ཐུའུ་ཀྭན་བློ་བཟང་ཆོས་ཀྱི་ཉི་མ།

     ཁོང་ནི་ཨ་མདོ་ཕོ་རོད་ལང་གྲུའི་ཕྱོགས་ཕུན་ཚོགས་གླིང་ལུང་བར་པྲ་སྟིའི་རིགས་སུ་ཡབ་དབང་སྐྱབས་རྒྱལ་དང་ཡུམ་བ་རི་བཟའ་ཆོས་མཚོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་སྤྱི་ལོ1737ལོར་འཁྲུངས། རྒྱ་བོད་གཉིས་ཀྱི་མི་སྣ་མང་བོར་བཀའ་ཆོས་མང་དུ་བསྩལ་ནས་མཐར་དགུང་ལོ་རེ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཁྱི་སྤྱི་ལོ1802ལོར་སྐུ་གཤེགས་སོ། །
     དགུང་ལོ་དྲུག་པ་ཆུ་ཁྱི་ལོར་སྐུ་གོང་མ་ངག་དབང་ཆོས་ཀྱི་རྒྱ་མཚོའི་ཁྲིར་འཁོད། བདེ་རྒུ་ངག་དབང་དགེ་ལེགས་རྒྱ་མཚོའི་དྲུང་དུ་དགེ་བསྙེན་བསྒྲུབས། དམར་གཙང་དཔོན་ཆུང་བློ་བཟང་ཆོས་འཛིན་ལས་ཡི་གེ་བསླབས། དགུང་ལོ་བཅུ་གཅིག་པ་རབ་བྱུང་བཅུ་གསུམ་པའི་མེ་ཡོས་སྤྱི་ལོ1747ལོར་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ལས་རབ་ཏུ་བྱུང་། དགོན་ལུང་བྱམས་པ་གླིང་གི་ཆོས་གྲྭར་ཞུགས། སྐྱེས་སྦྱངས་ཀྱི་མཁྱེན་རབ་ཐོགས་པ་མེད་པའི་སྟེང་དུ་རྟག་གུས་སྦྱོར་བའི་བརྩོན་པ་དྲག་པོས་གསན་སྦྱོང་ལྷུར་བཞེས་པས། རྣམ་དཔྱོད་ཀྱི་རྩལ་དབྱར་གྱི་ཆུ་གཏེར་བཞིན་གོང་དུ་འཕེལ།
     ཁོང་དགུང་ལོ་བཅུ་དགུ་བ་ཤིང་ཕག་སྤྱི་ལོ1755ལོར་དབུས་གཙང་ཆོས་ཀྱི་མདུན་སར་ཕེབས། འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས། ཀུན་མཁྱེན་འཇིགས་མེད་དབང་བོ་ལས་ལུང་ཆོས་མན་ངག་མཐའ་ཡས་པ་གསན། ཕུར་བུ་ལྕོག་ཏུ་བླ་མ་བྱམས་པ་རིན་པོ་ཆེ་ལས་འཇམ་དབྱངས་ཞལ་ལུང་དང་བདེ་ལམ་གྱི་ཟབ་ཁྲིད། བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད་རེས་མོས་གནང་བ་གསན་ཞིང་། ཉེར་གཅིག་པ་མེ་གླང་སྤྱི་ལོ1757ལོར་རྗེ་དེ་ལས་བསྙེན་རྫོགས་བསྒྲུབས། ལོ་འདིར་ལྕང་སྐྱ་རིན་པོ་ཆེ་དབུས་སུ་ཕེབས་པར་བཀའ་ཆོས་རྒྱ་ཆེ་བ་གསན། གཞན་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། སྟག་ཕུ་བཞད་པའི་རྡོ་རྗེ། འབྲུ་ལ་མཁན་ཆེན་ཡེ་ཤེས་བསྟན་སྒྲོན། བ་རི་ངག་དབང་དོན་གྲུབ་སོགས་མཁས་པ་མང་བོ་ལས་གསན་པ་ཕུལ་ཕྱིན་མཛད། རྟག་སྦྱོར་དང་། གུས་སྦྱོར་གྱི་བརྩོན་པ་དྲག་པོས་གསན་སྦྱོང་ལྷུར་བཞེས་པས་མཁྱེན་རབ་དང་རྣམ་དཔྱོད་ཀྱི་རྩལ་ལ་འགྲན་པའི་ཟླ་དང་བྲལ་བར་གྱུར། གཞན་ཡང་སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། སྐར་རྩིས་སོགས་ཐ་སྙད་རིག་གནས་ཀྱི་སྐོར་ལའང་སྦྱངས་པ་མཐར་སོན།
     ཁོང་དགུང་ལོ་ཉེར་གསུམ་པ་ས་ཡོས་སྤྱི་ལོ1759ལོར་གཞུང་ནས་ཞ་ལུ་མཁན་པོར་བསྐོས། དགུང་ལོ་ཉེར་ལྔ་བ་ལྕགས་སྦྲུལ་སྤྱི་ལོ1761ལོར་མདོ་སྨད་དུ་ཕེབས། སུམ་པ་མཁན་ཆེན་སོགས་བླ་སློབ་ཀྱི་ཐུགས་བཞེད་ལྟར་དགོན་ལུང་གི་ཁྲིར་བཞུགས། མེ་ཕག་སྤྱི་ལོ1767ལོར་རྒྱ་ནག་པེ་ཅིང་དུ་ཕེབས། དཔོན་དམངས་ལ་བཀའ་ཆོས་གནང་། གོང་མས་འདི་ལ་ཧོ་ཐོག་ཐུའི་གོ་ས་དང་ཆན་བཞིའི་ལུང་ལས་ཕུལ། དགུང་ལོ་སོ་གཉིས་པར་རང་དགོན་དུ་ཕེབས། དགུང་ལོ་ལྔ་གཅིག་པ་མེ་ལུག་ལོར་བྱ་ཁྱུང་གི་མཁན་རབས་ཞེ་གཉིས་པའི་ཁྲི་ལ་ཕེབས་ཏེ་ལོ་ངོ་གསུམ་བསྐྱངས། དགུང་ལོ་ང་གསུམ་པར་སྐུ་འབུམ་བྱམས་པ་གླིང་གི་ཁྲིར་བཞུགས། དགེ་འདུན་རྣམས་ཀྱི་འཆད་ཉན་ཡར་ངོའི་ཟླ་ལྟར་འཕེལ། རྗེ་འདི་ཉིད་ཀྱིས་དགོན་སྡེ་མང་དུ་ཕྱག་བཏབ། བྱིན་ཅན་གྱི་རྟེན་མང་དུ་བཞེངས། རིས་མེད་ཀྱི་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པའོ། །
     ཁོང་གི་བཀའ་རྩོམ་ལ་མཚོན་ན། 《ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་བོའི་རྣམ་ཐར》དང《ཐུའུ་བཀྭན་གྲུབ་མཐའ》《བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་གངྒཱའི་ཆུ་རྒྱུན》《གདུགས་དཀར་བཟློག་ཆེན་རྒྱས་པ་དང་འབྲིང་བོའི་ལག་ལེན་ཆོ་གའི་རིམ་པ་བཀྲ་ཤིས་ཀུན་འབྱུང》《རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་དམིགས་རིམ་ཤིན་ཏུ་ཟབ་པ་བདེ་ཆེན་ལམ་གྱི་སྙིང་བོ》《རྩིས་ཀྱི་བསྟན་བཅོས་མཁས་པའི་སྙིང་ནོར》སོགས་པོད་ཆུང་བཅོ་ལྔ་ཙམ་མཛད་པའོ། །

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/12/15 བལྟ་ཀློག (32671)