སྟོན་མགོའི་ཚོར་ཤེས་ལྡེམ་པའི་རླབས་སྒྲ།

༄།སྟོན་མགོའི་ཚོར་ཤེས་ལྡེམ་པའི་རླབས་སྒྲ།


ཐེ་བོ་དཀོན་སེང་།

སྐྱབས་གནས་ཀུན་འདུས་ངོ་བོ་དྲིན་ཆེན་གྱི་བླ་མས།།
ཐུགས་རྗེ་ཆུ་འཛིན་དཀྲིགས་པའི་ཀུན་གསལ་གྱི་དབྱིངས་ནས།།
འཛད་མེད་དངོས་གྲུབ་སྦྲང་ཆར་ཆར་ཤག་ཤག་ཏུ་བབས་ཏེ།།
རེ་བའི་ལྗང་མྱུག་སྐྱོང་བའི་མཛད་བཟང་དེ་མ་འདོར།།

སྨིག་སྒྱུ་ཆུ་གཏེར་སྐྱོམས་པའི་ཀུན་རྫོབ་ཀྱི་རླབས་རིས།།
དོན་དམ་གཉུག་མའི་སེམས་ཀྱི་མེ་ལོང་དུ་འཕོས་པའི།།
ཟུང་འཇུག་ཆང་གིས་མྱོས་པའི་སྣང་བརྙན་གྱི་གསང་བ།།
ཐ་སྙད་གླུ་ངག་སྙན་མོའི་འགྱུར་ཁུག་ལས་ཤོར་སོང་།།

ལོ་ཟླ་ཁད་ཀྱིས་འདས་པས་ཡ་ཐོད་ཀྱི་གཉེར་མ།།
ཁྲོ་བོས་ཨམ་གཙིག་བསྡམས་བཞིན་ཇེ་མང་དུ་བརྩེགས་ཀྱང་།།
རང་སེམས་གཞོན་པའི་ཉམས་ཀྱིས་མཉམ་བཞག་གི་མལ་ན།།
རྨི་ལམ་གྲོང་ཁྱེར་མྱུལ་བའི་སྟ་གོན་ལ་མཆིས་འདྲ།།

ཆགས་དང་སྡང་བས་བསྐྱེད་པའི་སྡུག་ཡས་ཀྱི་ཁུན་སྒྲ།།
ལྷིང་འཇགས་འཚོ་བར་སྲེད་པའི་རྣ་ལམ་དུ་གཟན་ཡང་།།
ལྟ་བའི་ལུགས་སྲོལ་འཛིན་པའི་རང་ཚུགས་དེ་མཁྲེགས་པས།།
སྣང་གནས་མི་མཐུན་ལས་ཀྱིས་མི་ཚེ་དེ་འཛད་འགྲོ།།

ཐོས་པས་གཞུང་ལུགས་རྣམ་གྲངས་མང་པོ་ཞིག་བསགས་ཀྱང་།།
བསམ་པའི་དོན་ལ་ངེས་ཤེས་ཅུང་ཙམ་ཞིག་གལ་ཆེ།།
སྒོམ་པ་གནད་ལ་མ་འཁེལ་ཕྱི་ཚུལ་གྱི་འཆད་ཉན།།
རང་གཞན་ངལ་བའི་སྡུག་གི་དམ་རྒྱ་ལས་མ་འདས།།

ན་བུན་གོས་སུ་གྱོན་པའི་ལྷིང་འཇགས་ཀྱི་ཡུལ་ནས།།
རྩམ་སྐྱ་ཟས་སུ་བསྟེན་པའི་འཚོ་བ་ལ་འཐབ་སྟེ།།
དགའ་སྐྱོ་མང་དུ་མྱོང་བའི་འདུས་མདོ་དེའི་ཕུག་ན།།
དགའ་བཞི་རིམ་གྱིས་སྟེར་བའི་ལྷ་མོ་དེ་ཡོད་སྐད།།

བདག་འཛིན་འགོང་བོ་འདི་ལ་གནོད་ཤུགས་ཤིག་བསྐྲད་ན།།
རྩ་རླུང་གནད་དུ་བསྣུན་པའི་སྒོམ་ཉམས་དེ་དགོས་ལ།།
རང་ཉིད་ལྷ་རུ་བཞེངས་པའི་ང་རྒྱལ་གྱི་ངང་ནས།།
སོར་བསམ་སྤྲོ་བསྡུའི་རྣལ་འབྱོར་སྒོམ་པ་ལ་བརྩོན་ཅིག།

ཆགས་སྡང་ལམ་དུ་བསྒྱུར་བའི་དགའ་སྟོན་གྱི་རོ་ལ།།
ཧམ་སེམས་སྲེད་པ་གདངས་ཏེ་མཐོ་སྙེག་དེ་མ་སྔ།།
མདོ་རྒྱུད་རིམ་གྱིས་སྦྱོང་བའི་ལུགས་བཟང་རང་སྐྱོངས་དང་།།
བདེ་སྟོང་ཉམས་ལ་ཤར་བའི་སྐལ་བཟང་ཞིག་མངོན་འོང་།།

ཁ་ཆར་བུ་ཡུག་འཚུབ་པའི་མཐོ་སྒང་གི་ཡུལ་ནས།།
ཚེ་ལྷག་དར་སྐུད་ཕྲ་མོ་འཕྲོད་བསྟེན་གྱིས་སྲུང་བཞིན།།
སྤྲོས་པ་ཧམ་ཟ་བྱེད་པའི་ཤེས་རབ་ཀྱི་སླད་དུ།།
རླུང་སེམས་ཐིམ་རྒྱུ་བྱུང་ན་དགའ་སྤྲོ་ལས་མི་འདུག།

གཉེན་ཉེ་མང་དུ་འཛོམས་པ་སྡུག་བསྔལ་གྱི་སྣོན་མ།།
རྒྱུ་ནོར་མང་དུ་འབྱོར་བ་སེམས་འཁྲལ་གྱི་གཞི་མ།།
སྣང་བ་འགལ་འདུར་རྟོགས་པའི་ཤེས་རབ་ཀྱི་མཛའ་གྲོགས།།
གཏན་དུ་འགྲོགས་པའི་ཐབས་ཤེས་ད་ལྟ་ནས་འཚོལ་དགོས།།

མ་བཙལ་ངང་གིས་རྙེད་པ་རྙོག་འཛིང་གི་བདུད་མོ།།
བཙལ་ཡང་མཇལ་བར་དཀའ་བ་གནས་ལུགས་ཀྱི་ལྷ་མོ།།
བུ་ངས་འབད་འབད་མཐའ་དག་ཁྱེད་ཕྱིར་དུ་ཡིན་ན།།
ལྷ་མོ་ཁྱེད་ཀྱིས་དགྱེས་འཛུམ་སྔ་མྱུར་དུ་སྟོན་ཤོག།

རི་འདབས་མེ་ཏོག་སྟོན་གྱི་བ་མོ་ཡིས་བཅོམ་སོང་།།
རི་སྐད་ལྗང་ལོ་ཐམས་ཅད་སེར་ཐིག་གིས་ལྷུང་ཉེ།།
རི་མགོ་གངས་ཀྱིས་འཛིན་པའི་སྟོན་ཚིགས་དང་འགྲོགས་ཏེ།།
རི་འཁྱམས་ལྡོམ་པོ་དེ་ཡིས་གླུ་སྐད་འདི་ཐལ་ལོ།།

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/9/11 བལྟ་ཀློག (2839)