ་མེད་པར་མངལ་དུ་འཇུག ། མཆོད་རྟེན་བསྐོར་བ་བྱས་པ་ནི།།མངལ་གྱི་སྐྱོན་གྱི་དྲི་མ་ཡིས། །དེ་ལ་གོས་པར་མི་འགྱུར་ཏེ།།དེ་ནི་ནོར་བུ་དག་པ་བཞིན། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།མ་ལྟོས་བདེ་བར་གནས་པར་འགྱུར། །དེ་ནི་བདེ་བར་བཙའ་བ་དང་། །བདེ་བར་ནུ་ཞོ་འཐུང་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པ་ནི། །ཕས་ཀྱང་འཁོར་གཡོག་མང་པོ་ཡིས།།དེ་ལ་གསོ་ཞིང་གནས་པར་འགྱུར། །མ་མས་རྟག་ཏུ་རིམ་གྲོ་བྱེད། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།ཉེ་དུ་རྣམས་ཀྱི་སྙིང་དུ་སྡུག །དེ་བཞིན་ཕ་མ་ལྷག་པར་བྱམས།།སྐྱེས་ནས་ལོངས་སྤྱོད་འཕེལ་བར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།ཤ་ཟ་དང་ནི་སྲིན་རྣམས་ཀྱིས། །དེ་ལ་གནོད་པར་མི་འགྱུར་རོ།།ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།བསྐལ་པ་བརྒྱར་ཡབ་དེ་དག་རྣམས། །ཞར་བ་གྲུམ་པོར་ཡོང་མི་འགྱུར།།ལུས་ཀྱང་རྣམ་པར་དག་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།མིག་ཀྱང་རྣམ་པར་དག་པར་འགྱུར། །དཀྱུས་རིང་མཐོན་མཐིང་སྡུག་པ་དང་།།ལྷ་ཡི་མིག་ཀྱང་དེ་ཡིས་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི།།ལུས་བདེ་སེམས་ཀྱང་བརྟན་པ་དང་། །དཔུང་མགོ་ཟླུམ་ཞིང་བརྟན་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།སྟོབས་དང་བྱད་གཟུགས་ཕུན་སུམ་ཚོགས། །ཡན་ལག་ཐམས་ཅད་མཚན་རྣམས་ཀྱིས།།ལེགས་པར་བརྒྱན་ཅིང་ལྡན་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེན་པོ་བརྒྱ་བྱིན་དུ།།ལྷ་ཡི་དབང་པོ་ཆེན་པོར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི། །འཐབ་བྲལ་ལྷ་ཡི་རྒྱལ་པོ་དང་།།དེ་བཞིན་ཡོངས་སུ་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།ཚངས་པའི་འཇིག་རྟེན་ཚངས་པ་ཡི། །དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་།།ལྷ་རྣམས་བྱེ་བ་སྙེད་ཀྱིས་མཆོད། ། མཆོད་རྟེན་བསྐོར་བ་བྱས་པ་ནི།།བསྐལ་པ་བྱེ་བ་སྟོང་དག་དང་། །ཁྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་། །ཤེས་རབ་ལྡན་པས་རྟག་ཏུ་མཆོད།།མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་ཏུ།།ལུས་གཙང་གོས་ཀྱང་གཙང་བ་དང་། །དཀར་པོའི་ཆོས་དང་ལྡན་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པས་ནི།།སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས། །དེ་ནི་ལེ་ལོ་མེད་པ་དང་།།ཤིན་ཏུ་བསྒྲུབ་པ་ཐོབ་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པས་ནི།།བརྩོན་འགྲུས་བརྟན་ཅིང་མཐུ་ཡང་བརྟན། །རྩལ་བརྟན་ཅིས་ཀྱང་མི་ཚུགས་ཤིང་།།དོན་རྣམས་མྱུར་དུ་འགྲུབ་པར་བྱེད། ། མཆོད་རྟེན་བསྐོར་བ་བྱས་པས་ནི།།གདངས་སྐད་གསང་ཡང་མཐོ་བ་དང་། །ཡིད་དུ་འོང་བའི་ང་རོ་ཅན། །གནོད་པ་མེད་ཅིང་ནད་མེད་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི། །ང་ཉིད་ཀྱིས་ནི་བསྟན་པ་ཡི།།གནས་དེར་མྱུར་དུ་དེ་འགྲོ་ཞིང་། །ཤས་ཆེར་སྐྱེ་བ་འཐོབ་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པས་ནི།།དྲན་པ་ཉེ་བར་གཞག་པ་བཞི། །སེམས་གྱི་ཚད་མེད་བཞི་པོ་དང་།།རྫུ་འཕྲུལ་རྐང་པའི་དབང་ཡང་ཐོབ། ། མཆོད་རྟེན་བསྐོར་བ་བྱས་པས་ནི།།འཕགས་པའི་བདེན་པ་བཞི་པོ་དང་། །དབང་པོ་རྣམས་དང་སྟོབས་རྣམས་དང་།།བྱང་ཆུབ་ཡན་ལག་འབྲས་བུ་ཐོབ། ། མཆོད་རྟེན་བསྐོར་བ་བྱས་པས་ནི།།མངོན་ཤེས་དྲུག་ལྡན་ཟག་པ་མེད། །ཉོན་མོངས་ཐམས་ཅད་སྤངས་པ་ཡིན། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི། །འདོད་ཆགས་ཞེ་སྡང་སྤངས་པ་དང་།།འཁོར་བ་རྣམས་ནི་སྤངས་པ་ཡིན། །རང་རྒྱལ་བྱང་ཆུབ་འཐོབ་པར་འགྱུར། ། མཆོད་རྟེན་བསྐོར་བ་བྱས་པས་ནི།།འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་།།གསེར་གྱི་སྐུ་མདོག་འཐོབ་པར་འགྱུར། །ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན།།ངག་གི་ལས་ཀྱང་བསྐོར་བ་ཡིན། །ཏིད་ཀྱི་ལས་ཀྱང་བསྐོར་བ་ཡིན།།སྨོན་ལམ་བཏབ་པ་བསྐོར་བ་ཡིན། །འདིར་ནི་བསྐོར་བ་བྱས་པ་ཡིན།།བགྲོད་དཀའ་བདེ་དགུར་དོན་རྣམས་འགྲུབ། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ།།བསྐོར་བ་བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉེ་ཚེ་ཡིས། །ལེགས་པར་བསྟན་པ་མི་ནུས་སོ།།སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཤཱ་རིའི་བུ་ཡིས་ཞུས་ནས་ཀྱང་།།མཆོད་རྟེན་ཕྱག་བྱས་ཡོན་ཏན་གང་། །འཇིག་རྟེན་མགོན་པོས་བསྟན་པ་ཡིན།།རྟ་བརྒྱ་དང་ནི་གསེར་སྲང་བརྒྱ། །དྲེ་མོའི་ཤིང་རྟ་བརྒྱ་དག་དང་།།རྒོད་མ་བརྒྱ་ཡི་ཤིང་རྟ་རྣམས། །རིན་ཆེན་སྣ་ཚོགས་བཀང་པ་ཡང་།།བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །གངས་ཀྱི་གླང་ཆེན་བརྒྱ་རྟེན་དག།ལུས་ཆེན་ནམ་ཚོད་ཡངས་པ་དང་། །སྣ་ཡང་གཤོལ་མདའ་འདྲ་བའི་གླང་།།གསེར་དང་ནོར་བུས་བརྒྱན་པ་ཡང་། །བསྐོར་བའི་གོམ་པ་གཅིག་བོར་བའི།།བཅུ་དྲུག་ཆར་ཡང་མི་ཕོད་དོ། །མཁས་པ་གང་ཞིག་སངས་རྒྱས་མཆོད་རྟེན་ལ།།དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ། །འཛམྦུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་སྙེད།།དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་སོགས་གསུངས་སོ། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/8/13 བལྟ་ཀློག (32858)