དགུན་ཁའི་འཆར་སྣང་།
ཐེ་བོ་དཀོན་སེང་།
དགུན་གྱི་དུས་ཚིགས་བསླེབས་བྱུང་།།
ལྕང་མའི་ལོ་མ་འཐོར་སོང་།།
ཆུ་ལ་དར་ཁ་ཆགས་སོང་།།
ས་ལ་གས་ཆག་གཏོད་བྱུང་།།
ཟླ་བ་སྤྲིན་པས་གཡོགས་སོང་།།
རི་ལུང་སྨུག་པས་བཀབ་སོང་།།
དགུན་གྱི་རྒྱལ་མོ་འདི་ལ།།
སྙིང་རྗེ་བསམ་པ་མི་འདུག།
ཁ་བས་ཡུལ་ཁ་མནན་སོང་།།
ལྷགས་རླུང་འཚུབ་མ་ལྡང་བྱུང་།།
འཇགས་མས་ཤིག་གླུ་གྱེར་བྱུང་།།
བཙག་བསེར་འཇབ་ནས་རྒོལ་བྱུང་།།
ཁྱུང་ཆེན་ཤར་ལ་འཕུར་སོང་།།
ཁུ་བྱུག་མོན་ལ་མཆིས་སོང་།།
ང་དང་འཇོལ་མོ་གཉིས་ཀ།
གྲང་ངར་ཁྲོད་ན་ལྷག་ཡོད།།
ཉི་མ་ཡིན་ན་ཤར་ཤོག།
མེ་ལྕེ་ཡིན་ན་འབར་ཤོག།
དྲོད་རླངས་ཡོད་ན་ཐོངས་ཤོག།
བསིལ་རེག་མཚོན་ཆའི་ཐུ་རེད།།
ངོ་ཆེན་མགྲོན་ལ་བྱོན་སོང་།།
རྒྱུ་ཆེན་གནས་བསྐོར་བུད་སོང་།།
ངོ་མེད་རྒྱུ་མེད་གཉིས་ཀ།
བསིལ་རེག་ནང་ན་འདར་བྱུང་།།
ཟས་ལ་བྲོ་བ་མི་འདུག།
གཉིད་ལ་རྨི་ལམ་མ་མཆིས།།
སྡུག་ན་སྐྱོ་རོགས་མི་འདུག།
མགོན་ཞིག་ཡོད་ན་སྐྱོབ་རན།།
བྱ་རྒོད་ཡིན་ན་བསམ་བྱུང་།།
བྱེའུ་ཕྲུག་ཡིན་ན་འདོད་བྱུང་།།
ཚ་བའི་ལུང་བ་གང་དེར།།
འཕུར་རྒྱུ་བྱུང་ན་བསམ་བྱུང་།།
མི་ལ་རྒྱུ་འབྲས་མེད་པས།།
སྐྱོབ་པའི་རེ་བ་མེད་ལ།།
ལྷ་ལ་སྙིང་རྗེ་མངའ་བས།།
བུ་ལ་ལམ་སྐྱེལ་མཛད་རོགས།།
|